འཚམས་འཕྲིན།
བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་སྔར་སྲོལ་ལུང་དགོངས་ཇི་བཞིན་མཆོག་གསུམ་དམ་ཅན་རྒྱ་མཚོར་བདེན་བདར་གྱིས་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པའི་ངོ་མཚར་རྟགས་སྒྲིལ་དུ་བབས་པ་ལྟར། ད་ལམ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དངོས་སུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་དུ་༸རྒྱལ་བ་སྨན་རི་བའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུ་བཞིན་པར་འདི་ག་གཡུང་དྲུང་བོན་གྱི་གདན་ས་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ལྷ་ཕྱག་གྲངས་མེད་ཀྱིས་འཚམས་ཞུ་དང་འབྲེལ། སྟོན་མཆོག་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེ་མཆོག་ནས་བཟུང་༸སྐྱབས་རྗེ་མཁན་སློབ་གོང་མའི་བར་བརྒྱུད་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་མདོ་སྔགས་རྫོགས་གསུམ་གྱི་གཡུང་དྲུང་བོན་བསྟན་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་ནུབ་མེད་དུ་བསྐྱང་ཞིང་མཐའ་རུ་ཕྱིན་པ་དང་། མཐའ་ཡས་འགྲོ་ཁམས་གདུལ་བྱའི་མགོན་སྐྱབས་ཆེན་མོ་རུ་སྐུ་ཚེ་ཞབས་པད་མི་འགྱུར་གཡུང་དྲུང་གི་ཁམས་སུ་བརྟན་ཅིང་བཞུགས་པའི་གསོལ་འདེབས་སྨོན་ལམ་རྩེ་གཅིག་ཏུ་ཞུ།
ཞེས་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་སྤྱི་ནས།
ཕྱི་ལོ་ ༢༠༡༨ ཟླ་ ༠༢ ཚེས་ ༡༨ དགེ་བའི་ཉིན་མོ་ཕུལ།