རབ་བྱུང་ན་གཞོན་སྐྱེད་བསྲིང་གི་བཟང་སྤྱོད་སློབ་གསོའི་སྐོར།
རྩོམ་པ་པོ། ཁྱུང་བཙུན་སྟོང་ཉིད་དབང་མོ། རཏྣ་སྨན་གླིང་།
རབ་བྱུང་ཕོ་མོ་ན་གཞོན་ཞིག་ཡིན་ཕྱིན་ཡ་རབས་སྤྱོད་བཟང་ལྡན་པ་དང་ལྷག་པར་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དམ་ཆོས་འདུལ་བ་དང་མཐུན་ཞིང་ཉམ་ཆུང་ཚུལ་མཐུན་ཅན་གྱི་བག་ཆགས་བཟང་པོ་གཏིང་ཟབ་ཅིག་སྔོན་འགྲོའི་སློབ་སྦྱོང་གི་སྐབས་སུ་ཇི་ལྟར་བསྒོ་བའི་ཐབས་ལམ་དང་བསམ་བློའི་སློབ་གསོ་འབུལ་སྟངས།
གཤེན་བསྟན་མི་ནུབ་རྒྱལ་མཚན་མཁའ་རུ་སྒྲེང་།།
བསླབ་གསུམ་དྲི་མེད་པད་ཚལ་རྒྱས་མཛད་པའི།།
རྒྱལ་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི།།
འདུལ་བསྟན་རྒྱུད་འཛིན་རྣམས་ལ་གུས་པས་འདུད།།
ཅེས་སྐྱབས་གནས་གོང་མ་རྣམས་ལ་མཆོད་བརྗོད་དད་པའི་མཆོད་པ་སྔོན་དུ་བཏང་ནས་ད་ལན་གུས་མོའི་བརྗོད་བྱ་ནི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གིས་ན་གཞོན་རབ་བྱུང་ཕོ་མོ་དག་ལ་དམ་ཆོས་འདུལ་བ་དང་མཐུན་པའི་བསམ་བློའི་སློབ་གསོ་སྐོར་ལ་བརྗོད་བྱ་མི་འདྲ་བ་ཁག་བཅུ་བདུན་ཅན་ཞིག་གཏན་འབེབས་བྱས་པའི་ནང་ནས་“རབ་བྱུང་ཕོ་མོ་ན་གཞོན་ཞིག་ཡིན་ཕྱིན་ཡ་རབས་སྤྱོད་བཟང་ལྡན་པ་དང་ལྷག་པར་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དམ་ཆོས་འདུལ་བ་དང་མཐུན་ཞིང་ཉམ་ཆུང་ཚུལ་མཐུན་ཅན་གྱི་བག་ཆགས་བཟང་པོ་གཏིང་ཟབ་ཅིག་སྔོན་འགྲོའི་སློབ་སྦྱོང་གི་སྐབས་སུ་ཇི་ལྟར་བསྒོ་བའི་ཐབས་ལམ་དང་བསམ་བློའི་སློབ་གསོ་འབུལ་སྟངས་སྐོར་ཡིན་པས། བདག་ལ་མཚོན་ན་བརྗོད་བྱ་འདི་ལྟ་བུ་ཞིག་གི་ཐོག་ནས་གཞན་ལ་ཡ་རབས་བཟང་སྤྱོད་དང་ལུས་ངག་གི་སྤྱོད་ལམ་སོགས་བསམ་བློའི་སློབ་གསོ་སྤྲོད་རྒྱུའི་ཡོན་ཏན་གྱི་གནས་ཚད་དང་སྤྱོད་ལམ་གྱི་ཆ་གང་ཅིའི་ཐད་ནས་མ་འདངས་པ་མ་ཟད། ལྷག་པར་དུ་ནང་པའི་ལྟ་གྲུབ་ཀྱི་གཞུང་ལ་ཐོས་བསམ་ཉམས་ལེན་གྱི་སྦྱང་བརྩོན་ཞན་པས་དཔྱད་སྟོབས་ཤེས་རབ་ཀྱི་མིག་གཉིས་ཟུམ་པའི་སློབ་མའི་གྲལ་མཐར་་འཛིན་པ་ཙམ་ལས་ཤེས་འཇོན་གཉིས་ཀར་དབུལ་བའི་གུས་མོ་ནི། སྤྱི་ཚོགས་ཀྱི་ཡོན་ཏན་དང་འགྲོ་སྟངས་ལ་མཐོང་རྒྱ་ཆུང་བའི་ཁྲོམ་པའི་ནང་གི་སྦལ་པ་ལྟ་བུ་བཟང་སྤྱོད་དང་ཡོན་ཏན་ཅི་ཡང་མེད་པའི་བཙུན་མའི་གྲལ་མཐར་ཞུགས་པའི་བཙུན་མ་ཞིག་གིས་གཞན་དག་ལ་བསམ་བློའི་སློབ་གསོ་སྤྲོད་རྒྱུ་ཡོད་བསམ་པ་ནི་མཁས་པ་དག་གིས་ཁྲེལ་བགོད་བྱེད་ས་དང་གཉེན་ཉེ་དག་ནི་ངོ་ཚའི་གནས་སུ་ལྷུང་རྒྱུ་མ་གཏོགས་གཞན་ཕན་པ་གང་ཡང་འབྱུང་མི་སྲིད། ཇི་སྐད་དུ། “རང་ཉིད་གར་འགྲོ་མི་ཤེས་ཚེ་འདས་ལམ་སྟོན་” ཟེར་བ་ནང་བཞིན་ལས་མ་འདས་ཀྱང་། ད་ལམ་གཞན་དང་མ་འདྲ་བ་ས་གསུམ་ན་འགྲན་ཟླ་བྲལ་བའི་མཁས་པའི་དབང་པོ་རྗེ་ཙང་ཁ་པ་བློ་བཟང་གྲགས་པ་མཆོག་འདས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་སྲུང་བརྩིའི་ཆེད་དུ་ངེད་རཏྣ་སྨན་གླིང་ལ་དཔྱད་རྩོམ་འབྲི་རྒྱུའི་གོ་སྐབས་བཟང་པོ་འདི་ལྟ་བུ་ཞིག་གནང་བ་ནི་གཙིགས་ཆེན་དུ་བཟུང་དགོས་པ་མཐོང་བ་དང་། ལྷག་པར་དུ་གུས་མོའི་མཆེད་གྲོགས་རྣམས་ཀྱིས་ད་ལན་དཔྱད་རྩོམ་དེ་ཁྱེད་རང་གིས་འབྲི་དགོས་ཞེས་བསྐུལ་མ་ཡང་ཡང་བྱས་པ་ལ་བརྟེན་ནས་ཁོང་རྣམ་པའི་བཀའ་ལ་གྱེན་ཟློག་མ་ནུས་པར་དཔྱད་རྩོམ་འདི་ངས་འབྲི་ཁུལ་བྱས་པ་ཞིག་ཡིན། སྤྱིར་བཏང་གུས་མོ་ནི་དཔྱད་རྩོམ་འབྲི་རྒྱུའི་མ་རྩ་སུམ་རྟགས་དག་གསུམ་གྱི་རྨང་གཞི་དང་འགྲོས་སོགས་ཧ་ཅང་ཞན་པ་དང་དཔྱད་རྩོམ་འབྲི་བའི་ཉམས་མྱོང་དེ་བས་ཀྱང་ལར་ནི་མེད་པས། དེར་བརྟེན་དཔྱད་རྩོམ་འདི་དེང་རབས་ན་གཞོན་རབ་བྱུང་ཕོ་མོ་སོགས་ལ་འདུལ་བའི་ཁྲིམས་དང་སྤྱོད་ལམ་གྱི་བསླབ་བྱ་དང་སློབ་གསོ་སོགས་སྤྲོད་རྒྱུའི་སྤོབས་པ་དང་ཡོན་ཏན་གྱི་ཆུ་ཚད་མ་འདངས་པས། ་ད་ལན་དཔྱད་རྩོམ་འདི་གཞན་ལ་སློབ་གསོ་སྤྲད་རྒྱུ་ཕར་ཞོགས་ཕྲན་རང་ཉིད་ལ་བསམ་བློའི་གོ་རྟོགས་ཞན་པས་དཔྱད་རྩོམ་འདི་མགོ་རྔ་མེད་པ་གང་དྲན་གྱི་གཏམ་འཆལ་ཤོག་ལྷེ་དུ་མ་ཞིག་ཆགས་སོང་པས་ཁྱེད་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་སློབ་དང་ལས་ཀྱི་སྣེ་མོ་བ་ཡོངས་ཀྱི་ཐུགས་དགོངས་ཇི་ལྟར་སྒྲུབ་ཐུབ་མ་སོང་པས་བཟོད་གསོལ་སྙིང་ནས་ཞུ། སྐབས་འདིར་རང་ཉིད་ཀྱིས་བཤད་རྒྱུ་ནི་གཞན་ལ་བསམ་བློའི་སློབ་གསོ་འམ་བསླབ་བྱའི་ངོ་བོ་མ་ཡིན་ཡང་རང་ཉིད་རབ་བྱུང་བ་ཞིག་ཡིན་པའི་ཆ་ནས་རབ་ཏུ་བྱུང་བ་ཞེས་པ་གང་འདྲ་ཞིག་དགོས་མིན་རང་ཉིད་ཀྱིས་མྱོང་ཚོར་རམ་བསམ་ཚུལ་ཙམ་ཞུ་སྙིང་འདོད། དེ་ལ་དང་པོ་རབ་ཏུ་བྱུང་བའི་གང་ཟག་ཅིག་ཡིན་ཕྱིན་ཆ་རྐྱེན་མེད་དུ་མི་རུང་བ་ལྟ་བུའི་དོན་རྣམ་པ་དུ་མ་ཞིག་ངེས་པར་དུ་ཚང་དགོས་པ་ཡིན་ཏེ། རབ་བྱུང་བར་བྱེད་པ་ལ་དང་པོ་རྒྱུ་དད་པ་དང་སྐྱབས་འགྲོ་བྱམས་པ་སྙིང་རྗེ། རྐྱེན་ལྷག་བསམ་དང་བཟང་སྤྱོད་གཞན་ཕན་དམིགས་ཡུལ་དང་། དགོས་པ་ཕྱིན་ཅི་མ་ལོག་པ་ལྷག་པར་དུ་འདུལ་བའི་གཞུང་དང་མཐུན་པའི་རབ་བྱུང་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་སོགས་མཐའ་གཉིས་སུ་མ་ལྷུང་པའི་ཆ་རྐྱེན་འདི་དག་ཐོག་མར་ཚང་དགོས་པའམ་བསམ་བློའི་རྨང་གཞི་བཟུང་བའི་ཐོག་ནས་གང་ཟག་ཕོ་མོ་སུ་ཞིག་ཡིན་རུང་རབ་ཏུ་བྱུང་བ་དེ་ནས་བཟུང་ཇེ་སྲིད་འཚོ་བའི་འདུ་ཤེས་མ་བཏང་གི་བར་དུ་ནོར་ཉེས་འཕྱུག་གསུམ་མེད་པ་ཡིད་ལ་འཆོང་རྒྱུ་གལ་ཆེ་སྟེ། དེ་ལ་དང་པོ་རབ་ཏུ་བྱུང་བ་གང་ཞིག་གི་རྒྱུ་དང་། ངོ་བོ་དང་། རབ་ཏུ་བྱུང་བའི་དམིགས་ཡུལ་འམ་དགོས་པ། ལྷག་པར་དུ་འདུལ་བ་དང་མཐུན་པའི་རབ་བྱུང་བའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་སོགས་གང་དགོས་མིན་སྡེ་ཚན་ནམ་ས་བཅད་རྣམ་པ་བཞི་ཡི་སྒོ་ནས་རོབ་ཙམ་ཞིག་འཆད་རྒྱུའི་སྤྲོ་བ་བརྟས།
དང་པོ་རབ་ཏུ་བྱུང་བ་གང་ཞིག་གི་རྒྱུ་ནི།
སྤྱིར་བཏང་རབ་ཏུ་བྱུང་བ་ཡིན་མིན་ལ་མ་ལྟོས་པ་ནང་པར་གཤེན་རབ་པའི་གྲུབ་མཐའི་སྒོར་ཞུགས་པའི་གང་ཟག་ཞིག་ཡིན་ཕྱིན་ཆད་ཡང་དག་པའི་དད་པ་དང་སྐྱབས་འགྲོ་སེམས་བསྐྱེད་སྙིང་རྗེ་སོགས་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྩ་བ་ཡིན་པས་ཐོག་མར་རྒྱུད་ལ་སྐྱེ་དགོས་པ་གལ་ཆེ། དེ་ཡང་དང་པོ་དད་པ་མེད་ན་དགེ་བའི་ཡོན་ཏན་གང་ཡང་མི་འཆར་པར་དཔེར་ན་ས་བོན་རུལ་བ་ལས་མྱུ་གུ་མི་འཁྲུངས་པ་དང་། བ་སྐམ་ལས་བེའུ་མི་བསྐྱེད་པ་ནང་བཞིན་ཡིན་ཏེ། བླ་ཆེན་པོ་དྲན་པ་ནམ་མཁས་མཛད་པའི་དྲང་དོན་མུན་སེལ་སྒྲོན་མ་ལས་”དད་པ་མེད་པའི་སྐྱོན་ནི། རྒྱ་མཚོ་གཏིང་གི་ཕ་བོང་གཉན་པ་མེད་པའི་གྲུ་དང་འདྲ། ལོང་བ་ལྷ་ཁང་ཕྱིན་འདྲ་ས་བོན་མེས་ཚིག་འདྲ། སྤྱང་མོ་འཁོར་དོང་ཚུད་དང་ལག་རྡུམ་གསེར་གླིང་ཕྱིན་དང་འདྲ།” ཞེས་གསུངས་པས་དད་པ་ནིི་ཆོས་ཀྱི་རྩ་བའམ་རུ་མ་ལྟ་བུ་ཡིན་པས་དེ་མེད་ན་དམ་པ་མདུན་ལ་བཞུགས་ཀྱང་ངོ་མི་ཤེས་ཟེར་བ་ནང་བཞིན་དུ་མ་སོང་བར་དད་ཡུལ་ངོས་ཟིན་པའི་ཐོག་ནས་དད་པ་ནི་ཆོས་ཀྱི་རྩ་བ་ཡིན་པས་དགེ་བ་ཅི་བྱས་ཀྱང་དད་པའི་གྲོགས་སུ་བརྟེན་པ་གལ་ཆེན་དུ་བརྩེ་དགོས་པ་མཐོང་ངོ་། དེ་བཞིན་དུ་རང་ཉིད་ཀྱི་དད་པའི་སྐྱབས་ཀྱི་ཡུལ་མཆོག་དམ་པ་རྣམས་ལ་སྐྱབས་སུ་འགྲོ་དགོས་པ་གལ་ཆེ་ཡང་དེའི་ནང་ནས་རང་ཉིད་ལ་ཁ་ཚ་དགོས་གཏུགས་སུ་ཕན་པའི་བྱ་བ་དུས་ཐོག་གི་ཆར་དང་ནད་ཐོག་གི་སྨན་ཟེར་བ་ལྟར་སངས་རྒྱས་ཀྱི་བཀའ་རྒྱུད་ལུང་མན་ངག་གི་གདམས་ངག་བདུད་རྩིའི་ཡོངས་བཅུད་ཀྱི་བྱིན་རླབས་ཐམས་ཅད་ཚན་ཁ་མ་ཡལ་བ་དུས་རྒྱུན་པར་རིན་མེད་དུ་རང་གི་ཁ་ལ་སྦྱིན་མཁན་བཀའ་དྲིན་གཞལ་ཟླ་བྲལ་བའི་འཆད་ཁྲིད་ཀྱི་དགེ་རྒན་རྣམས་དང་། བསླབ་གསུམ་ཚུལ་ཁྲིམས་གཙང་མའི་དར་དཀར་གྱི་སྡོམ་པ་ལ་ཉམས་ཤོར་གྱི་དྲི་ཁ་མ་འགོས་པར་རང་རྒྱུད་ལ་ལྷད་མེད་དུ་བསྩོལ་མཁན་བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་རྣམས་ནི་དད་པས་སྤྱི་བོའི་གཙུག་ཏུ་དཀུར་བར་འོས་ཏེ། སངས་རྒྱས་གཤེན་རབ་མི་བོའི་ཞལ་ནས། “བླ་མའི་བཀའ་དྲིན་ལན་གྱིས་འཁོར་ཐབས་མེད། རྒྱལ་ཁམས་གསེར་གྱིས་བཀང་ནས་ཕུལ་བྱུང་ཡང་། བ་སྤུ་ཉག་གཅིག་ཏིལ་གྱིས་བྱུགས་པ་ཙམ། དེ་བས་དེ་ལས་རྩིས་དང་གྲངས་སུ་མེད།” ཅེས་གསུངས། ཡང་བླ་ཆེན་པོ་དྲན་པ་ནམ་མཁའི་ཞལ་ནས། “ནོར་བུ་ལྟ་བུ་གཙུག་གི་རྒྱན་དུ་དཀོན། མ་རིག་མུན་སེལ་སྣང་གསལ་སྒྲོན་མེ་མཆོག སྐུ་གསུམ་འབྱུང་གནས་དཔོན་གསས་བླ་མ་ལ། གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆིའོ།” ཞེས་དང་། རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ལས། “སྤྱིར་ནི་དུས་གསུམ་བདེ་བར་གཤེགས། སྔ་རབས་འདས་དང་ཕྱི་རབས་བྱོན། ད་ལྟ་བཞུགས་དང་འགྲོ་དོན་མཛད། འདུལ་བྱ་འཕྲིན་ལས་ཞིང་ཁམས་བཀོད། འགྲོ་བའི་དཔལ་དུ་གྱུར་པ་རྣམས། བྱོན་ཚུལ་བླ་མ་དག་ལ་བསྟེན། མཛད་ཚུལ་རང་མཐུན་ཆ་ལུགས་མཛད། དེས་ན་འགྲོ་བའི་དོན་དུ་བྱོན། བླ་མ་མེད་པའི་གོང་རོལ་ནས། སངས་རྒྱས་བྱ་བའི་མིང་ཡང་མེད། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། བླ་མའི་གཟུགས་སུ་བསྟན་ཏེ་བྱོན། དེ་ཕྱིར་བླ་མ་གཙོ་རུ་ཆེ།” ཞེས་དང་། ཇི་སྐད་དུ། “བཀའ་རྒྱུད་བྱིན་རླབས་རང་གི་དད་པས་ལེན།” རྣམ་པར་རྒྱལ་བའི་གཟུངས་ལས། “གང་ཞིག་མོས་པའི་ཡིད་བྱེད་པ། དེ་ཡི་མདུན་དུ་གཤེན་རབ་བཞུགས།” ཞེས་དང་། རྒྱུད་འགྲེལ་ལས། “དད་པ་མེད་ན་ས་བོན་རུལ་བ་དང་འདྲ་བྱང་ཆུབ་ཀྱི་མྱུ་གུ་སྨིན་པའི་ཐབས་མེད། དད་པ་ལོག་ན་ས་བོན་མེས་ཚིག་པ་དང་འདྲ་ཡོན་ཏན་གཏན་ནས་མི་སྐྱེ། དད་པ་འགྱུར་ན་ལོ་ཐོག་ལ་བཙྭའ་སད་ཕོག་པ་དང་འདྲ་དགེ་བ་མཐར་མི་ཕྱིིན།” ཞེས་དང་། འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་ཞལ་ནས། “བླ་མ་སངས་རྒྱས་སུ་སྒོམས་ན་གདམས་ངག་བདུད་རྩི་འབྱུང་། བླ་མ་ཐ་མལ་དུ་སྒོམས་ན་གདམས་ངག་ཟས་སྐོམ་འབྱུང་། བླ་མ་ཁྱི་རུ་སྒོམས་ན་གདམས་ངག་བཀྲུས་བཤལ་འབྱུང་།” ཞེས་སྔོན་བྱུང་སྐྱེས་ཆེན་རྣམས་ཀྱིས་རྣམ་ཐར་ལས་གདམས་ངག་གསེར་དང་འདྲ་བ་བརྗོད་དུ་མི་ལོངས་བ་མཇལ་རྒྱུ་འདུག་པས་དེ་དག་ལ་ང་ཚོ་གཞོན་སྐྱེས་རྣམས་ཀྱིས་གཟིགས་ཀློག་གང་མང་གནང་ཐུབ་ན་ཁོང་རྣམ་པའི་མཛད་རྗེས་ལ་ཡི་རངས་དང་རང་ཉིད་ལ་དད་པ་ཁྱད་པར་ཅན་དེ་འདྲ་སྐྱེ་བ་ལ་ཐེ་མི་ཚོམ། སྤྱིར་བོད་བསྟན་སྲིད་དང་སྒོས་སུ་ངེད་ཅག་བོན་འབངས་ཡོངས་ལ་བཀའ་དྲིན་ཆེ་བའི་བདག་གི་བླ་མ་སྐྱབས་རྗེ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་རྒྱུན་དུ་ངེད་ཅག་ལ་བཀའ་སློབ་བསྩལ་དོན། “རང་ཉིད་ལ་ཀ་ཁ་སློབ་མཁན་ཡན་ཆད་ནས་རང་གི་རྩ་བའི་བླ་མའི་འདུས་ཤེས་འཇོག་དགོས་རེད། དེ་ནི་ཁྱེད་ཚོའི་ཁ་ལ་ཟད་མེད་ཀྱི་ཡོན་ཏན་བླུགས་ཀྱིན་ཡོད་རེད། ཁྱེད་ཚོའི་དོན་ངོ་མ་རྩ་བའི་བླ་མ་དེ་རང་ཉིད་ལ་ཡོན་ཏན་སློབ་མཁན་དགེ་རྒན་དག་རེད།” ཅེས་གསུངས་མྱོང་ཡོད་པས། ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་སྐྱེ་བ་ད་ལྟ་ལས་སྐྱེ་བ་ཕྱི་མ་གཙོ་བོར་ཁས་ལེན་མཁན་ཞིག་ཡིན་ཙང་སངས་རྒྱས་པའི་ཆོས་ལ་དད་པ་དང་ཡིད་ཆེས་སེམས་ཅན་ལ་སྙིང་རྗེ་དང་བྱམས་པ་གཙོ་བོར་བཟུང་ནས་རང་གི་རྩ་བའི་བླ་མ་དང་དགེ་རྒན་དག་ལ་ཆེས་བརྩི་བཀུར་དང་དད་པ་ཆེ་མཐོང་སོགས་བྱེད་རྒྱུ་གལ་འགངས་ཆེ་བ་སྐྱེས་མཆོག་དམ་པ་རྣམས་ཀྱིས་གསུང་རབ་ལས་མཁྱེན་ནུས། སྤྱིར་བཏང་ང་ཚོའི་སྤྱོད་ལམ་ཡིན་ན་འདྲ་ཟ་ཉལ་འགྲོ་འདུག་གང་གི་ཆ་ནས་ཕྱི་གླིང་བ་དང་མཐུན་ཐབས་མེད་པ་ཞིག་རེད་ལ། མཐུན་དགོས་པའི་རྒྱུ་མཚན་གང་ཡང་ཆེ་བར་མ་མཐོང། ང་ཚོ་ནང་ཆོས་ཁས་ལེན་མཁན་ཞིག་ཡིན་པའི་ཆ་ནས་བླ་སློབ་བར་ཡིན་ན་འདྲ་དགེ་སློབ་ཆོས་གྲོགས་བར་གྱི་དམ་ཚིག་གཙོ་རུ་འཛིན་ནས་དད་སེམས་དང་བརྩི་བཀུར་ཆེ་མཐོང་སོགས་བྱེད་དགོས་པ་ནི་ཆོས་ཀྱི་ཉམས་ལེན་རླབས་པོ་ཆེ་འབྱུང་བའི་གྲོགས་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད་བོད་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་བྱ་སྤུ་གནོན་གྱི་ཚུལ་དུ་ཆེ་འོག་ཆུང་འདུག་དང་བསླབ་པ་རྒན་གཞོན་ཞེས་ཆོས་དང་སྲིད་གང་གི་ཆ་ནས་ཡིན་ན་ཐུན་མིན་གོ་རིམ་ཡོད་པ་སྒྲིག་གསོལ་དང་ལྡན་པ་འདི་ནི་ད་ལྟའི་རྒན་རབས་རྣམས་ཀྱི་བར་ངག་རྒྱུན་དང་ལུགས་སྲོལ་གྱི་གོམས་གཤིས་བཟང་པོ་ཞིག་གནས་བསྡད་པ་ནི་ང་ཚོ་གཞོན་སྐྱེས་རྣམས་ཀྱིས་ཡི་རངས་དང་བསྔགས་བརྗོད་བྱེད་འོས་པར་མཐོང་ལ། མ་འོངས་པ་ང་ཚོ་གཞོན་སྐྱེས་རྣམས་ཀྱིས་སྲོལ་རྒྱུན་འདི་དག་མ་ཉམས་པར་རྒྱུད་འཛིན་ཐུབ་ཡ་ལ་དགོངས་པ་ཆེ་བཞེས་གནང་དགོས་པའི་གནད་གལ་ཆེན་ཞིག་ཏུ་མཐོང་ངོ་། དེས་ན་སངས་རྒྱས་གོ་འཕང་འཐོབ་པའི་ཐབས་སམ་རབ་བྱུང་པའི་རྒྱུ་ཁྱད་པར་ཅན་ནི་དད་པ་ཡིན་པས་རབ་བྱུང་ཕོ་མོ་ན་གཞོན་དག་གི་རྒྱུད་ལ་དང་པོ་ཆུང་བྱིས་པའི་དུས་ནས་ནང་ཆོས་ཀྱི་རྨང་གཞི་དད་པ་དང་ཡིད་ཆེས་བྱམས་དང་སྙིང་རྗེ་སོགས་དགེ་བའི་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་པ་བྱེད་དགོས་རྒྱུ་གལ་ཆེ། དེ་ནི་གཙོ་བོ་ཁྱིམ་ཚང་གི་བསླབ་བྱ་ལས་ཐུབ་དགོས་པ་ཡིན་པས་ཕ་མ་དག་གིས་རག་ལས་པ་ཞིག་ཡིན། ཕ་མ་རྣམ་པས་རང་གི་བུ་ཕྲུག་རྣམས་ལ་དགེ་སྡིག་དང་ཀུན་སྤྱོད་ལེགས་ཉེས་ཀྱི་རྣམ་བཞག་དཔེར་ན་གཞན་ལ་སྐྱག་རྫུན་ཤོད་པ་དང་མགོ་བསྐོར་བཏང་བ་རྐུ་མ་རྒྱག་པ་འཁྲུག་པ་སློང་བ་ཐམས་ཅད་སྤྱི་ཚོགས་དང་མི་མཐུན་པའི་བྱ་སྤྱོད་དང་མི་དགེ་བ་སྡིག་པའི་རྩ་བ་ཡིན་པས་གཏན་ནས་བྱ་མི་རུང་བ་དང་མི་ཉེས་པ་མ་ཟད། གཞན་ཉམ་ཆུང་སེམས་ཅན་འབུ་སྲིན་ཡན་ཆོད་ཚེ་སྲོག་ལ་གནོད་འཚེ་བཏང་བའི་ལས་ཅི་ཡང་བྱ་མི་རུང་ལ་མི་ཉེས་ཏེ་དེ་དག་རིགས་བྱས་ཚེ་མི་གཞིའི་ཀུན་སྤྱོད་དང་འགལ་རབས་སོགས་དུས་རྒྱུན་པར་ཁ་ཏ་བྱེད་པ་དང་། དེ་ལས་གཞན་རང་གི་དགེ་རྒན་ནམ་བླ་གྲྭ་དེ་བཞིན་རང་ལས་རྒན་རབས་དག་དང་གཞུང་གི་ལས་མི་རྣམས་ལ་གུས་བཀུར་དང་རྩི་མཐོང་། རང་ལས་ཆུང་བ་དང་ན་མཉམ་སློབ་གྲོགས་རྣམས་ལ་བྱམས་སྐྱོངས་དང་བརྩེ་བ་གཞན་ཉམ་ཆུང་མ་ནུས་པའི་རིགས་ལ་སྙིང་རྗེ་དང་རོགས་རམ་སོགས་རང་ནུས་གང་ལྕོགས་ཀྱིས་གཞན་ལ་ཕན་པ་རེ་སྒྲུབ་དགོས་པ་ནི་ང་ཚོ་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་དེ་རེད་དྲན། ཕ་མ་རྣམས་ཀྱིས་རང་གིས་བུ་ཕྲུག་ལ་བཟང་ཕྱོགས་ནས་ཁ་བརྡ་སློབ་གསོ་ག་ཚོད་ཀྱི་རྒྱག་མང་བ་བྱུང་ན་དེ་བཞིན་བུ་ཕྲུག་དག་གི་སེམས་རྒྱུད་ལ་ཏན་ཏན་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་དང་དགེ་བའི་བག་ཆགས་བརྟན་པོ་ཞིག་འཇོག་ཐུབ་པ་སྨོས་མེད་ཡིན་སྟབས་ཕྲུ་གུ་དག་གི་ཕ་མ་རྣམ་པས་དོར་ཐབས་མེད་པའི་འགན་འཁྲི་དེ་དག་སྣང་མེད་དང་ལྷོད་གཡེངས་སུ་མ་སོང་བར་དགོངས་པ་ཆེ་བཞེས་གནང་གལ་ཆེ།
ས་བཅད་གཉིས་པ་རབ་ཏུ་བྱུང་བའི་ངོ་བོ་ནི།
བོན་ལུགས་ཀྱི་འདུལ་གཞུང་དག་ལ་གཞི་བཅོལ་ནས་བཤད་ན་འདུལ་བ་པ་ཞིག་ཡིན་ཕྱིན་འཁོར་བའི་སྡུག་བསྡུལ་ལ་སྐྲག་ནས་འདོད་པའི་ལོངས་སྤྱོད་ལ་ཞེན་པ་ལོག་ཅིང་འཁོར་བ་ལ་ངེས་འབྱུང་གི་བློ་རྣལ་མ་རྒྱུད་ལ་སྐྱེས་པ་གང་ཞིག གཞན་གནོད་གཞི་བཅས་སྤངས་པའི་ངེས་པར་འབྱུང་ཞིང་ཚུལ་ཁྲིམས་ཀྱི་སྡོམ་པས་རང་རྒྱུད་ལ་ཡོངས་སུ་བརླན་པའི་ཞི་ཞིང་དུལ་བའི་གང་ཟག་ཞིག་ཡིན་དགོས་ཀྱང་། ད་ཆ་དུས་རབས་ཉེར་གཅིག་གི་སྐབས་སུ་རབ་ཏུ་བྱུང་བའི་གཞོན་སྐྱེས་ཕོ་མོ་རྣམས་ལ་དེ་ལྟ་བུའི་འཁོར་བ་ལ་ངེས་འབྱུང་དང་འདོད་པའི་ལོངས་སྤྱོད་ལ་ཞེན་ལོག་གི་བློ་སྐྱེ་མཁན་ནི་ཉིན་མོའི་སྐར་མ་ཙམ་ལས་མ་འདས་སོ། དེས་ན་སྐབས་འདིར་རབ་བྱུང་པའི་ངོ་བོ་བཤད་རྒྱུ་ལ་དེང་གི་སྤྱི་ཚོགས་ནས་རྒྱང་དུ་དོར་མི་དགོས་པ་ཆོས་དང་འཇིག་རྟེན་གང་གི་ཆ་ནས་མ་འགལ་བ་ཕྱི་ཡི་སྤྱོད་ལམ་དང་ནང་གི་བསམ་པའི་ཀུན་སློང་སོགས་ཡང་དག་པ་ནང་པ་སངས་རྒྱས་པའི་ཆོས་ལ་དད་དམ་གཡོ་བ་མེད་པ་གང་ཞིག་བྱམས་དང་སྙིང་རྗེས་རང་རྒྱུད་ལ་བརླན་པའི་ཁར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་དང་ལྡན་པ་རང་གི་བྱ་བ་དང་སྤྱོད་ལམ་དག་མི་སྐྱ་ཕོ་མོའི་བྱ་སྤྱོད་ལྟར་མ་ཡིན་པར་འདོད་ཆུང་ཆོག་ཤེས་ཀྱིས་ཚོད་ཟིན་ཐུབ་པའི་གང་ཟག་ཞིག་ལ་རབ་བྱུང་པ་ཞེས་འདོགས་པའམ། ཡང་ན་འཇིག་རྟེན་ཁྱིམ་ཐབ་ཀྱི་བྱ་བ་ཅི་ཡང་མི་བྱ་ཞིང་མི་ཚེ་གཅིག་ལ་གཅིག་པུ་དང་དབེན་གནས་རི་ཁྲོད་སོགས་ལ་འགྲིམ་པའི་དགེ་ཚུལ་རྣམ་དག་ཅིག་བྱེད་མ་ཐུབ་ཀྱང་ཀུན་སློང་མ་དག་པ་ངན་གཡོ་ཁྲམས་གསུམ་ཀྱིས་མ་བསླད་ཅིང་ཕྱོགས་ལྷུང་དང་བདག་ཕྱོགས་ཆགས་སྡང་རུ་ཏྲ་ལ་སོགས་ཉོན་མོངས་རང་ཁ་མའི་དབང་དུ་མ་ཤོར་བ་རང་ཚུགས་དྲང་པོའམ་བརྟན་པོ་སྡོད་ཐུབ་པའི་ཁར་ནང་ཆོས་ཀྱི་ཉམས་ལེན་དང་གཞུང་ལུགས་ལ་མ་རྨོངས་པར་ལྷག་པར་དུ་འདུལ་བའི་སྲུང་ཁྲིམས་ལ་གས་ཆག་མ་ཤོར་བ་ཚད་ལྡན་ཚུལ་མཐུན་དང་ཀུན་གྱིས་མིག་དཔེ་བལྟ་འོས་པ་ཞིག་ལ་རབ་བྱུང་པ་ཞེས་འདོགས་པས་འཐད་པར་སེམས་ཏེ། གཤེན་རབ་མི་བོའི་བཀའ་བྱམས་མའི་རྒྱུད་ལས། “སངས་རྒྱས་བསྟན་པ་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་མེད་ན་བསྟན་པ་མེད།” ཅེས་དང་། བཀའ་འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་ལས། “ཆུ་བོ་ཆེན་པོ་བརྒལ་བ་ལ། གྲུ་གཟིངས་མཉམ་པར་དགོས་པ་ཡིན། འཁོར་བའི་ཆུ་ཆེན་བརྒལ་བ་ལ། མི་གྲུ་སྡོམ་ནོད་དགོས་པ་ཡིན། “ ཞེས་དང་། ཡང་སྟོན་པའི་བཀའ་ཆོ་འཕྲུལ་བསྟན་པའི་མདོ་ལས། “འདོད་པ་དག་ནི་རབ་ཏུ་བརྟེན་བྱེད་ཅིང་། བུ་དང་ཆུང་མ་དག་ལ་སྲེད་སྐྱེས་ནས། སྨད་པར་བྱས་པའི་ཁྱིམ་ལ་བརྟེན་པ་དེ། བླ་མེད་བྱང་ཆུབ་དམ་པ་གཞིར་མི་ཐོས། གང་དག་ཁྱིམ་དུ་གནས་པར་བྱེད་བཞིན་དུ། བྱང་ཆུབ་དམ་པ་མཆོག་དེ་ཐོབ་པ་ཡི། སངས་རྒྱས་སྔོན་གང་ལ་ཡང་མ་བྱུང་སྟེ། མ་འོངས་པ་ནི་མི་འབྱུང་གནས་པ་མེད། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤོངས་ཏེ། དབེན་པར་དེངས་ཏེ་དགོན་པར་གནས་བྱེད་པས།” ཞེས་གསུངས་པས། རབ་བྱུང་པ་དགོན་པའམ་དབེན་གནས་རང་ལ་འགྲིམ་དགོས་པ་ལས་རྒྱ་གྲོང་ལ་ཉུལ་བ་བཞིན་ཕྱོགས་ངེས་མེད་དུ་རྒྱུ་བ་ཡིན་ན་གྲོང་སྡེའི་མི་ཁས་སྡོམ་པ་ལ་ཉམས་ཆག་ཤོར་སྲིད་པས་དང་པོ་ནས་གང་སར་མི་འགྲོ་བ་འཛིམ་དགོས་པར་སེམས། སྤྱིར་རབ་བྱུང་བ་ཞིག་ཡིན་ཕྱིན་འདུལ་ཁྲིམས་རྩ་བཞིའི་སྡོམ་པ་མཁན་སློབ་དཔང་གསུམ་གྱི་མདུན་ནས་བླངས་ཞིང་རང་རྒྱུད་ལ་ཐོབ་པར་བྱ་དགོས་པ་ལྟ་ཅི་སྨོས། ཐོབ་པ་དེ་ཡང་ཇེ་སྲིད་འཚོ་བའི་བར་དུ་མི་ཉམས་པར་བསྲུང་བར་ཁས་བླངས་པའམ་ཡིད་ལ་དམ་བཅས་བའི་གང་ཟག་ཅིག་ཡིན་དགོས་པ་མ་ཚད་ལས་དགེ་བའི་དོན་ལ་བློ་རྩེ་གཅིག་ཏུ་གཏད་ནས་ཆོས་ཀྱི་ཉམས་ལེན་དང་གཞུང་ལུགས་ཀྱི་འཆད་ཉན་ཐད་ལ་འཐོགས་པ་མེད་པའམ་རྣམ་གཡེང་དང་ལེ་ལོའི་རྗེས་སུ་མ་སྙེག་པར་རང་གཞུང་འདུལ་བའི་ཆས་ལུགས་དང་སྤྱོད་ཚུལ་ཇི་ལྟར་བསྲུང་བ་གལ་ཆེ་ཏེ། དེ་ཡང་ཕྱི་སྤྱོད་ཚུལ་ལ་རབ་ཏུ་བྱུང་བའི་རྟགས་ན་བཟའ་གོས་དྲུག་དང་། ནང་གི་ཁྲིམས་ལ་རྩ་བ་བཞི་དང་ཡན་ལག་གི་བསྲུང་ཁྲིམས་ཉེར་ལྔ་འམ་ཉིས་བརྒྱ་ལྔ་བཅུ་དང་ལྡན་པའི་སྐྱེས་བུ་དེ་ལ་ཁྱིམ་ནས་ཁྱིམ་དུ་སྤངས་བའི་རབ་བྱུང་པའམ་ཡོངས་གྲགས་སུ་གྲྭ་བཙུན་ཞེས་འདོགས་པར་མངོན། དེ་དག་རབ་བྱུང་པའི་རྒྱུད་ལ་ལྡན་པར་བྱེད་པའི་ཐབས་ལམ་ནི། གཙོ་བོརབ་བྱུང་ཕོ་མོ་སུ་ཡིན་རུང་རང་གིས་རབ་བྱུང་གི་སྡོམ་པ་ལེན་པའི་སྐབས་སུ་སྡོམ་པ་འདི་ལེན་པ་ཡིན་ན་རང་ཉིད་ལ་ཕན་པ་ག་རེ་འབྱུང་ས་རེད་གཞན་ལ་ཕན་ཐོགས་འབྱུང་གི་འདུག་མི་འདུག་ལེགས་པར་བརྟག་དགོས་པ་ལས་རྨོངས་དད་དང་ཡིད་ཆེས་གཞན་ཟེར་ཁོ་ན་ལ་བརྟེན་ནས་རབ་བྱུང་གི་སྡོམ་པ་ཞུ་ལེན་ཕྲུ་གུའི་རྩེད་མོ་ལྟར་མིན་པ་ཡང་དག་པའི་སྐྱབས་ཡུལ་དཀོན་མཆོག་གསུམ་ལ་དཔང་དུ་བཙུག་ནས་བསྲུང་བའི་གནའ་ཚིག་འཇོག་པ་ལ་གོ་བ་ཡིན་ཏེ། སངས་རྒྱས་གཤེན་རབ་མི་བོའི་བཀའ་མཛད་མདོ་འབྲིང་པོ་མདོ་གཟིར་མིག་ལས། “དཔང་པོའི་དྲུང་དུ་ཁས་བླངས་པ། ཁས་བླངས་མ་ཡིན་དམ་བཅའ་ཡིན། དམ་ལ་འགལ་ན་འབྲས་བུ་འཚིག སྐྱེ་བ་ལྔ་བརྒྱ་ངན་སོང་བརྒྱུད། གར་སྐྱེས་བསླུ་བ་རྒྱུན་དུ་འོང་།” ཞེས་གསུངས་པས་སོ། དེས་ན་རབ་ཏུ་བྱུང་བ་ཞེས་པའི་ཚིག་འབྲུ་དག་དཔྱད་པ་སྔོན་དུ་བཏང་བའི་ཐོག་ནས་དེ་དག་སོ་སོ་རང་ཉིད་ལ་ཅི་ལྟར་ཐོབ་མིན་དང་སུ་ལས་རབ་ཏུ་གྱུར་པ་གང་ལས་མཆོག་ཏུ་གྱུར་དགོས་མིན་ཧ་གོ་བ་དང་དོན་རྟོགས་པ་ཤིན་ཏུ་གལ་འགང་ཆེ་བ་མཐོང་ངོ་། དེ་ཧ་གོ་བ་ཡིན་ན་ད་བཟོད་རང་ཉིད་སྐྱེ་བོ་མི་སྐྱ་ཕོ་མོ་སོགས་ལས་རབ་ཏུ་བྱུང་བའམ་མཆོག་ཏུ་གྱུར་པ་ཞིག་བྱེད་དགོས་བསམ་པའི་འདུན་པ་དང་ཡང་དག་པའི་དགེ་སྦྱོར་རྣམ་དག་ཅིག་བྱེད་བསམ་པའི་ཀུན་སློང་སྔོན་དུ་སོང་བའི་ཐོག་ནས་རབ་བྱུང་གི་སྡོམ་པ་ཞུ་ལེན་དགོས་པར་གལ་ཆེ།
སྡོམ་པ་འབོགས་པ་ཙམ་མ་ཡིན་པར་རྗེས་སུ་དྲན་པར་བྱེད་པའམ་ཤེས་བཞིན་ཀྱིས་རྟག་ཏུ་བྱ་ར་བྱེད་པ་དང་རང་ཉིད་རབ་བྱུང་པའམ་གྲྭ་བཙུན་ཞིག་ཡིན་བསམ་པའི་འདུ་ཤེས་དང་མ་དག་པའི་སྤྱོད་པ་དག་གང་དྲན་དུ་བྱས་ན་མི་འགྲིག་པ་དང་མི་རུང་སྙམ་པའི་ཚོར་སྣང་དྲག་པོ་ཞིག་རྒྱུན་དུ་སེམས་ལ་སྐྱེ་ཐབས་ནི་རང་ཉིད་ཀྱིས་དགེ་དོན་ལ་འབད་བརྩོན་དང་གཞན་བླ་སྤྲུལ་བཤེས་གཉེན་རྣམ་པའི་གདམས་ངག་བོན་ཁྲིད་དང་བསླབ་བྱ་སོགས་ལ་ཉན་རྒྱུ་ཧ་ཅང་གལ་ཆེ། དེ་ལྟར་གནང་ཐུབ་པ་ཡིན་ན་ད་བཟོད་སངས་རྒྱས་བསྟན་པའི་དགོངས་དོན་རེ་ཞིག་སྒྲུབ་ཐུབ་པར་ཐེ་མི་ཚོམ།
ས་བཅད་གསུམ་པ་རབ་ཏུ་བྱུང་བའི་དམིགས་ཡུལ་ལམ་དགོས་པ་ནི།
རང་ཉིད་རབ་ཏུ་བྱུང་བ་ཞིག་ཡིན་ཕྱིན། དམིགས་ཡུལ་ཅི་ཞིག་བཟུང་ཡོད་པ། རྒྱུ་མཚན་གང་གི་ཕྱིར་དུ་ཡིན་པ། དོན་གང་ཞིག་བསྒྲུབ་འདོད་པའི་དམིགས་པ་གང་བཟུང་བ་དེ་དག་མངོན་མཐོང་དུ་སྒྲུབ་ཐུབ་པ་ཞིག་བྱེད་དགོས་པ་གལ་ཆེ་ཡང་། དམིགས་གཏད་ནོར་བ་དཔེར་ན་གཞན་གྱིས་འཇིག་བསྐུལ་ལ་བརྟེན་ནས་རང་ཉིད་ཀྱི་ཚེ་སྲོག་སྐྱོབས་ཕྱིར་དང་རྐུ་ཇག་འཕྲོག་གསུམ་གྱི་ཉེན་ཁར་གཡོལ་ཕྱིར་གནས་སྐབས་ཀྱི་ཁེ་ཕན་བདེ་འབྲས་ཙམ་ཀྱི་ཆེད་དུ་དམིགས་པ་དང་ཡང་ན་དད་སེམས་ཀྱིས་རྩེ་མ་ཟིན་པར་བསམ་པ་ངན་པའི་ཀུན་སློང་དབང་གིས་རབ་བྱུང་པའི་སྡེ་གྲལ་ལ་འཛུལ་ཞུགས་བྱས་ན་གང་འདྲ་ཡོད་ན་བསམ་པའི་ཚོད་ཡོད་དང་ཀུ་རེའི་རྩེད་མཚར་ཙམ་མིན་པ། ཚེ་འདི་ལ་འཐོབ་གོ་ས་དང་གཏམ་སྙན་གྲགས་རྒྱུ་དཔལ་འབྱོར་གཉེན་ཉེ་འབྲེལ་ཕ་མ་སྤུན་མཆེད་གྲོགས་ཕོ་མོ་སོགས་ཇི་ཙམ་ཡོད་ཀྱང་རང་ཉིད་འཆི་བའི་ཉིན་མོ་ལ། དེ་དག་ཐམས་ཅད་འཇོག་རྒྱུ་ལས་་ཕན་པ་ཅི་ཡང་མེད་དེ། དེའི་སྐབས་སུ་ཕན་པ་ནི་ང་ཚོ་གསོན་པའི་གནས་སྐབས་སུ་སེམས་ནང་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་དགེ་བའི་བག་ཆགས་ཕྲན་བུ་ཞིག་འཇོག་ཐུབ་པ་བྱུང་ན་དེས་ཕན་པ་ལས་གཞན་པ་གང་ཡང་ཕན་པ་མེད་བསམ་པའི་སྒོ་ནས་སེམས་རང་ཁར་མ་ཤོར་མ་སོང་པར་བསམ་བློ་བསྒྱུར་བཅོས་གཏོང་ཐུབ་པ་བྱེད་རྒྱུ་དེ་གལཆེན་པོ་ཡིན་པ་དམིགས་ཡུལ་ངེས་ཅན་དུ་བཟུང་བ་དང་། དེ་ཡང་ང་རང་ཚོ་རང་གཞན་རོགས་གསུམ་སུ་ཡིན་ནའང་སྐྱེས་པའི་མཐའ་མ་འཆི་རྒྱུ་ཡིན་པ་ཐག་ཆོད་པས་འཆི་བའི་སྐབས་སུ་འགྱོད་པ་མི་སྐྱེ་བ་ཞིག་བྱེད་དགོས་བསམ་པ་དང་། ང་རང་ཚོས་དལ་འབྱོར་དོན་ཆེན་རྙེད་དཀའ་བ་བསམ་ནས་རབ་ཏུ་བྱུང་བའམ་ཆོས་བྱ་དགོས་བསམ་པའི་བློ་ཐག་གཅོད་དགོས་པ་དང་། དེ་ཡང་རྙེད་དཀའ་བ་དལ་འབྱོར་མི་ལུས་རིན་པོ་ཆེ་འདི་ལ་ཆོས་བྱ་དགོས་བསམ་པའི་བློ་ཐག་བཅད་ནས་ཆོས་དེ་ཡང་སང་བྱ་གནངས་བྱིའི་ངང་དུ་མ་ལུས་པར་ད་ལྟ་ཉིད་ནས་བྱ་དགོས་བསམ་པའི་བློ་ཆོས་སུ་འགྲོ་བ་ཞིག་བྱ་ཐུབ་པར་བློ་ཐག་གཅོད་རྒྱུར་གལ་ཆེ། དེ་ཡང་ཚེ་འདི་ལ་དགྲ་དགའ་གཉེན་སྡུག་དང་རང་རྒྱལ་གཞན་ཕམ་སོགས་འཇིག་རྟེན་བོན་བརྒྱད་ཀྱིས་དབང་དུ་མ་ཡིན་པར། བྱམས་པ་དང་སྙིང་རྗེས་ཟིན་པ་བྱ་དགོས་པ་དང། ཕ་རོལ་པོས་རང་ལ་ཅི་ལྟར་གནོད་པ་བྱས་ན་ཡང་དེ་ལ་བཟོད་གསན་དང་། སླར་ཡང་དེ་ལ་ཕན་ཐོགས་ན་བསམ་པའི་གཞན་དོན་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གལ་ཆེ་སྟེ། སྟོན་མཆོག་གཤེན་རབ་མི་བོའི་བཀའ་སྨོན་ལམ་རྣམ་གསུམ་ལས། “བདག་ལ་ཇི་སྲིད་གནོད་བྱས་ཀྱང་། བསམ་ངན་སྦྱོར་བ་མ་ཡིན་པར། སླར་ཡང་དེ་ལ་ཕན་ཐོགས་ཤོག” ཅེས་གསུངས་པས། ལས་རྒྱུ་འབྲས་ཁས་ལེན་པའི་ནང་པ་གཤེན་རབ་པ་ཞིག་ཡིན་ཕྱིན་གཞན་ལ་གནོད་འཚེ་སྤང་རྒྱུར་གཙིགས་སུ་འཛིན་དགོས་པ་དང་། མི་བདེ་འཁོར་བའི་ཉོན་མོངས་ཀྱི་གཉེན་པོ་རང་གཞན་ཐམས་ཅད་ཀྱི་སེམས་ཞི་བདེ་དང་ཕན་པ་ཡོང་ཐབས་བྱ་རྒྱུ་ནི་ནང་པ་གཤེན་རབ་པའི་ཆོས་ཀྱི་སྙིང་པོ་ཡིན་པས་དེ་ལྟར་སྒྲུབ་ཐུབ་པ་ཡིན་ན་ད་བཟོད་རང་ཉིད་རབ་ཏུ་བྱུང་བའི་དམིགས་ཡུལ་འམ་དགོས་པ་དེ་འགྲུབ་པ་ཡིན་ནོ།
ས་བཅད་བཞི་པ་ལྷག་པར་དུ་འདུལ་བའི་གཞུང་དང་མཐུན་པའི་རབ་བྱུང་བའི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ནི།
ལུས་ཀྱི་སྒོ་ནས་མི་དགེ་བ་གཞན་ལ་གནོད་འཚེ་བཏང་བ་སྲོག་གཅོད་དང་མ་བྱིན་ལེན་པ་མི་གཙང་སྤྱོད་པ་དང་ངག་གི་སྒོ་ནས་ཚིག་རྩུབ་ངག་འཆལ་རྫུན་དང་ཕྲ་མ་དང་། ཡིད་ཀྱི་སྒོ་ནས་མངན་སེམས་བརྣག་སེམས་ལོག་པར་ལྟ་བ་སོགས་གཏན་ནས་མི་བྱ་བར་སྤང་དགོས་ཏེ། དེ་དག་ཐམས་ཅད་ནང་ཆོས་འདུལ་བའི་གཞུང་གི་སྤྱོད་ཚུལ་དང་འགལ་བ་ཡིན་ནོ། དེ་ལས་ལྡོག་སྟེ་ལུས་ངག་ཡིད་གསུམ་གྱི་སྤྱོད་ཚུལ་ཞི་ཤིང་དུལ་བ་བག་ཡངས་དང་ལྡན་པ་མཐོ་དམན་ཀུན་གྱིས་ཡི་རངས་དང་བསྔགས་བརྗོད་འོས་པའི་འདུལ་འཛིན་པ་ཞིག་བྱ་ཐུབ་པ་དགོས། དེ་ཡང་ལུས་ངག་གི་དགེ་བ་ལ་འཇུག་པ་ཕྱག་བསྐོར་སྒྲིབ་སྦྱང་དང་ཁ་འདོན་དགེ་སྦྱོར་སོགས་དེ་ཙམ་གལ་ཆེན་པོ་མིན་ཏེ་དཔེར་ན་ལག་ལ་འཕྲེང་བ་ཞིག་འཁྱེར་ནས་སྙིང་པོ་རྣམ་གསུམ་བགྲང་བ་དང་ལུས་ཀྱིས་ཕྱག་བསྐོར་དགེ་སྦྱོར་བྱེད་པའི་ཚེ་བསམ་བློ་ཡར་རྒྱས་སམ་འགྱུར་བ་ཐེབས་པ་ཞིག་མ་བྱུང་ན་དགེ་བ་སྤུས་དག་པོ་ཞིག་ཡོང་རྒྱུ་ཁག་པོ་རེད། དེར་བརྟེན་དགེེ་བ་སྤུས་དག་པོ་ཞིག་ཡོང་བ་ལ་ཡིད་ཀྱི་སྒོ་ནས་ཆོས་བྱེད་རྒྱུ་གལ་ཆེ་སྟེ་སོ་སོའི་སེམས་ལ་བརྟག་དཔྱད་དང་བསམ་བློ་བཏང་ནས་བསམ་བློར་འགྱུར་བ་འགྲོ་དགོས་པ་ཡིན། སེམས་ལ་འགྱུར་བ་སོང་བ་ཙམ་དུ་མ་ཟད་དེ་ལ་གོམས་འདྲིས་ཡོང་དགོས། གོམས་འདྲིས་ཡོང་ཐབས་ལ་སྤྲོ་བ་དང་མོས་པ་ཡོད་དགོས། དེ་ལྟར་ཡོང་བ་ལ་དང་པོཆོས་ཀྱི་ཡོན་ཏན་དང་ཁེ་ཕན་མཐོང་དགོས་པ་ཡིན་བསམ་བློར་འགྱུར་བ་མ་སོང་ན་གྱོང་དང་སྐྱོན་གང་ཞིག་ཡོད་པ་དེ་དག་ཤེས་དགོས་པས་སོ། དེ་ཤེས་པ་ཡིན་ན་བསམ་བློ་བཏང་ནས་བློ་ཆོས་སུ་འགྲོ་བ་ལ་དོན་གཉེར་བྱེད་པ་མ་ཚད་ཟ་ཉལ་འགྲོ་འདུག་གང་གི་སྐབས་སུའང་བསམ་བློ་གཏོང་སྟེ་ཆོས་ཡོང་དག་པ་ཞིག་ཡིད་ཀྱི་སྒོ་ནས་བྱེད་རྒྱུ་ཡོད་པས་ཅི་ནས་ཀྱང་འབད་འབུང་མི་ཆུང་བར་ཞུ། དེ་ཡང་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་ལས། “བསྟན་པའི་སྲོག་ཤིང་འདུལ་བ་ཡིན། འདུལ་བའི་བསླབ་བྱ་དཀའ་ཐུབ་ཡིན།” ཞེས་གསུངས་པས། ནང་པའི་བསྟན་པ་རྒྱས་ལ་ཡུན་རིང་དུ་གནས་དགོས་ན་ངེས་པར་དུ་འདུལ་བའི་བསླབ་བྱ་ལ་སྨ་སྨེ་ཉམས་གྲིབ་གང་གི་དྲི་མས་མ་གོས་པར་ཉམས་སུ་ལེན་རྒྱུ་གལ་ཆེན་ནང་གི་དོནཆེན་ཡིན་ནོ།།
མཁས་འདོད་གྲགས་པའི་སྙན་དུ་མ་ངོམ་ལ།།
སྡེབ་སྦྱོར་ལེགས་པའི་རྩོམ་འགྲོས་མ་ཤེས་པས།།
གང་བསམ་ཐོར་བུ་སྤུངས་པའི་ཚིག་ཚོགས་རྣམས།།
ནོར་སྐྱོན་ཅི་རིགས་མཆིས་ཚེ་བཟོད་གསོལ་ཞུ།།
ཟབ་དོན་གཞུང་ལུགས་རིག་པའི་གལ་གནད་དང། །
ཁྱད་པར་ཡང་དག་འདུལ་བའི་སྤྱོད་ཚུལ་ལ། །
བདག་བློས་དཔོག་པའི་མི་ནུས་པ་ཡོངས་བྲལ་བས། །
ནོར་འཕྱུགས་ཅི་མཆིས་མཁྱེན་ལྡན་རྣམས་ལ་བཤགས། །
ཕྱི་ལོ་༢༠༡༩།༩༣༠།ཉིན་བཙུན་དགོན་རཏྣ་སྨན་གླིང་ནས་ཕུལ།
པར་རིས་མཐུན་སྦྱོར་བ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ།
Page 1 of 1