ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་བ་སྨན་རི་བའི་བརྟན་བཞུགས་ལ་བསྐྱོད་པའི་ཟིན་ཐོ།

འདི་ལོར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་བླ་ན་མེད་པ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་ལ་གནམ་འོག་གི་བོན་འབངས་ཡོངས་ཀྱིས་བཀའ་དྲིན་མཛད་པ་རྗེས་དྲན་གྱི་བརྟན་བཞུགས་མཎྜལ་རྒྱས་འབུལ་ཞུ་བའི་སྐལ་བཟང་དུས་བཟང་མངོན་དུ་གྱུར་ཡོད་ཅིང་།

དེ་ཡང་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༡ ནས་ ༢༣ བར་ཕུལ་ནས།

ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ ཟླ་ ༡༡ ཚེས་ ༢ བར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་བསྟན་འགྲོ་སྤྱི་ཡི་དོན་དུ་སྐུ་གསུང་ཐུགས་ཀྱི་མཛད་ཕྲིན་རླབས་པོ་ཆེ་ཇི་ལྟར་བསྐྱངས་པའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་མཎྜལ་བརྟན་བཞུགས་རྒྱས་འབུལ་ཞུ་བའི་སྐབས་དང་བསྟུན། འདི་གའི་བླ་སློབ་རྣམ་པས་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྐུ་ཡི་སྙུང་གཞི་ཅུང་བདེ་ནས་སླར་རང་དགོན་དུ་ཕེབས་པས་ཞལ་མཇལ་གསུང་ཐོས་ཀྱི་རེ་སྒུག་ཆེ་བ་དང་། ༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ནས་ད་ལན་གཞིས་བྱེས་བོན་འབངས་ཡོངས་ཀྱིས་བརྟན་བཞུགས་འབུལ་བ་འདི་དུས་བརྒྱ་གནད་གཅིག་ཡིན་པས་བླ་གྲྭ་དགེ་བཤེས་གང་མང་ཕེབས་དགོས་ཚུལ་གྱི་བཀའ་སློབས་ཕེབས་པར་བརྟེན། ཁྲི་བརྟན་ནོར་རྩེའི་དགོན་ནས་ཕེབས་བསྐྱོད་ཀྱི་རླངས་འཁོར་ཆེ་བ་གཉིས་ཙམ་གྲ་སྒྲིག་ཐོག བརྟན་བཞུགས་སྐབས།བརྟན་བཞུགས༣ཟླ་བ་༡༠ཚེས་༢༦ཉིན་གྱི་ཞོགས་པར་དཔོན་སློབ་ཚངས་པ་རིན་པོ་ཆེ་དང་། སྒྲུབ་ཁང་བཅས་མཇལ་ཏེ། འདི་ག་ནས་རྩ་འཛིན་སློབ་དཔོན་དང་། དགེ་བཤེས།  བཤད་སྒྲུབ་འདུས་སྡེའི་དགེ་སྐོས་སློབ་གཉེར་བ་བཅས་བླ་གྲྭ་དང་བརྒྱ་ཕྲག་ལྷག་བལ་ཡུལ་ནས་ཞབས་བཀྱགས་ཏེ་༢༨ཉིན་གྱི་ཞོགས་པར་ཆུ་ཆོད༦།༠༠ཐོག་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱོར་བ་དང་ཞོགས་ཟས་བཞེས་གྲུབ་རྗེས་སློབ་དཔོན་དང་། དགེ་བཤེས་། སློབ་གཉེར་བ་རིམ་བཞིན་བཞུག་ཤག་སོ་སོ་གྲ་སྒྲིག་གནང་འདུག དེ་བར་ཉིན་གཉིས་རིང་དགོན་གྱི་རྟེན་དང་བརྟེན་པ་དང་། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱི་གཟིམས་ཁང་བཅས་སོགས་མཇལ་སྐོར་ཞུས།

སྐབས་དེར་བརྟན་བཞུགས་ཀྱི་སྔོན་འགྲོའི་ཞབས་རིམ་དུ་༸དཔལ་གཤེན་བསྟན་སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་མཆོག་དབུ་བཞུགས་ཐོག་རྒྱལ་བ་སྨན་རི་བའི་དགེ་བཤེས་བཅུ་ཕྲག་ལྷག་གིས་བླ་ཆེན་དྲན་པའི་ཚེ་སྒྲུབ་ཀྱི་སྒོ་ནས་ཞབས་རིམ་བསྒྲུབས་པ་དང་། སྨན་རི་དགོན་གྱི་ལས་སྣེ་དང་སློབ་གཉེར་བ་རྣམས་ཀྱིས་ཁོར་ཡུག་གཙང་སྦྲ་དང་འཕྲད་དར་འཐེན་པ་སོགས་བཤམས་བཀོད་རྫས་ཀྱི་སྟ་བོན་དགོས་སོ་ཅོག་ཕུན་སུམ་ཚོགས་པར་བསགས་དང་གསོག་བཞིན་མཆིས།

མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་སྨན་རིར་ཕེབས་པ་།བརྟན་བཞུགས༤ཚེས་༣༠་ཉིན་གྱི་ཕྱག་ཚོད་༡༠ཐོག་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་པ་སྨན་རིའི་གླིང་དུ་སེར་ཕྲེང་གི་བསུ་བ་དང་བཅས་ཏེ་ཞབས་སོར་འཁོད། ཕྱི་དྲོའི་ཕྱག་ཚོད་༤ཐོག་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་བླ་སློབ་ཚང་མ་མཉམ་འཛོམ་ཐོག་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ་སོང་།

དངོས་གཞིའི་མཛད་སྒོ་ཉིན་དང་པོ་སྤྱི་ཚེས་༣༡ ཉིན་སྔ་དྲོ་ཞོགས་པའི་འཁོར་ཚོད་དགུ་བའི་སྟེང་ཚོགས་མགོན་དུ་༸སྐྱབས་རྗེ་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་གཙོས་གདན་ས་སྨན་རིའི་གླིང་དང་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་མཁན་སློབ་དང་དགེ་བཤེས་རྣམ་པ་སོགས་བླ་གྲྭ་དྲུག་བརྒྱ་ལྷག་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་དགེ་སློབ། ས་གནས་གཞིས་མི། དགེ་རྒན། སློབ་ཕྲུག ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་བཅས་ཁྱོན་མི་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་སྨན་རིའི་གླིང་གི་གཙུག་ལག་ཁང་དང་འཆམ་རའི་ནང་དུ་མཉམ་དུ་འཛོམས་ནས་ བརྟན་བཞུགས་ཀྱི་ལུང་སྐབས། ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་སལེ་འོད་དང་མ་ཏྲི་དུ་ཏྲི་སུ་བཅས་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་བཀའ་ཁྲིད་དང་སེར་སྐྱ་མི་མང་ཡོངས་ལ་བརྟན་བཞུགས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་།

ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་བླ་གྲྭ་དགེ་བའི་བཤེས་གཉེན་རྣམས་གཙུག་ལག་ཁང་ཆེན་མོར་འཚོགས་ཏེ་གསུང་རབ་མདོ་འབུམ་ལྗགས་ཀློག་གནང་བ་དང་། དད་ལྡན་མི་མང་རྣམས་ཀྱིས་ལམ་འཕྲང་བཅོས་པ་དང་ཚྭ་ཚྭ་གདབས་པ་སོགས་རྒྱུན་བཞིའི་གེགས་སེལ་ལ་བརྩོན་པ་བཅས་ཉིན་དང་པོའི་མཛད་རིམ་མཇུག་གྲུབ་པར་བྱས།

༢༠༡༦/༡༡/༡/སྐུ་ཡི་བླ་གཟའ་མིག་དམར་ཉིན་གྱི་ཞོགས་པའི་འཁོར་ཚོད་བརྒྱད་པའི་ཐོག་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་དད་ལྡན་སེར་སྐྱ་མི་མང་རྣམས་ལྷ་རྒྱལ་རི་རྩེར་མཉམ་དུ་འཛོམས་ཏེ་བསང་གསོལ་རླུང་རྟ་དང་། ལྷ་རྒྱལ་དབྱངས་ནས་ཕྱེ་མར་མཆོད། གཙུག་ལག་ཁང་དུ་འཚོགས་ནས་སྐུ་གླུད་གཏོང་བའི་ཆོ་ག་གསུངས་ཏེ་གླུད་མདོས་བསྐྱལ།    རྒྱལ་བ་སྨན་རི་བའི་བརྟན་བཞུགས་སྐབས།ཕྱག་ཚོད༡༠་ཐོག་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྤོས་དང་རྒྱ་གླིང་གིས་ཕེབས་བསུའི་སྣེ་དྲངས་ཏེ་༸དཔལ་ལྡན་སྨན་རིའི་བླ་བྲང་ནས་གཙུག་ལག་ཁང་ཆེན་དུ་གདན་འདྲེན་ཞུས་ཤིང་རྒྱལ་བ་མཉམ་མེད་ཆེན་པོའི་བཞུགས་ཁྲི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་ལ་ཞབས་ཀྱི་པདྨོ་ལེགས་པར་བཀོད།

བརྟན་བཞུགས༥བརྟན་བཞུགས།༦དེ་ནས་ཤེས་རབ་སྨྲ་སེང་གི་ཚེ་སྒྲུབ་ཀྱི་སྒོ་ནས་བརྟན་བཞུགས་འབུལ་བའི་མཛད་རིམ་ལ་་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་ཁྲི་བརྟན་ནོར་བུའི་རྩེ༸སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་མཎྜལ་སྐུ་གསུང་ཐུགས་རྟེན་གྱི་ལྗགས་བཤད་གསུངས་སྐབས་མཎྜལ་བརྟན་བཞུགས་གོ་སྒྲིག་ཚོགས་པའི་སློབ་སྟོན་པ་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་དང་གོ་སྒྲིག་ཚོགས་གཙོ་ཀུན་གསལ་ཟླ་བ་ཟུང་ནས་རིན་ཆེན་དངུལ་གྱི་མཎྜལ་སྐུ་མདུན་དུ་བཏེགས། དེ་ནས་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་། ཁྲི་བརྟན་ནོར་བུའི་རྩེའི་མཁན་རིན་པོ་ཆེ་རྣམ་གཉིས་གཙོས། གོ་སྒྲིག་ཚོགས་མི་རྣམས་ཀྱིས་རིམ་བཞིན་སྐུ་རྟེན་དུ་རིན་ཆེན་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་དང་། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། ཐུགས་རྟེན་དུ་གཟེར་ཟངས་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་མཆོད་རྟེན་སོགས་གོ་སྒྲིག་ཚོགས་པས་གྲ་སྒྲིག་ཞུས་པ་རྣམས་དང་། ཕྱོགས་སོ་སོ་ནས་ཕེབས་པའི་ཚོགས་མི་སྤྱི་སྒེར་ཚང་མས་མཎྜལ་རྟེན་དོད་ཀྱི་མཆོད་རྫས་རྣམས་རིམ་གྱིས་ཕུལ་ཏེ་ཀུན་གྱིས་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་འདེབས་དབྱངས་སུ་གྱེར་སོང་། དེ་མཚམས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དད་ལྡན་མི་མང་ལ་ཞལ་གཟིགས་ཏེ། ད་ལནགོ་སྒྲིག་ཚོགས་པས་འགན་ཁུར་ཏེ་བོན་འབངས་ཚང་མས་བརྟན་བཞུགས་རྒྱས་པ་ཞིག་ཕུལ་བར་ཐུགས་རྗེ་ཆེ་གསུངས་པ་དང་། ཟླ་ཤས་གོང་ནས་ཁོང་སྙུང་གཞི་ཏོག་ཙམ་ཡོད་ན་ཡང་ཁྱེད་རང་ཚོ་བོན་པོ་ཚང་མས་ལྷ་སྲུང་ལ་འཕྲིན་བཅོལ་དང་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་འབྲས་བུར་ཁོང་ཏོག་ཙམ་བདེ་བར་གྱུར་ཡོད། མ་འོངས་པར་ཡང་གཙོ་བོ་ཁྱེད་རང་ཚོ་ནང་ཁུལ་ནས་སྔར་བཞིན་མཐུན་ལམ་ཡག་པོ་བྱ་རྒྱུ་གལ་ཆེན་ཡིན་པ་དང་། ཆུང་བ་དེ་ཚོ་ཆེ་བ་ལ་བརྟེན་དགོས་པ་དང་། ཆེ་བ་དེ་ཚོས་ཆུང་བར་ལྟ་དགོས་ཚུལ་སོགས་མ་ཡིས་བུ་ལ་གདམས་པ་ལྟ་བུའི་བཀའ་སློབ་མདོར་བསྡུས་ཞིག་གསུངས་གྲུབ་རྗེས་༸དཔལ་ལྡན་སྨན་རིའི་བླ་བྲང་དུ་ཕྱིར་ཞབས་སོར་བདེ་བར་བཀོད། དེ་ནས་གཏང་རག་གི་ཚོགས་འཁོར་བསྐོར་ཏེ་དངོས་གྲུབ་ཀྱི་རྫས་ཕུན་སུམ་ཚོགས་པར་བསྩལ་སོང་། དུས་མཚུངས་སུ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་དཔོན་སློབ་ཚངས་པ་རིན་པོ་ཆེ་དབུ་བཞུག་ཐོག་ས་གནས་ཀྱི་བོན་ཚོགས་བརྒྱ་ཕྲག་ལྷག་འདུ་འཛོམས་བྱས་ཏེ་དཔོན་གསས་རྩ་བའི་བླ་མའི་ཞབས་བརྟན་ཆེད་དུ་སྐོང་གསོལ་ཕྲིན་བཅོལ་ཚེ་སྒྲུབ་སོགས་ཞབས་རིམ་རྒྱ་མི་ཆུང་བར་སྒྲུབ་ཡོད་པ་རེད།

སྐུ་རཔ་དྲན་རྟེན། སྐུ་པར་དྲན་རྟེནཕྱི་དྲོར་བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་མི་རྣམས་ལ་དཔལ་ལྡན་སྨན་རིའི་བླ་བྲང་ནས་ཐུགས་རྗེའི་ལེགས་འབུལ་དུ་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་ཆེན་མོ་རེ་དང་བྱིན་མདུད་བྱིན་རྫས་བཅས་བསྩལ།

 

ཉིན་གསུམ་པ་ཚེས་ ༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ ཐོགབརྟན་བཞུགས༩་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་དད་ལྡན་བོན་འབངས་རྣམས་ལ་རིག་འཛིན་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་གནང་། ཕྱི་དྲོར་བོན་ཕྲུག་བདེ་དོན་གྱི་ཚོགས་ཁང་མདུན་དུ་བཀྲ་ཤིས་པའི་གཏང་རག་མཛད་སྒོ་སྤེལ་ཞིང་། མཛད་སྒོའི་ཐོག་མར་སྨན་རི་ཚང་གི་གཉེར་པས་དབུ་འཛིན་གྱི་གཏམ་སྤེལ་གནང་བ་དང་། བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་ལགས་ཀྱིས་གོ་སྒྲིག་ཚོགས་པའི་བྱུང་རིམ་དང་མཐའ་མའི་སྡོམ་རྩིས་བཅས་གསུངས་སོང་།

དེ་རྗེས་ས་གནས་ཉིན་སློབ་དང་། བོན་ཕྲུག་བདེ་དོན། བོན་བུ་ཁྱིམ་ཁང་། ཝཱ་ཎ་མཐོ་སློབ། གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་དང་ཕྱོགས་མཐའ་ནས་ཕེབས་པའི་མགྲོན་པོ་འགས་སྐྱབས་རྗེ་མཁན་སློབ་རྣམ་པའི་ཕྱི་ནང་གསང་གསུམ་གྱི་མཛད་རྗེས་ལ་བསྔགས་པའི་གཞས་དང་། ཞབས་བྲོ། སྙན་ངག་གྱེར་འདོན། གནའ་དེང་གཉིས་ཀྱི་གླུ་གར་ཕུན་སུམ་ཚོགས་པ་སྤྱན་འབུལ་ཞུས་སོང་། མཐར་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་ལགས་ཀྱིས་ཐུགས་རྗེ་ལེགས་གསོལ་གནང་བ་བཅས་མཛད་རིམ་དེ་ཉིད་མཇུག་ལེགས་པར་གྲུབ་བོ།། ཚེས་༣ཉིན་དཔོན་གསས་བླ་མ་དང་སྒྲུབ་ཁང་སྐྱར་མཇལ་ཞུས་ཏེ།བརྟན་བཞུགས།༡༠བརྟན་བཞུགས་དྲན་རྟེན་གྱེས་མཇལ་སྐབས། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་། སྨན་རིའི་བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་རྣམ་གཉིས་ནས་རླངས་འཁོར་ལ་ཕྱག་མདུད་བརྒྱབས་ནས། བར་ཆོད་ལམ་སེལ་ཐུགས་སྨོན་ཕྲིན་བཅོལ་གྱི་བཀའ་དྲིན་བསྐྱངས་པ་དང་། དེ་ནས་བླ་སློབ་གཤེན་མཆེད་རྣམ་པ་གྱེས་མཇལ་ཞུས་ཤིང་སྨན་རིའི་གླིང་ནས་ཕྱིར་ལོག་ཏེ་སླར་ཡང་རང་དགོན་ཁྲི་བརྟན་ནོར་རྩེ་རུ་ཟླ་བ༡༡།༧། ཉིན་གྱི་ཕྱི་དྲོ་ཆུ་ཚོད་༡།ཐོག་བདེ་བར་འབྱོར་ཏེ་གཞིས་བྱེས་བླ་སློབ་ལྷན་འཛོམས་བྱུང་བ་བཅས་ཀྱི་ཟིན་ཐོ་རུ་ཏི་སེའི་བུ་ནས་༢༠༡༦། ༡༡། ༩ཉིན་སྤེལ།

པར་རིས་འགའ་ཕྲིན་སྟེགས་ཁག་ནས་བརྒྱུད་འགོད་ཞུས་པ་དང་། རྒྱལ་གཤེན་བོན་སྒྲའི་དྲ་གནས་ནས་གནས་ཚུལ་འགར་བསྡུས་ཏེ་བཀོད་ཡོད་པས་མཁྱེན་འཇག་ཞུ།

(སྤྱིའི་གཟིགས་གྲངས། 68 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕན་བདེའི་འ…
error: རྩོམ་འདི་བདག་དབང་ཅན་ཡིན།