རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཐུགས་གསོའི་གསུང་འཕྲིན།
གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་རེ་ཞིག་དགོངས་པ་གཞན་དོན་གཤེགས་ཚུལ་བསྟན་པར་མྱ་ངན་གུས་འདུད་ཞུ།
སྙིག་དུས་གདུལ་བྱའི་འདྲེན་མཆོག་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་མཁས་གྲུབ་སྨྲ་བའི་སེངྒེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག དགུང་གྲངས་བརྒྱ་ལ་ཕེབས་པར་བོད་རབ་གནས་ཤིང་སྦྲུལ་ལོའི་ས་ག་ཟླ་བའི་ཚེས་༡༦ཕྱི་ལོ་༢༠༢༥ཟླ་༦ཚེས་༡༢ཉིན། བལ་ཡུལ་གྱི་དབེན་གནས་བྱེ་མ་རི་ཁྲོད་དུ། དགུང་ལོའི་བབ་དང་། དམ་པ་གང་གི་སྐུ་ཚེ་འདིའི་མཛད་འཕྲིན་མཐར་ཕྱིན་ཏེ་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པར་འདི་ག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་ཚོགས་གཙོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་ཚོགས་མི་གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམས་ཀྱིས་བློ་ཕམ་དང་བཅས། མྱ་ངན་གུས་འདུད་ཞུ་རྒྱུ་དང་། དམ་པ་གང་དེས་སྐུ་ཚེ་གང་བོར་བོད་ཀྱི་ཆོས་རིག་སྤྱི་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་སྟེ་དམ་པའི་ངང་ཚུལ་དགུའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བླ་ན་མེད་པར་མཛད་པའི་བཀའ་དྲིན་རྣམས་རྗེས་སུ་དྲན་པ་དང་། ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྲིད་ཟླ་གཞོན་གསར་པ་མྱུར་དུ་འབྱོན་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་དང་སྨོན་འདུན་ཤུགས་དྲག་དང་བཅས།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་ ༢༠༢༥ ཟླ་བ་༦ པའི་ཚེ་ ༡༥ ལ།