ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ལྷ་ཡི་ཐིག་རྩ།

རི་མོ་དག་ལ་རྣམ་པ་གསུམ། །ལྷ་སྐུ་ཡིག་འབྲུ་སྣ་ཚོགས་གསུམ། །དང་པོ་ལྷ་ཡི་ཆག་ཚད་ལ། །ཡེ་ཤེས་ལྷ་དང་འཇིག་རྟེན་ལྷ། །ཡེ་ཤེས་ལྷ་ལ་རྣམ་པ་བརྒྱད། །བོན་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །ཞི་དང་ཁྲོ་དང་འགྱིང་བ་གསུམ། །དགྱེས་དང་འཛུམ་པ་གཉིས་དང་བརྒྱད། །ཐོག་མར་བོན་གྱི་སྐུ་ལས་སུ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ལ་སོགས་པ་མེད། །དེ་བཞིན་འཁོར་བ་མྱང་འདས་བོན། །གང་ལ་ཕུང་པོ་མ་གྲུབ་པ། །འདི་ཡིན་བྱ་བའི་དངོས་པོ་མེད། །དངོས་པོ་མེད་པས་ངོ་བོ་སྟོང་། །འདི་ཞེས་བྱ་བའི་མཚན་མ་མེད། །མཚན་མ་མེད་པ་རང་བཞིན་སྟོང་། །སྟོང་ཞིང་བདག་མེད་བོན་གྱི་སྐུ། །འདི་ཞེས་གཟའ་གཏད་སྤྲོས་དང་བྲལ། །དེ་ལ་གཟུགས་སུ་གྲུབ་པ་མེད། །བདག་མེད་བོན་སྐུ་ཞེས་ཀྱང་བྱ། །དེ་ལ་རང་བཞིན་ལྷུན་གྲུབ་པའི། །ལོངས་སྐུའི་བོན་སྐུ་བྱ་བ་དེ། །ཞལ་གཅིག་ཕྱག་གཉིས་མཉམ་པར་གཞག །རྒྱན་མེད་དབུའི་གཙུག་ཏོར་ལྡེམ། །དེ་ལས་ལོངས་སྤྱོད་རྫོགས་པ་དེ། །ལྷ་ལྔ་སྐུ་ལྔའི་ཞིང་ཁམས་གསལ། །རྒྱན་དང་ཆ་ལུགས་ལོངས་སྤྱོད་རྫོགས། །དེ་ལས་ཅིར་ཡང་སྤྲུལ་པ་དེ། །ཁྱིམ་སྤང་རབ་བྱུང་ཚུལ་དུའོ། །

སྐུ་གསུམ་དག་ལས་བྱུང་བ་ཡི། །གང་ལ་གང་འདུལ་ལྷ་ཚོགས་ནི། །ཞི་དང་ཁྲོ་དང་འགྱིང་དང་དགྱེས། །ལྡེམ་དང་འཛུམ་དང་ལ་སོགས་པའི། །སྤྱིར་ཡང་ལྷ་སྐུའི་ཆག་ཚད་པ། །དབུ་ཡི་གཙུག་ཏོར་མན་ཆད་ནས། །ཞབས་ཀྱི་ལོང་བུ་ཡན་ཆད་ལ། །ཁྲུ་དགུ་སྐུ་ཡི་རི་རབ་ཏེ། །སོར་མོ་བརྒྱ་དང་ཉི་ཤུར་འདོད། །དབུ་ཡི་གཙུག་ཏོར་མཐོང་པོ་ནས། །དབུ་སྐྲའི་འཚམས་སུ་ཞལ་གང་ངོ་། །ཞལ་ནི་སོར་མོ་བཅུ་གཉིས་ཏེ། །སོར་ནི་རི་མོ་བར་མས་འཇལ། །དབུ་སྐྲའི་མཚམས་ནས་སྨིན་མཚམས་མཛོད། །སྨིན་མཚམས་མཛོད་ནས་ཤངས་ཀྱི་རྩེ། །ཤངས་ཀྱི་རྩེ་ནས་ཨོག་སྒོའི་བར། །བཅུ་གཉིས་སོར་དུ་གཞལ་བར་བྱ། །མགུར་ནི་སོར་མོ་བཞི་རུ་ཤེས། །མགུར་ནི་ཐུགས་ཀར་ཞལ་གང་ངོ་། །ཐུགས་ནས་ལྟེ་བ་ཞལ་གང་ངོ་། །དེ་ནས་གསང་བར་ཞལ་གང་ངོ་། །སྟ་ཟུར་ནས་ནི་པུས་མོའི་བར། །ཞལ་དོ་སོར་མོ་ཉི་ཤུ་བཞི། །པུས་མོ་སོར་མོ་བཞི་ཡིན་ཏེ། །དེ་ནས་ལོང་བུར་ཞལ་དོ་ལ། །ལོང་བུའི་ཞབས་སུ་སོར་བཞི་དང་། །དེ་ལྟར་བརྒྱ་དང་ཉི་ཤུ་སྟེ། །དེ་ནི་དཀྱུས་ཀྱི་ཆག་ཚད་ཡིན། །གཉིས་པ་ཞིང་གི་ཆག་ཚད་ལ། །སྐུ་སྟོད་ཞིང་ལ་ཞལ་དོའོ། །སྐེད་སྐབས་ཞལ་གང་ཤེས་པའོ། །སྨད་ཞིང་དག་ཀྱང་ཞལ་དོའོ། །བླ་ལ་ཞལ་གང་ཕྱག་ཞབས་འགྲེས། །ལག་ངར་ཞལ་གང་དཔུང་པ་འགྲེས། །ཚིག་པ་གཉིས་ལ་སོར་བཞི་རེ། །གསུམ་པ་རང་བཞིན་ཆག་ཚད་ལ། །ཞལ་ལ་དཀྱིལ་འཁོར་ཐིག་དུ་གཞལ། །ཚང་ཐིག་གཞུང་ནས་སྤྱན་མིག་གཞལ། །སྤྱན་དཀྱུས་སོར་མོ་བཞི་རུ་སྟེ། །སྙན་ཀྱང་སོར་བཞི་སྙན་ཤལ་ལྷག །ཤངས་རྒྱུད་སོར་བཞི་ཞལ་ཀྱང་འགྲེས། །དབུ་སྐྲ་དག་ཀྱང་སོར་བཞི་སྟེ། །མགུལ་ནས་དཔུང་མགོ་སོར་བརྒྱད་དོ། །བརྗིད་དང་ཟླུམ་དང་གཞོལ་བ་རྣམས། །ལྷ་ཚོགས་རང་རང་སྐབས་དང་སྦྱར། །ལོངས་སྐུ་དག་གི་མཚན་ཉིད་ནི། །བཀྲ་ཤིས་རྫས་ཀྱི་རྟགས་དང་སྦྱར། །དབུ་ནི་ཟླུམ་ལ་གདུགས་ཀྱི་ཚུལ། །སྐུ་ནི་བརྗིད་པ་རྒྱལ་མཚན་ཚུལ། །གདན་ནི་སྤུངས་པ་པད་མའི་ཚུལ། །སྤྱན་ནི་གསེར་གྱི་ཉ་མོའི་ཚུལ། །སྐེ་མགུལ་བུམ་པ་དྲིལ་བའི་ཚུལ། །མགུལ་ནི་དུང་གི་རི་མོའི་ཚུལ། །ཐུགས་ཀ་གསེར་གྱི་དཔལ་བེའུ་ཚུལ། །ཕྱག་ཞབས་འཁོར་ལོ་དྲ་བའི་ཚུལ། །སྟ་ཟུར་གཡས་གཡོན་སྒེག་པའི་ཚུལ། །དཔྲལ་བ་ཟླ་བ་ཉ་འདྲ་ལ། །སྨིན་མ་ཀ་ཡི་ན་རོ་འདྲ། །སྨིན་མཚམས་འོད་ཟེར་མཛོད་སྤུས་བརྒྱན། །སྙན་ནི་ཟླ་གམ་འབར་བ་འདྲ། །སྙན་གཅུས་གྲོ་ག་དྲིལ་འདྲ་ཞིང་། །སྙན་ཤལ་དར་གྱི་ཆུན་པོ་འདྲ། །ཤངས་ནི་སྨྱུ་གུ་གསེགས་བཅད་ལ། །ཤངས་རྒྱུད་ཤིན་ཏུ་དྲང་བ་སྟེ། །ཤངས་རྩེ་ནོར་བུ་ཐུར་གྱུ་འདྲ། །ཞལ་གྱི་རི་མོ་སོར་གང་སྟེ། །ཡ་མཆུ་སུལ་དོད་དར་དཀར་ཆགས། །མ་མཆུ་སྲབ་ལེགས་ཟར་མའི་མདངས། །མཁུར་ཚོས་བཀྲག་མདངས་དབྱིབས་འཁྱིལ་ཞིང་། །ཨོག་སྒོ་གུག་ལེགས་ཟླ་བ་ཚེས། །དཔུང་སོག་བརྗིད་བག་ལྡན་པར་བྱ། །ཕྱག་ནི་དྲང་ཤིང་མཉེན་ལ་ལྷུབ། །མཉམ་གཞག་ལྟ་ཟུར་ཐད་དུ་བཅའ། །ས་གནོན་གདན་ལ་སོར་མོས་རེག །ཏིང་ངེ་འཛིན་ནི་ཐུགས་ཀ་སྟེ། །ཕྱག་མཚན་དང་པོ་སྙན་གྱི་ཐད། །བར་མ་ཐུགས་ཀར་ཐ་མ་སྟེ། །དེ་བས་གཞོལ་ན་སྟ་ཟུར་ཡིན། །དབུ་མང་མཆོད་རྟེན་བརྩེགས་པ་འདྲ། །ཕྱག་མང་འཁོར་ལོ་བསྐོར་བ་འདྲ། །ཞབས་མང་པད་མ་སྤུངས་པ་འདྲ། །ཐད་ཞལ་ཐམས་ཅད་དགྱེས་པ་འདྲ། །གཡས་ཟུར་ཐམས་ཅད་བཞད་པ་འདྲ། །གཡོན་ཟུར་ཐམས་ཅད་འཛུམ་པ་འདྲ། །ཕྱེད་ཞལ་རྣམས་ཀྱི་སྤྱན་ཟུར་ཐོབ། །སུམ་གཉིས་ཞལ་གྱི་སྤྱན་ཕྱེད་ཐོབ། །ལྡེམ་ལ་འཁྲིལ་བག་གསུམ་དུ་ཤེས། །མགྲིན་པ་གུག་ལ་སྐེད་པ་སྒེག །རླ་གཉིས་བཤིབ་ལ་རྐེད་པ་ལྡེམ། །ཕྱག་ནི་རླའི་དྲངས་པོ་སླེབ། །གསེར་ཉ་གྱེན་ལ་གཟར་བ་འདྲ། །དེ་ནི་ལོངས་སྐུའི་ལྡེམ་དུ་ཤེས། །ལར་ཡང་ལོངས་སྐུའི་ཆ་ལུགས་ལ། །དབུ་སྐྲ་ཨུཏྤལ་གཡས་སུ་འཁྱིལ། །པད་མ་དམར་པོའི་འཕྲིང་བས་བརྒྱན། །རྩེ་ཕྲན་རྣམ་པ་ལྔ་ཡིས་བརྒྱན། །རིན་ཆེན་སྣ་ལྔའི་ཚོམ་བུས་སྤྲས། །རྣ་རྒྱན་མེ་ཏོག་ཧ་ལོ་ལ། །ཤི་ཤོན་དར་གྱི་ཆུན་པོ་གཅུས། །ཧ་ལོ་སྔོ་སྐྱ་ཟེའུ་འབྲུ་དང་། །ཤི་ཤོན་དམར་ལྗང་འཕུར་ན་མཛེས། །དབུ་རྒྱན་ལངས་པ་འདྲ་བ་ཡིན། །སྙན་ཆ་འཕྱང་པ་འདྲ་བ་ཡིན། །མགུར་ཆུ་སྐྱིལ་བ་འདྲ་བ་ཡིན། །དཔུང་རྒྱན་བརྗིད་པ་འདྲ་བ་ཡིན། །གདུ་བུ་འཁྲོལ་བ་འདྲ་པ་ཡིན། །སྐེད་རྒྱན་སྒེག་པ་འདྲ་བ་ཡིན། །སྟོད་གཡོགས་སྤུངས་པ་འདྲ་བ་ཡིན། །སྨད་ཤམ་ལྷུབ་པ་འདྲ་བ་ཡིན། །དཔྱངས་རལ་འཕུར་བ་འདྲ་བ་ཡིན། །དར་མདུད་འཆུས་པ་འདྲ་བ་ཡིན། །སྟོད་གཡོགས་དམར་ལྗང་སྤེལ་ན་མཛེས། །སྨད་ཤམ་སྣ་ཚོགས་འཕྱོལ་ན་མཛེས། །དོ་ཤལ་མེ་ཏོག་འཕྲེང་བ་མཛེས། །མགུལ་ཆུ་མུ་ཏིག་འཕྲེང་བ་མཛེས། །དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་དང་། །སྙན་ཆ་རིན་ཆེན་སྣ་ལྔའི་མཛེས། །དེ་ལ་འོད་དུ་འཕྲོ་བ་ནི། །དབུ་འོད་སྐུ་འོད་གདན་ཁྲིའི་འོད། །དབུ་འོད་ཉི་ཟླའི་དཀྱིལ་འཁོར་འདྲ། །སྐུ་འོད་གཞའ་ཚོན་གུར་ཁྱིམ་འདྲ། །གདན་ཁྲིའི་འོད་ནི་ནམ་མཁའ་འདྲ། །དེ་ལ་གཟའ་སྐར་ཚོམ་བུའི་མཛེས། །དེ་ནི་ལོངས་སྐུའི་ཆ་ལུགས་ཡིན། །སྤྲུལ་སྐུ་ཁྱིམ་སྤང་རབ་བྱུང་སྟེ། །ཆག་ཚད་གོང་དང་འདྲ་བ་ལ། །དབུ་སྐྲ་སོར་མོ་བཞི་རུ་འདོད། །གཙུག་ཏོར་སོར་བརྒྱད་སྙན་ཁུང་ཟླུམ། །དཔུང་སོག་ཟླུམ་ལ་ས་གནོན་ཕྱག །མཉམ་གཞག་ལྟེ་བའི་ཐད་དུ་སྟེ། །ན་བཟའ་འདུལ་གོས་རིགས་དྲུག་གསོལ། །སྤྱན་ནི་ཤངས་རྩེའི་འཕྲེད་ལ་ལྟ། །གང་འདུལ་སྤྲུལ་ན་ངེས་པ་མེད། །གང་འདུལ་དེར་སྟོན་ལོགས་སུ་བཞེངས། །ཁྲོ་བོའི་ཆ་ལུགས་འདི་ལྟ་སྟེ། །ཁྲོ་དང་ཞི་མ་ཁྲོ་དང་གཉིས། །ཁྲོ་བོའི་གདོང་པ་དྲུག་ཡིན་ཏེ། །ཞི་མ་ཁྲོ་ལ་གདོང་པ་བརྒྱད། །ཁྲོ་བོའི་ཆག་ཚད་གཞལ་བ་ནི། །ལྷུ་ཐུང་ཡན་ལག་རགས་པ་སྟེ། །བཅུ་གཉིས་སོར་ཚད་གྲུ་བཞི་ཞལ། །དབུ་སྐྲ་ཞལ་གང་ཡིན་པར་འདོད། །མགུར་ནས་ཐུགས་ཀར་ཞལ་གང་སྟེ། །དེ་ནས་ལྟེ་བར་ཞལ་གང་སྟེ། །ལྟེ་འོག་སོར་བཞི་གཉེར་གྱི་ཚད། །ཡན་ལག་ལྷུ་བཞི་ཞལ་རེ་ལ། །ཚིག་དང་ལོང་བུ་སོར་བཞི་དང་། །སྐུ་ཤ་རྒྱས་ལ་ལྷུ་ཚིགས་འབུར། །ཕྱག་ཞབས་འཐུག་ལ་སོར་མོ་རགས། །སྤྱན་ནི་ཉི་མའི་དཀྱིལ་འཁོར་ཟླུམ། །སྙན་ནི་ཁྱུད་འཁོར་ཟླ་གམ་གདེངས། །ཤངས་ནི་ཁྲོ་གཉེར་གསུམ་ལྡན་མཛེས། །ཞལ་ནི་མཆེ་བ་བཞི་བསྣོལ་གདངས། །ལྗགས་ནི་གསེར་གྱི་ཛྭ་དམར་འདྲིལ། །རྫི་སྨིན་མེ་འོད་ཚ་ཚ་འཕྲོ། །སྨ་ར་ཁྲ་གཤོག་ཁྱུང་གཤོག་གདེངས། །ཕྱག་ནི་གཡས་པ་སྙན་གྱི་ཐད། །གཡོན་པ་པུས་མོའི་ལྷ་ངར་གནས། །གསང་སྔགས་ཐམས་ཅད་གཡས་འགྱིང་ཡིན། །རིགས་སྔགས་ཐམས་ཅད་གཡོན་འགྱིང་ཡིན། །གཟུངས་སྔགས་ཐམས་ཅད་འདོར་སྟབས་ཡིན། །གསང་སྔགས་ཁྲོ་མོ་གཡོན་གྱིས་འཁྱུད། །རིགས་སྔགས་ཁྲོ་མོ་གཡས་ཀྱིས་འཁྱུད། །གཟུངས་སྔགས་རྣམས་ལ་ཟུར་དུ་སྒེག །འབར་བའི་སྐྲ་ལ་འཁྱིལ་ཞིག་དགོས། །བཟློག་པའི་སྤྱན་ལ་ཟླུམ་ཞིག་དགོས། །གདེངས་པའི་སྙན་ལ་ཀྲོག་ཅིག་དགོས། །གཉེར་བའི་ཤངས་ལ་འཇིགས་ཤིག་དགོས། །གདངས་པའི་ཞལ་ལ་ཡངས་ཤིག་དགོས། །གཙིགས་པའི་ཚེམས་ལ་དབལ་ཞིག་དགོས། །དྲིལ་བའི་ལྗགས་ལ་ངར་ཞིག་དགོས། །གདེངས་པའི་ཕྱག་ལ་སྤར་ཞིག་དགོས། །རྐྱང་སྐུམ་ཞབས་ལ་སྟབས་ཤིག་དགོས། །ཐོད་སྐམ་རིན་ཆེན་དབུ་རྒྱན་དགོས། །གཟའ་ཆེན་ཉི་ཟླའི་སྙན་ཆ་དགོས། །ཀླུ་རྒྱལ་སྦྲུལ་གྱི་མགུར་ཆུ་དགོས། །རུས་ཆེན་གདུ་བུ་ཁྲོལ་བ་དགོས། །ཐོད་རློན་དོ་ཤལ་འཕྱང་བ་དགོས། །སྟོད་རྒྱན་གཡང་གཞི་ཀོ་རློན་དགོས། །སྨད་རྒྱན་སྟག་ཤམ་ཡང་ཤམ་དགོས། །ཡུམ་ལ་གཟིགས་པའི་དགྱེས་སྤྱན་དགོས། །དགྲ་ལ་རྔམ་པའི་སྡང་མིག་དགོས། །བགེགས་ལ་འཚིག་པའི་འབྲུ་ཚུགས་དགོས། །རང་བཞིན་གཏུམ་པའི་འཁོར་སྤྱན་དགོས། །སྲིད་རྩེ་གནོན་པའི་ཁྱུང་ཆེན་དགོས། །དྲེགས་པ་འདུལ་བའི་གདན་ཁྲི་དགོས། །སྤྱི་རྒྱ་གཅོད་པའི་གཤོག་པ་དགོས། །དགྲ་ལ་རྔམ་པའི་སྡང་མིག་དགོས། །ཐམས་ཅད་འདུལ་བའི་ཕྱག་མཚན་དགོས། །ཕུན་སུམ་ཚོགས་པའི་འཁོར་ཚོགས་དགོས། །འཇིགས་ཤིང་སྐྲག་པའི་དུར་ཁྲོད་དགོས། །རབ་ཏུ་ཚ་བའི་མེ་དཔུང་དགོས། །ཧ་ཧ་རྒོད་པའི་དགྱེས་འཛུམ་དགོས། །སྤྱིར་ཡང་ཁྲོ་བོའི་ཆ་ལུགས་ལ། །ཁྲོས་པའི་ནང་ནས་བཞིན་ཅིག་དགོས། །བཞིན་གྱི་ནང་ནས་མདངས་ཤིག་དགོས། །མདངས་ཀྱི་ནང་ནས་འཛུམ་ཞིག་དགོས། །ཁྲོ་འཛུམ་ཞལ་རས་སྟོད་ནས་ཡོད། །ཞི་འཛུམ་ཞལ་རས་སྨད་ན་ཡོད། །དགྱེས་འཛུམ་སྤྱན་དང་མཆུ་ལ་ཡོད། །གྲུ་བཞི་ཆག་ཚད་ལྡན་པར་བཞེངས། །ཞི་མ་ཁྲོ་ལ་གདོང་པ་བརྒྱད། །དབུ་ནི་ཅུང་ཙམ་ཡོ་བ་ཡིན། །སྐུ་ནི་ཅུང་ཙམ་འགྱིང་བ་ཡིན། །ཞབས་ནི་བརྐྱང་དང་བསྐུམ་པ་སྟེ། །སྟ་ཟུར་ཡན་ཆད་ཞལ་བཞི་ལ། །སྟ་ཟུར་མན་ཆད་ཞལ་བཞི་འདོད། །ཞལ་གང་བརྐྱང་བསྐུམ་བར་ལ་ཆད། །ཕོ་རྒྱུད་གཡོན་བརྐྱང་གཡས་བསྐུམ་ཡིན། །མོ་རྒྱུད་གཡས་བརྐྱང་གཡོན་བསྐུམ་ཡིན། །ཕོ་རྒྱུད་ཐམས་ཅད་གཡས་འགྱིང་ཡིན། །མོ་རྒྱུད་ཐམས་ཅད་གཡོན་འགྱིང་ཡིན། །ཕོ་རྒྱུད་འགྱིང་ཞལ་གྲུ་བཞིར་འདོད། །མོ་རྒྱུད་འཛུམ་ཞལ་སྒོ་ངར་འདོད། །ཕོ་རྒྱུད་སྤྱན་ལ་འབྲུ་ཚུག་ཆགས། །མོ་རྒྱུད་སྤྱན་ལ་གཟི་མདངས་ཆགས། །སྤྱན་གཞུགས་ཐུར་དུ་བལྟ་བ་ཡིན། །སྨིན་མ་ན་རོ་བཀུག་པ་འདྲ། །ཕོ་རྒྱུད་ཤངས་ལ་འཛིང་གཉེར་ཆགས། །མོ་རྒྱུད་ཤངས་རྩེ་ཕྲ་ལ་ཟག །སྙན་ནི་འཁྱིལ་ལ་སྙན་ཤལ་རིང་། །ཞལ་ནི་སོར་བཞི་འཛུམ་བག་ལྡན། །ཕོ་རྒྱུད་ཕྱག་ཞབས་ལྷུབ་པ་ཡིན། །མོ་རྒྱུད་ཕྱག་ཞབས་མཉེན་པ་ཡིན། །ཕོ་རྒྱུད་སྨིན་མ་མཐོ་བ་ཡིན། །མོ་རྒྱུད་སྨིན་མ་འབྲེལ་བ་ཡིན། །རྒྱན་དང་ཆ་ལུགས་ལོངས་སྐུ་འདྲ། །སྟོད་གཡོགས་སྨད་ཤམ་འཕུར་དང་འཇོལ། །གོས་རྒྱུད་ན་བཟའ་ལྷུབ་པར་བྱ། །ཕོ་རྒྱུད་རྣམས་ལ་སྟོད་ཞེང་རྒྱས། །མོ་རྒྱུད་རྣམས་ལ་སྨད་ཞེང་རྒྱས། །སྐེད་སྐབས་ཅུང་ཙམ་མཉེན་ལ་འཁྱུག །ཡོངས་ཁྱབ་རྒྱས་པའི་ལྷ་རུ་བཞེངས། །ཞི་དང་ཁྲོ་ཡི་བར་མཚམས་ནས། །དགྱེས་དང་འཛུམ་དང་ཆ་ལུགས་ཡོད། །ཞི་མ་ཁྲོ་ཞེས་དེ་ལ་བྱ། །ལྷ་མོའི་ཆ་ལུགས་འདི་ལྟ་སྟེ། །འགྱིང་བག་ཅན་དང་གར་སྟབས་ཅན། །གདོང་པ་བརྒྱད་དང་སོར་བཞི་འདོད། །སོར་བཞི་བྷ་གའི་ཚད་དུའོ། །དཔྲལ་བར་ཟླུམ་ཡང་ཟླ་རྒྱས་ཉ། །ཁྱུང་གི་སྒོ་ང་ལྟར་དུ་མཛེས། །སྤྱི་གཙུག་འབུར་ཞིང་དབུ་སྐྲ་ལི། །ཨུཏྤལ་འདྲ་ཞིང་གཡས་སུ་འཁྱིལ། །སྤྱན་མིག་བཀྲ་ལ་སྤྱན་ཤལ་རིང་། །དཀར་ནག་ཕྱེད་ཅིང་ཐུར་ལ་བལྟ། །ཤངས་རྒྱུད་དྲངས་ལ་ཤངས་རྩེ་ཕྲ། །རིན་པོ་ཆེ་ཡི་ཟར་བུ་འདྲ། །སྨིན་མ་འཁྱུག་ལ་རྫི་མ་རོག །ཞལ་རས་འཛུམ་ལ་གཟི་མདངས་ཆགས། །སྐེ་མགུར་དྲིལ་ཞིང་དཔུང་སོག་གཞོལ། །ཕྱག་ཞབས་མཉེན་ལ་སྨད་ཞིང་ཆེ། །སྐུ་ཤ་བྷ་ག་ནུ་མ་རྒྱས། །སྐེད་པ་འཁྲིལ་ལྡེམ་མཉེན་ལྕུག་ཆགས། །འགྱིང་བག་ཅན་ལ་རིན་ཆེན་བརྒྱན། །གར་སྟབས་ཅན་ལ་རུས་པས་བརྒྱན། །རུས་ཆེན་རྒྱན་ཆ་སྨད་ན་བརྗིད། །ཐོད་སྐམ་དབུ་རྒྱན་ཐོད་རློན་ཤལ། །དར་གྱི་ཅོད་པན་འཕུར་མ་ལྕེ། །ཁ་ཊཾ་ཁ་ལ་བརྟེན་ཚུལ་ཅན། །གཡས་པ་སྙན་གྱི་ཐད་ཀ་སྟེ། །གཡོན་པ་སྟ་ཟུར་ཐད་ཀའོ། །ལི་ལྗང་རལ་པ་སྐུ་སྟོད་ཁེབ། །དཔའ་བོའི་ཚོགས་རྣམས་འདོར་སྟབས་ཅན། །དེ་ལ་ཅུང་ཙམ་ཁྲོ་བ་སྟེ། །སྤྱན་གསུམ་སྡང་མིག་འབྲུ་ཚུགས་ཅན། །ཞལ་གདངས་ཚེམས་གཙིགས་ཁྲོ་གཉེར་གདོང་། །དབུ་སྐྲ་རལ་པ་ཅོད་པན་འཁྱིལ། །གཡང་གཞི་སྟག་ཤམ་སྦྲུལ་གྱིས་བརྒྱན། །བམ་ཆེན་གདན་དང་དུར་ཁྲོད་གླིང་། །

ཤིན་ཏུ་འཇིགས་པའི་ཞིང་ཁམས་ཏེ། །མེ་ཆུ་བྱ་གཅན་སྤྲིན་དང་ཤིང་། །མཆོད་པའི་ལྷ་དང་དཔའ་བོ་གིང་། །མཁའ་སྤྱོད་ཉམས་དགའི་ཞིང་དང་བཅས། །མཆོག་ཐུན་བསྒྲུབ་པའི་ལྷ་རུ་འདོད། །

སྤྱིར་ཡང་ལྷ་ཡི་མཚན་ཉིད་ལ། ཁྲི་དང་ཡོལ་བ་གསུམ་ཆ་གཉིས། །དེ་ལ་ཏོག་གིས་དཔག་པའོ། །

ཁྲི་ལ་རྣམ་པ་གསུམ་ཡིན་ཏེ། །ཁྲི་གདན་ཁྲི་རྐང་ཁྲི་འགེབ་གསུམ། །ཁྲི་གདན་རྣམ་པ་ལྔ་ཡིན་ཏེ། །མེ་ཆུ་ས་རླུང་ནམ་མཁའ་ལྔ། །ནམ་མཁའ་མཐིང་ནག་གདན་ལ་བརྗིད། །མེ་ཆུ་ས་རླུང་པ་དྲ་དགོས། །དེ་སྟེང་ཁྲི་རྐང་བརྒྱད་ལྡན་བྱ། །ཁྲི་འདེགས་ཀ་བ་རིན་ཆེན་གསེར། །ཀ་ཞུ་ཀ་གདན་ཆ་གསུམ་སྟེ། །ཁྲི་བར་གྱད་དང་གཅན་གྱིས་འདེགས། །འདབ་ཆགས་རི་དྭགས་གཡུང་དྭགས་དང་། །གང་ལ་གང་དགོས་འདེགས་པར་བྱ། །དེ་སྟེང་ཁྲི་འགེབ་རྣམ་པ་ལྔ། །དང་པོ་མཐིང་གདུང་རིན་ཆེན་ཕྲ། །གཉིས་པ་གདུང་ཁེབ་པད་མ་སྤུངས། །གསུམ་པ་གདུང་གནོན་པ་དྲ་འཁྲུགས། །བཞི་པ་རིན་ཆེན་ཟ་ར་ཚགས། །ལྔ་པ་ཡ་གད་མཐིང་ལྗང་སེར། །གང་ལ་མཛེས་པའི་ཚོན་དུ་བྱ། །དེ་སྟེང་པད་མ་གྱེན་དུ་སྤུངས། །ཉི་མ་དམར་སེར་ཟླ་བ་དཀར། །ཞི་རྒྱས་དབང་དྲག་རང་སོ་བསྟུན། །དེ་སྟེང་རྒྱབ་ཡོལ་ཆ་གཉིས་ལ། །དབུ་ཡི་འོད་དང་སྐུ་ཡི་འོད། །ཁྲི་འོད་ནམ་མཁའ་མཐིང་ཁ་སྟེ། །སྐུ་དང་དབུ་འོད་གང་མཛེས་མཚོན། །སྣ་ཚོགས་པ་དྲ་དགོས་པར་བྱ། །དེ་རྒྱབ་ན་དྲུག་རྒྱན་ལས་སུ། །མཛེས་པའི་རྒྱན་ལ་འདི་ལྟ་སྟེ། །གླང་ཆེན་སེར་པོ་ལྷ་སྲས་དཀར། །རི་དྭགས་སྔོ་སྐྱ་མི་ཆུང་སེར། །ཤང་ཤང་སེར་པོ་བྱ་ཁྱུང་བཀྲ། །གཞི་མ་དཀར་ལ་སྣ་ཚོགས་འཆོལ། །ལོངས་སྤྱོད་སྐུ་ལ་བརྒྱན་པར་བྱ། །བརྗིད་པའི་རྒྱན་ལ་འདི་ལྟ་སྟེ། །སེང་གེ་དཀར་ལ་བྲམ་ཟེ་དམར། །གཡུ་འབྲུག་སྔོ་ལ་དམངས་རིགས་ལྗང་། །ཆུ་སྲིན་དམར་སྐྱ་པ་དྲ་སེར། །བྱ་ཁྱུང་མཐིང་ཁ་སྔོན་པོའོ། །དེ་རྒྱབ་ནམ་མཁའ་གཞའ་ཚོན་གུར། །གཞའ་ཚོན་གུར་ལ་ཀ་བ་དགོས། །ཀ་བ་ཀླུ་རྒྱལ་བུམ་པས་འདེགས། །ལྗོང་ཤིང་ཁ་ལ་གཞའ་ཚོན་ཟུག །མཁའ་ལ་སྐར་ཆེན་ཚོམ་བུ་མཛེས། །ཞི་བ་རྣམས་ལ་གཞའ་གུར་དགོས། །རྒྱས་པ་རྣམས་ལ་གཞལ་ཡས་དགོས། །དབང་དྲག་གཉིས་ལ་མེ་རི་དགོས། །དཀར་སེར་དམར་ལྗང་ཐོན་ཁ་མཐིང་། །སྣ་ཚོགས་མེ་རི་རྩེ་བསྣོལ་བྱ། །ཁྲོ་བོ་རྣམས་ལ་དཔྲལ་བ་རྒྱས། །ཁྲོ་མོ་རྣམས་ཀྱི་དཔྲལ་བ་ཟླུམ། །ཁྲོ་བོ་གྱེན་ལ་བལྟ་བ་ཡིན། །ཁྲོ་མོ་འབྲི་ཚུགས་ལྟ་བ་ཡིན། །ཞི་བ་ཐུར་ལ་བལྟ་བ་ཡིན། །སེམས་དཔའ་འཕྲེད་ལ་བལྟ་བ་ཡིན། །མཁའ་འགྲོ་ཟུར་ལ་བལྟ་བ་ཡིན། །

སྤྱིར་ཡང་ལྷ་ཡི་མཚན་ཉིད་ལ། །ཁྲི་འཕང་དམའ་ན་ས་གནོན་ཆུང་། །རྒྱབ་ཡོལ་དམའ་ན་བསོད་ནམས་ཆུང་། །སྐུ་འབྲས་དམའ་ན་གྲགས་པ་ཆུང་། །འཁོར་ཚོགས་ཉུང་ན་བསོད་ནམས་ཆུང་། །ཆག་ཚད་མི་ལྡན་འབྱུང་པོས་རློམ། །དེ་ཕྱིར་ཆག་ཚད་ལྡན་པར་བྱ། །དེ་གྱུར་དེ་ཡི་ཡོན་ཏན་ཡོད། །ཕལ་དང་ཕལ་གྱི་ཐུན་མོང་མིན། །བསོད་ནམས་བསགས་པའི་འབྲས་བུ་ཡིན། །ཡེ་ཤེས་ལྷ་ཡི་ཆག་ཚད་དོ། །འཇིག་རྟེན་ལྷ་ལ་གཉིས་ཡིན་ཏེ། །འདས་དང་མ་འདས་ས་མཚམས་དང་། །འཇིག་རྟེན་སྐྱོང་བའི་མངའ་དབང་པོ། །ཡེ་ཤེས་དབལ་མོ་གོང་དང་མཚུངས། །ཁྲོ་བོའི་ཆག་ཚད་དག་དང་གཞལ། །མཚམས་ཀྱི་དབལ་མོ་ཁྲོ་འཛུམ་ཞལ། །མགོན་པོའི་ཚོགས་ཀྱང་དེ་དང་འདྲ། །སྤྱན་གསུམ་ཁྲོ་གཉེར་མཆེ་བ་ཅན། །གདོན་ལྔ་ཆིབས་ཀྱི་གདན་ལ་བརྗིད། །ཡང་ན་འདོར་སྟབས་གདན་ལ་འགྱིང་། །བདུད་བཙན་མ་མོ་གཤིན་རྗེའི་ཚོགས། །རྐྱ་པ་ཁྲོམ་ཚོགས་དེད་དཔོན་ཆས། །སངས་རྒྱས་བསྟན་སྐྱོང་མི་མིན་འདུལ། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་ནི། །ཁྲོ་གཏུམ་བརྗིད་འགྱིང་ལྡན་པར་བྱ། །དེ་འོག་འཇིག་རྟེན་སྐྱོང་བ་སྟེ། །སྒྲ་བླ་ཝེར་མའི་དཔའ་ཁྲོམ་དང་། །ཐུག་དཀར་ལྷ་ཡི་དམག་ཚོགས་དང་། །མགོན་པོ་བྱ་སྡོང་སྲུང་མ་དང་། །འདབ་ཆགས་རི་དྭགས་གཅན་གཟན་དང་། །བརྗིད་པའི་རྟ་མཆོག་མཛེས་ལྡན་དང་། །གོ་མཚོན་བ་དན་རུ་མཚོན་བཅས། །རྒྱུག་པ་འདྲ་དང་འདྲལ་བ་འདྲ། །འདུར་བ་འདྲ་དང་འཆམས་པ་འདྲ། །འཚོགས་པ་འདྲ་དང་འཚོམ་པ་འདྲ། །སྟག་གཟིག་དོམ་དྲེད་འདུར་དང་འདྲོལ། །ཤ་རྐྱང་གཙོད་དགོ་བན་དང་རོལ། །མཁའ་ལྡིང་འདབ་ཆགས་འཕུར་དང་འཇོལ། །ངོ་མཚར་ཆེ་བའི་ལྟད་མོ་བྲི། །ཕྱོགས་སྐྱོང་ཚོགས་ལ་འདི་ལྟ་སྟེ། །དྲི་ཟ་གྱེན་ལ་བལྟ་བ་ཡིན། །གནོད་སྦྱིན་ཐུར་ལ་ལྟ་བ་ཡིན། །ཀླུ་དབང་འབྲུ་ཚུགས་བལྟ་བ་ཡིན། །གཤིན་རྗེའི་ཐད་སོར་བལྟ་བ་ཡིན། །སྲིན་པོའི་ཚོགས་རྣམས་ཡན་ལག་རགས། །གནོད་སྦྱིན་ཚོགས་རྣམས་ལྟོ་བ་ལྡིར། །བརྗིད་ལྡན་ཁྲོ་འཛུམ་བུམ་པའི་ལྟོ། །མི་དང་རྒྱལ་པོ་ནས་འབྲས་སྤྱན། །རྒྱལ་ཆེན་རིགས་བཞི་ཆ་ལུགས་འགྱིང་། །ཚེམ་ཁྲབ་བྲང་ང་སྒེག་ནོན་འཇོལ། །ཟ་འོག་བེར་ཆེན་དཔྱངས་རལ་ཐོགས། །རྒྱལ་བློན་སྡེ་འཁོར་བཙུན་མོ་བཅས། །ཞིང་ཁམས་འཇིག་རྟེན་སྐྱོང་ན་དགོས། །དེ་ནི་ལྷ་སྐུའི་མཚན་ཉིད་དོ། །

 གཉིས་པ་ཡིག་འབྲུའི་ཆག་ཚད་ཀྱང་། །དང་ཐོག་ཚིག་དང་ཤད་ལ་སོགས། །འཕྲུལ་གྱི་ཡི་གེ་སུམ་ཅུ་ལ། །གུག་འགྲེང་ན་རོ་ཡ་བཏགས་དང་། །ར་བཏགས་ཞབས་ཀྱུས་བརྒྱན་པ་སྟེ། །གྲུ་བཞི་ཆག་ཚད་ལྡན་པར་བྱ། །སྨྱུ་གུ་གཟུགས་མོ་བྱི་ཐུལ་ལ། །འཛིན་དང་ཆུ་བབས་སྒྲོས་དང་བཅས། །དུང་ཤོག་དཀར་ལ་གཡུ་རིས་སྔོན། །གསུམ་གི་བསྟན་པའི་དུས་ལ་དར། །བེེཊཱུརྱ་ཡི་ཤོག་བུ་ལ། །རིན་ཆེན་སྣ་ལྔའི་གླེགས་བམ་བརྩམ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཐོབ། །གསུམ་པ་འདོད་ཡོན་རི་མོ་ལ། །གནམ་ལ་འཕུར་དང་ས་ལ་འཛུལ། །བར་ན་འགྲིམ་དགུའི་སེམས་ཅན་ལ། །འདབ་ཆགས་རི་དྭགས་གཡུང་དྭགས་དང་། །གཅན་གཟན་མི་ནོར་ཡུལ་མཁར་དང་། །ཟ་འོག་བེར་ཁྱིམ་གཞའ་སྤྲིན་དང་། །གླིང་བཞི་གླིང་ཕྲན་རི་རབ་གླིང་། །རི་བདུན་རོལ་མཚོ་ལྕགས་རི་བཅས། །ལྗོན་ཤིང་ནགས་ཚལ་མེ་ཏོག་གླིང་། །ཆུ་བོ་ཆུ་བྲན་རྒྱ་མཚོ་དང་། །རྒྱུ་མཐུན་སྲིད་པ་ཐམས་ཅད་དེ། །གནམ་ལ་འཁོར་ལོ་རྩིབས་བརྒྱད་དེ། །ས་ལ་པད་མ་འདབ་བརྒྱད་བྲིས། །རི་ལ་བརྩེགས་དང་ཐེམ་པ་དང་། །གངས་ལ་སྤུངས་དང་གཡའ་ལ་ཤལ། །བྲག་ལ་བསྣོལ་དང་སྤང་ལ་འབུར། །ཆུ་ལ་འཁྱིལ་དང་འབབས་པ་དང་། །དོལ་དང་ཆུ་གླིང་པ་དྲ་འཁྲུགས། །དེ་ལ་ན་བ་ནེ་ལྗང་དགོས། །ཤིང་ལ་རྒྱས་དང་སྨིན་དང་ཡལ། །དབྱར་དགུན་སྟོན་དཔྱིད་བཞི་རུ་འཆད། །མེ་ཏོག་མ་དབྱེ་དབྱེ་རུ་ཆས། །ཡལ་དང་རྒྱས་དང་གྱེས་པའོ། །པ་དྲའི་རིགས་རྣམས་གོང་གི་མཚུངས། །ཚོན་ལ་རྣམ་པ་དྲུག་ཡིན་ཏེ། །དཀར་ལྗང་དམར་སྔོན་ཐོན་ཀ་སེར། །དེ་དག་རེ་རེ་ལ་ཡང་ནི། །ཁ་དོག་རྣམ་པ་ལྔ་ལྔ་འཆད། །ཐོག་མར་དཀར་པོ་རྣམ་པ་ལྔ། །ཁ་བ་དག་ལ་སྔོ་ཞད་ཆགས། །དུང་མདོག་དག་ལ་དམར་ཞད་ཆགས། །ཤེལ་མདོག་དག་ལ་ལྗང་ཞད་ཆགས། །གང་ལ་ཉི་ཤར་སེར་ཞད་ཆགས། །ཙམ་པ་ཀ་ནི་དཀར་པོའི་མདངས། །ལྗང་ལ་རྣམ་པ་ལྔ་ཡིན་ཏེ། །དཀར་ལྗང་དམར་ལྗང་སྔོ་ལྗང་གསུམ། །སེར་ལྗང་ལྗང་ནག་གཉིས་དང་ལྔ། །དམར་པོའི་རིགས་ལ་རྣམ་པ་ལྔ། །མཚལ་དང་ཟངས་མདོག་བྷུ་དྷ་དང་། །སིན་དྷུ་ར་དང་དམར་སྨུག་དང་། །སྔོན་པོའི་རིགས་ལ་རྣམ་པ་ལྔ། །ནམ་མཁའ་མདོག་དང་སྔོ་སྐྱ་དང་། །མུ་མེན་འོད་འདྲ་ཀེ་ཀེ་རུ། །ཨིན་དྲ་ནི་ལ་རྣམ་པ་ལྔ། །ཐོན་ཀ་རྣམ་པ་ལྔ་ཡིན་ཏེ། །ཐོན་མཐིང་མཐིང་ནག་བེེཊཱུརྱ། །མཐིང་དམར་ཟངས་ཀྱི་ཁ་འོད་ཆགས། །གཡུ་མཐིང་ནམ་མཁའ་ཁ་འོད་ཆགས། །སེར་པོ་རྣམ་པ་ལྔ་ཡིན་ཏེ། །དཀར་སེར་དམར་སེར་སྣུམ་དང་འབོལ། །བཙོ་མ་གསེར་ཞུན་འདྲ་དང་ལྔ། །སྣུམ་ལ་རྩི་མར་སྙིང་པོ་འདྲ། །འབོལ་ལ་གུར་གུམ་ཁ་འོད་ཆགས། །ཚོན་ནི་ཞིབ་ལ་འབོལ་བ་གཅེས། །ཁ་དོག་སུམ་ཅུ་མདངས་དང་ཆས། །འཇིག་རྟེན་འགྲོ་བའི་སྣང་བ་བསྒྱུར། །

དེ་ཡང་མཛའ་མཐུན་སྡེབས་པ་ལ། །དཀར་དམར་ཚོན་གྱི་ཐབས་ཤེས་ཡིན། །དམར་ལྗང་ཚོན་གྱི་དགའ་མཛའ་ཡིན། །སྔོན་དམར་ཚོན་གྱི་ཤག་བཤེས་ཡིན། །མཐིང་དམར་ཚོན་གྱི་དཔའ་བོ་ཡིན། །དཀར་སེར་ཚོན་གྱི་སྤྲང་པོ་ཡིན། །སེར་ལྗང་ཚོན་གྱི་ཉམ་ཆུང་ཡིན། །དཀར་ལྗང་ཚོན་གྱི་བཙུན་མོ་ཡིན། །སྔོ་ལྗང་ཚོན་གྱི་འཕྱོ་ར་ཡིན། །དམར་ནག་ཚོན་གྱི་སྲིན་པོ་ཡིན། །ལྗང་ནག་ཚོན་གྱི་ཆུ་སྲིན་ཡིན། །དམར་སེར་ཚོན་གྱི་བཙུན་པ་ཡིན། །དམར་སྨུག་ཚོན་གྱི་སྨེ་མ་ཡིན། །སྨུག་ནག་ཚོན་གྱི་ནལ་བུ་ཡིན། །ན་རོས་ཚོན་གྱི་བག་མ་ཡིན། །དེ་ཕྱིར་མཐུན་དང་འགལ་བ་སྟེ། །སྐུ་དང་འོད་དུ་སྦྱར་བར་བྱ། །སྤྱིར་ཡང་ཚོན་གྱི་མཚན་ཉིད་ལ། །སྲབ་ན་བསོད་ནམས་དམའ་བར་འགྱུར། །འཐུག་ན་ཤེས་བྱའི་སྒྲིབ་པར་འགྱུར། །འཆོལ་ན་སྨེ་མནོལ་གོས་པར་འགྱུར། །དམ་ན་ཚེ་དཔལ་ཉམས་པར་འགྱུར། །བྱེར་ན་གདུལ་བྱ་ཆུང་བར་འགྱུར། །མཚོན་མདངས་ཉམས་ན་དམ་ཚིག་འཆལ། །དེ་ཕྱིར་ཆ་སྙོམས་གཟབ་པར་གྱིས། །སྲབ་པ་མ་ཡིན་འཐུག་པ་མིན། །སྲབ་འཐུག་ཚོད་ཀྱིས་ཟིན་པར་བྱ། །དེ་ལ་བཀྲག་མདངས་དབྱུང་བ་ནི། །མཁའ་ལྡིང་རྫས་དང་མེ་ཏོག་རྩི། །དྲུམ་ཤིང་ཁུ་བས་བཀྲག་མདངས་འབྱུང་། །མཁས་ཁྱད་ལག་ལེན་ལྡན་པར་བྱ། །ཆག་ཚད་ཆ་བགོ་སྙོམས་པར་བྱ། །ཆག་ཚད་མ་ལྡན་ལྷ་རྣམས་ནི། །རྩི་ཤིང་ནགས་ཚལ་རི་མོ་འདྲ། །སངས་རྒྱས་དངོས་སུ་སྤྱན་དྲངས་ཡང་། །

དེ་ལ་རབ་གནས་ཐེབ་མི་འགྱུར། །ཆག་ཚད་ལྡན་པའི་ལྷ་རྣམས་ནི། །བརྩམ་ནས་སངས་རྒྱས་རབ་གནས་བཞུགས། །སྤྱིར་ཡང་མཛེས་པར་མ་གྱུར་ན། །ཆག་ཚད་ཀྱིས་ཀྱང་ཅི་ཞིག་བྱ། །སྤྱན་ལ་མཛེས་ན་ཆག་ཚད་རབ། །རང་བཞིན་བྱོན་པའི་སྐུ་དང་མཚུངས། །

དེ་ཡང་གཞལ་ཡས་ཁང་ལས་སུ། །གཡས་ལོགས་ལྷོ་ལ་གཡོན་ལོགས་བྱང་། །རྒྱབ་ལོགས་ནུབ་དང་མདུན་ལོགས་ཤར། །ཤར་ན་མངོན་རྟོགས་སྒོ་འབྱེད་པའི། །དཔོན་གསས་རིག་འཛིན་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོའི་ལྷ་ཚོགས་བཀོད། །བྱང་ནས་ངན་སོང་སྒྲིབ་སྦྱོང་དང་། །ཡོངས་ཁྱབ་རྒྱས་པའི་ལྷ་ཚོགས་བཀོད། །ནུབ་ན་དུས་གསུམ་བདེར་གཤེགས་དང་། །སངས་རྒྱས་སེམས་དཔའ་སེམས་མ་དང་། །འཕྲུལ་ཆེན་ཞི་བའི་ལྷ་ཚོགས་བཀོད། །ལྷོ་ན་གང་ལ་ཅི་འདུལ་གྱི། །དབང་དྲག་འབར་བའི་ལྷ་ཚོགས་བཀོད། །བར་ཁྱམས་མཆོད་འབུལ་ལྷ་མོ་དང་། །སྲིད་པ་རྫུ་འཕྲུལ་འཁོར་ལོ་དང་། །སྟོང་གསུམ་སྟོང་གི་འཇིག་རྟེན་བཀོད། །ཞིང་ཁམས་བྱ་གཅན་རི་དྭགས་དང་། །དཔག་བསམ་ལྗོན་དང་སྐྱེད་མོའི་ཚལ། །ཆུ་བོ་ཆུ་བྲན་ལུ་མའི་མཚོ། །མེ་ཏོག་སྣ་ཚོགས་ཚལ་གྱིས་བཀང་། །ཕྱི་ཁྱམས་ཡོན་ཏན་ལན་ཆགས་དང་། །སྙིང་རྗེའི་ཡུལ་དྲུག་བཀོད་པར་བྱ། །འབྲི་ཞིང་བཀོད་པ་རྫུ་འཕྲུལ་བཟོ། །ལྷ་སྲས་གར་མས་ཐུགས་ལ་ཞོག །སེམས་ཅན་འགྲོ་ལ་སྨིན་པར་མཛོད། །བདག་གི་བསྟན་པ་མ་རྫོགས་པར། །ཁྱོད་ཀྱང་བསྟན་པའི་ཆ་ལ་གནས། །

དེ་ནས་དབྱིངས་སུ་འཁོད་པར་འགྱུར། །ཞེས་གསུངས་ཏེ། །བཟོ་རྒྱལ་གར་མ་ལི་ཤོ་ལ་གཏུགས་ཤིང་། །ཤེས་རབ་ཀྱི་རྩལ་སྦྱོང་བའི། །མཁས་པ་ཆེན་པོ་མི་དྲུག་བྱུང་སྟེ། །བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང་། །ཕུབ་ལ་མཁས་པ་རྫུ་འཕྲུལ་དབང་ཕྱུག་དང་། །བླུགས་ལ་མཁས་པ་བླུགས་ཐོག་བ་ཝ་དང་། །མགར་ལ་མཁས་པ་མགར་ལྷ་ཡུག་པ་དང་། །ལྷ་ལ་མཁས་པ་ལྷ་གསས་པདྨ་དང་། །བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་དང་དྲུག་བྱུང་སྟེ། །འཇིག་རྟེན་གྱི་ཁམས་ཡོན་ཏན་གྱིས་བརྒྱན་ཏེ། །སངས་རྒྱས་བསྟན་པ་ཆགས་པའི་ཞིང་དུ་མཛད་དོ། །

འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། རྒྱ༷ལ་བུ༷་རྒྱ༷ལ་ས༷ར་ཕྱུ༷ང་བ༷འི་ལེའུ་སྟེ་དྲུག་པའོ།། །།

(མ་རྩོམ་ཡོང་ཁུངས། འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་ རབ་ཏུ་འབར་བའི་མདོ་རྒྱལ་བུ་རྒྱལ་སར་བཏོན་པའི་མདོ་ལས་ཁོལ་དུ་ཕྱུངས།)

(སྤྱིའི་གཟིགས་གྲངས། 785 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དཔེ་སྐྲུན་…
error: རྩོམ་འདི་བདག་དབང་ཅན་ཡིན།