ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཤིས་ཚིག་དྲུང་མུའི་བཞད་སྒྲ། 

ཚོགས་ཟུང་རྒྱ་མཚོའི་རླབས་ཀྱི་ཟེགས་མ་ལས།།

འཐོར་བའི་མུ་ཏིག་འོད་ཀྱི་དམུ་ཐག་སྟེ།།

རབ་འབྱམས་བཤེས་གཉེན་གསེར་རིའི་ཕྲེང་བ་ཆེ།།

རབ་དཀར་དྲུང་མུའི་མགུལ་དུ་དལ་གྱིས་འཁྱུད།།

 

གཡུ་ལུང་བལ་པོའི་ཞིང་མཆོག་འོག་མིན་ནས།།

སྨྲ་སེང་གཟུགས་སྐུའི་ཟླ་གཞོན་འཛུམ་ཟེར་གྱིས།།

སྐལ་མང་ལས་ཅན་པད་དཀར་ལྡུམ་རའི་ཁྲོད།།

ཟབ་གདམ་སྦྲང་ཆར་བདུད་རྩིའི་ཆབ་རྒྱུན་ཕབ།།

 

ཐོས་བསམ་གེ་སར་འབུམ་གྱི་འདབ་ལོ་ལས།།

འཁྲུངས་པའི་མཁྱེན་དཔྱོད་ཨུ་དུམ་ཝ་རའི་ཚལ།།

ཞིང་འདིར་སྨིན་པའི་བསོད་ཆའི་བསུང་ངད་ཀྱིས།།

ས་གསུམ་རྒྱལ་བའི་དགོངས་བཅུད་བླ་རུ་བཏེགས།།

 

བཤད་སྒྲུབ་ཉི་ཟླའི་འོད་ཀྱི་རླབས་ཞགས་ཀྱིས།།

གཤེན་བསྟན་སྨག་གི་འཕྲང་ལས་ཉེར་བསུས་ཏེ།།

རབ་འབྱམས་མཁས་མང་སེང་ཁྱུའི་གླིང་ཆེན་ནས།།

ལུང་རིགས་དབྱར་རྔའི་སྐད་གསང་ཀུན་ལ་ལྡིར།།

 

མཐའ་ཡས་གཞུང་ལུགས་ཡངས་པའི་ཐང་ཆེན་དུ།།

ཐོས་བརྩོན་བང་ཁའི་རྨིག་བཞིའི་འཁྱུག་གར་གྱིས།།

རིན་བྲལ་བཤེས་གཉེན་མཚན་གྱི་ཅོ་པན་ཆེ།།

བརྒྱ་ཕྲག་སྐར་ཚོགས་དེང་འདིར་བཞད་འདི་རྨད།།

 

མདོ་འབུམ་བཀའ་ལུང་ཉིན་སྲིབ་རི་བོའི་ཟོམ།།

དཀའ་གནད་ལམ་གྱི་གྱ་གྱུའི་བཞུད་ལམ་དུ།།

དཀའ་སྤྱད་ལོ་ཟླའི་སྐས་ཐེམ་བརྒྱ་ཕྲག་ལས།།

བགྲོད་པའི་ཞབས་རྗེས་སེམས་དཔའི་རྣམ་ཐར་བཞེངས།།

 

སྔགས་རྒྱུད་བྱེ་རིའི་རི་རོང་སུལ་ཆེན་དུ།།

རིམ་གཉིས་ཞབས་ཟུང་གོམ་ཁའི་འདེགས་འཇོག་གིས།།

ཡང་ཡང་བསྒྱུར་བའི་འཕྲིན་ལས་འཁོར་ལོ་ཆེ།།

གསང་བདག་གྲུབ་རིག་བྱེ་བའི་རྒྱན་དུ་བཞེངས།།

 

གསང་སེམས་རྒྱུད་སྡེའི་མུ་ཏིག་འོད་གུར་དུ།།

ཡུན་རིང་བསྒོམས་པའི་ནོར་བུ་གཏེར་ཆེན་ལས།།

འཁྲུངས་པའི་དགོངས་སྤྱོད་ཟད་མེད་དངོས་གྲུབ་ཆེ།།

ཐོབ་པའི་སྒོམ་བྱུང་དོན་གཉིས་དཔལ་དུ་གྲུབ།།

 

རིག་གནས་རིན་ཆེན་ནོར་བུའི་ཞིང་ས་རུ།།

བགྲང་བྱའི་པུ་ཏི་བརྩེགས་པའི་ཉེར་ལེན་ལས།།

བྱུང་བའི་དཔྱོད་ཤེས་རིན་ཆེན་ཕ་ལམ་ཤེལ།།

ལོ་རྒྱུས་སྲིད་པའི་མཛོད་དུ་གཤོམ་སྒྲིག་མཛད།།

 

སྔོན་བྱོན་དམ་པའི་ཕྱག་སྲོལ་ཡི་བཞིན་མཛོད།།

དེ་ཡི་གདམས་པའི་ཆུ་འགོ་གངས་རིའི་སྤོར།།

ཞིང་འདིས་འཛིན་པའི་དགེ་མཚན་འོད་སྣང་ཆེ།།

ཀུན་ལ་ཁྱབ་པའི་མཛད་བཟང་དྲུང་མུའི་རྒྱན།།

 

རྒྱལ་གསུང་ལེགས་བཤད་སྟོན་ཟླའི་སྣང་བའི་རླབས།།

ཤར་ནུབ་འདྲེན་པའི་སྔོན་མེད་ཤིང་རྟ་ཆེ།།

སྨྲ་སེང་མི་ཡི་མཛད་བཟང་ཞིང་འདིར་རྒྱས།།

རྫོགས་ལྡན་གྲོང་གི་རྒྱལ་རྔ་སླར་ཡང་བརྡུང།།

 

རྒྱན་དྲུག་ལོ་ཙཱའི་འཕྲིན་ལས་སྐར་ཚོགས་མདངས།།

ཕྱོགས་མེད་བསུ་བའི་དུས་ཀྱི་སྐྱ་རེངས་འོད།།

གང་གི་ཐུགས་སྲས་མཁན་ཆེན་དམ་པའི་གསུང་།།

ཕྱོགས་མེད་བཀའ་འཁོར་འགྲོ་བའི་དཔལ་དུ་བསྐོར།།

 

གཙང་སྟོན་བཅོ་བརྒྱད་ལུང་རིགས་གད་རྒྱངས་ཆེ།།

གངས་ཁྲོད་སེང་ཁྱུའི་ངག་ལ་འཁྱུད་པའི་གདངས།།

སྒྲོག་པའི་དཔའ་བོ་སློབ་དཔོན་ཚངས་པའི་གསུང་།།

སློབ་ཚོགས་བྱེ་བའི་རིག་པའི་གསོས་སུ་སྨིན།།

 

དགོངས་མཛོད་དམ་པའི་དགོངས་རྟོགས་བདུད་རྩིའི་བཅུད།།

འཇོ་བའི་སྒྲུབ་མཁན་གངས་རིའི་སེང་ཆེན་ཞེས།།

ས་གསུམ་གྲགས་པའི་དམུ་རྨོག་འདེགས་པའི་བཤེས།།

ཞིང་འདིའི་གཙུག་ཏུ་བཞེངས་པ་ངོ་མཚར་ཆེ།།

 

རྨ་མེད་འདུལ་འཛིན་བྱེ་བའི་གཙུག་གི་ཕུད།།

ཟླ་མེད་བཤེས་གཉེན་སྟོང་གི་དད་པའི་ཞིང་།།

བཤད་སྒྲུབ་མཁན་སློབ་དྲང་སྲོང་ཉི་ཟླ་ཟུང་།།

གཤེན་རབ་བསྟན་པའི་ཏོག་ཏུ་འདི་ནས་བཞེངས།།

 

ལོ་ཟླའི་བང་རིམ་སྟོང་གི་གྲུ་ཁ་ནས།།

ཐོས་བསམ་གཟིངས་ལ་ཞུགས་པའི་བཤེས་གཉེན་གྱིས།།

གཞུང་ལུགས་རྒྱ་མཚོར་འགྲིམ་པའི་ནོར་སྐལ་ཆེ།།

གཤེན་སློབ་སྐལ་ལྡན་ཀུན་ལ་ངོམས་མེད་བསྩལ།།

 

འཆད་པའི་གསུང་གི་བཀའ་ལུང་མདུད་པ་བཀྲོལ།།

རྩོད་པའི་ཚིག་གི་སྨྲ་བའི་ལྗགས་རླབས་བསྐྱངས།།

རྩོམ་པའི་ངག་གི་དབྱངས་ཅན་རྒྱུད་མང་འཁྲོལ།།

བསྟན་པའི་འཁོར་ལོ་ཞིང་མཆོག་འདི་ནས་བསྐོར།།

 

ཐེག་དགུའི་གསོ་སྨན་སྐྱེད་ཚལ་ཡངས་པ་རུ།།

ཐོས་བསམ་བཅུད་ལ་ངོམས་མེད་རོལ་བའི་སྡེ།།

གཤེན་རབ་སློབ་ཚོགས་བུང་བུའི་འཕུར་གར་ཆེ།།

གཤེན་གྱི་བསྟན་པའི་རྒྱན་དུ་ཡུན་གནས་ཤོག།

 

རྒྱུད་གསུམ་བསྟན་པའི་མཛོད་འཛིན་བསླབ་གསུམ་བྱེ་བའི་གཙུག་རྒྱན། གསང་གསུམ་བསྟན་པའི་གསལ་བྱེད་༧སྐྱབས་མཆོག་ཡོངས་འཛིན་ཆེན་མོའི་གདན་ས་ཁྲི་བརྟན་ནོར་བུ་རྩེར་རབ་འབྱམས་བཤེས་གཉེན་གྱི་གྲངས་བརྒྱ་ཕྲག་གཅིག་ལོན་པའི་རྟེན་འབྲེལ་ཤིས་ཚིག་ཏུ་ཞང་ཚུལ་མི་ནས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༩ ཉིན་གདན་ས་ཁྲི་བརྟན་ནོར་བུ་རྩེར་བྲིས།

 

རྩོམ་པ་པོ། ཞང་ཚུལ་མི།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 237 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བལ་ཡུལ་བོན…
error: རྩོམ་འདི་བདག་དབང་ཅན་ཡིན།