ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་བཞི་པའི་དགེ་བཤེས་མཛད་སྒོ་ཉིན་དང་པོ།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་མི་ལོ་ཉི་ཤུ་ཉེ་བ་ལ་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པར་སློབ་སྦྱང་གནང་སྟེ།༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བརྒྱ་སྟོན་མཛད་སྒོ་དང་བསྟུན་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བསྩལ་རྒྱུ་ཡིན་འདུགདེ་རིང་སྟེ་ཧོར་ཟླ་༡༢ཚེས་༡༢ཕྱི་ལོ་༢༠༢༥ཟླ་༢ཚེས་༩རེས་གཟའ་ཉི་མའི་ཉིན་ནས་ཉིན་ལྔའི་རིང་དགེ་བཤེས་མཛད་སྒོ་གཉེར་རྒྱུ་དང་།དེ་རིང་ནས་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་བཞི་པའི་དགེ་བཤེས་མཛད་སྒོ་དངོས་སུ་དབུ་འཛུགས་གནང་ཡོད། དེ་ཡང་སྔ་དྲོ་ཕྱག་ཚོད་༩བའི་ཐོག ༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། དེ་རིང་གི་བཀའ་རམས་པ་རྣམ་པ་དྲུག་བཅས་བདུག་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་།  འདུན་རྣམ་པ་དང་སྐུ་མགྲོན་ཁག་དང་མི་མང་རྣམ་པ་བཅས་བཞུགས་གྲལ་དུ་འཁོད་རྗེས། དེ་རིང་གི་བཀའ་རམས་པ་རྒྱལ་དབང་དྲང་སྲོང་ཤེས་རབ་དགེ་ལེགས་རྒྱ་མཚོ། ཅང་པ་དྲང་སྲོང་ཚུལ་ཁྲིམས་ཀུན་ཁྱབ་མཐར་ཕྱིན། རྗེས་རུ་དྲང་སྲོང་ཁྲི་གཙུག་བསྟན་པ་རྒྱལ་མཚན། ཁྲ་རྒན་དྲང་སྲོང་གཡུང་དྲུང་བསྟན་པ་རྒྱལ་མཚན། འགྲུ་རིགས་དྲང་སྲོང་ཚུལ་ཁྲིམས་དྲི་མེད་རྣམ་དག ལི་འབྱིངས་དྲང་སྲོང་ཚུལ་ཁྲིམས་རྒྱ་མཚོ་བཅས་རྣམ་པ་དྲུག་གིས་སྔོན་འགྲོའི་བཤད་པ་གྱེར་ཞིང་། དེ་འབྲེལ་གྱི་གཟབ་ཇ་འབྲས་སིལ་བཅས་འདེགས་འབུལ་ཞུས་གནང་།

ཉིན་གུང་ཕྱག་ཚོད་༡༢ཐོག་བཀའ་རམས་པ་པ་རྣམ་པ་ཐུན་མོང་གི་གཏོང་སྒོ་ཆེན་མོ་དང་། ཉིན་རྒྱབ་ཕྱག་ཚོད་༣ཐོག་བཤད་པའི་འཕྲོ་གྱེར་ཞིང་བཀྲ་ཤིས་གསོལ་ཏེ་བཀྲ་ཇ་དང་བཞེས་གྲོ་འདེགས་འབུལ་ཞུས་པ་སོགས་དགེ་བཤེས་མཛད་སྒོ་ཉིན་དང་པོའི་གནས་བསྡུས་སུ་རིག་པའི་མེ་ལྕེས་ཕྱི་ལོ་་༢༠༢༥ལོའི་ཟླ་༠༢ཚེས་༠༩ཉིན།

བཀའ་རམས་པ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།

བཀའ་རམས་པ་རྒྱལ་དབང་དྲང་སྲོང་ཤེས་རབ་དགེ་ལེགས་རྒྱ་མཚོ་ནི། ཕྱི་ལོ་༡༩༨༢ལོར་ཁྱུང་ཡུལ་ནག་རུ་སྟོད་རྒྱལ་དབང་ཚང་སྐྱེས་ཤིང་རང་ལོ་བརྒྱད་ནས་དགེ་རྒན་ལྡོང་མདོ་བསམ་འགྲུབ་ལ་བརྟེན་ནས་ཡི་གེ་སྦྱངས། རང་ལོ་བཅུ་དགུའི་ཐོག་ནས་ཁྱུང་པོ་སྟེང་ཆེན་དགོན་པའི་ཁྲི་འཛིན་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས།  རང་ལོ་ཉེར་གཉིས་ནས་སྟེང་དགོན་སྒྲུབ་གྲྭར་ཞུགས་ནས་ཤར་རྫའི་མཛོད་ལྔའི་ཁྲིད་དང་དབང་ལུང་གཞན་རིག་གནས་སུམ་རྟགས་དག་གསུམ་སོགས་སྦྱང་ནས་ལོ་བཞི་ཡི་བཅད་མཚམས་མཐར་ཕྱིན་པར་བྱས།    རང་ལོ་ཉེར་བདུན་ཐོག་ནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་འབྱོར་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་བྱས།  སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་དྲང་སྲོང་སྡོམ་ཁྲིམས་ཞུས།  སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་དགེ་བསྐོས་ཀྱི་ལས་གནས་འགན་ཁུར་བྱས། བཤད་གྲྭའི་དཔེ་ཁྲིད་རྫོགས་ནས་ལོ་གསུམ་གྱིས་རིང་སྒྲུབ་གྲྭར་ཞུགས་ནས་མཐར་ཕྱིན་པར་བྱས། ཕྱི་ལོ་༢༠༢༤ལོར་བཀའ་རམས་པའི་མཚན་རྟགས་ཐོབ་ནས། ཕྱི་ལོ་༢༠༢༤སྤྱི་ཟླ་༡༡ཚེས་པ་༡༥ཉིན་སྐྱབས་རྗེ་མཁན་སློབ་རྣམས་པས་སྤྱན་སྔར་ཤོག་ཁྲ་སྤྱན་འབུལ་ཞུས་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་”རིག་འཛིན་དགྱེས་པའི་འབངས་”ཞེས་གནང་བ་བཅས་སོ། །

བཀའ་རམས་པ་ཅང་པ་དྲང་སྲོང་ཚུལ་ཁྲིམས་ཀུན་ཁྱབ་མཐར་ཕྱིན་ནི། མདོ་ཁམས་རྔུལ་རྫ་ཟལ་མོའི་སྒང་སྟོད་ཁྱུང་པོ་སྟེང་ཆེན་སྤུ་རྒྱལ་གངས་རིའི་ཉེ་འཁོར་ག་ངས་ཤང་གི་གཡས་ཟུར་ངས་གཞུང་གཟིགས་ལུང་མདར་ཕ་ཅང་པ་བུ་དཀར་དང་མ་གོ་བཟའ་ཨ་སྲོག་གཉིས་ཀྱི་གཞིས་སུ་སྐྱེས། རང་ལོ་དགུ་ནས་ཞང་ཚང་བསྭོ་འགྲུབ་མདུན་ནས་ཡི་གེ་བསླབས།  དེ་རྗེས་རང་ལོ་བཅུ་གཅིག་ནས་ག་ངས་སློབ་ཆུང་ཕྱིན། དེ་ནས་འཛིན་རིམ་དྲུག་པ་བར་སློབ་གྲྭར་འགྲིམས། སློབ་གྲྭའི་གུང་གསེང་སྐབས་ཞང་ཚང་ནས་ཡི་གེ་འདོན་ཡ་གཙོ་བོ་བསླབས་ཀྱི་ཡོད།  བར་བར་ལ་སྒང་སར་གཡུང་དྲུང་ཉི་མའི་མདུན་ནས་ཡི་གེ་འབྲི་རྒྱུ་དང་འཕྲིན་ལས་སྐོར་ཅུང་ཙམ་སྦྱོང་བའི་གོ་སྐབས་རག། ཕྱི་ལོ༢༠༠༥ཡས་མས་ཀྱི་མཚམས་དེར་མགར་བ་དབུ་མཛད་ཆེན་མོ་འཆི་མེད་མདུན་ནས་སྤྱི་རྒྱུགས་ཉེར་མཁོ་དང་གེ་ཁོད་བཅས་ཀྱི་གྱེར་དབྱངས་དང་ཕྲིན་ལས་སྐོར་སྦྱངས། སྐབས་དེར་ཤིང་རོང་ནས་ཕེབས་པའི་བླ་མ་གཙུག་ཕུད་རིན་པོ་ཆེའི་ང་ཚོའི་ཕ་ཡུལ་ཕྱོགས་ལ་དགེ་སྐུལ་ཧ་ཅང་གནང་བཞིན་པའི་གང་རེད་འདུག གྲྭ་པ་དང་ཨ་ནེ་ཉིན་རེ་ནས་ཇེ་མང་འགྲོ་བཞིན་འདུག་ལ་སྐྱ་སེར་ཕལ་ཆེར་གྱིས་སྔོན་འགྲོ་དང་དངོས་གཞི་རྩ་རླུང་དང་མུན་མཚམས་བསྙུང་གནས་བཅས་དགེ་སྒྲུབ་སྡིག་སྤོང་ལ་འབད་ཀྱི་འདུག བདག་གིས་ཀྱང་དགུན་དུས་ཀྱི་སློབ་གྲྭའི་གུང་སེང་སྐབས་སྔོན་འགྲོ་དང་དངོས་གཞི་མུན་མཚམས་རྩ་རླུང་བཅས་ཁོང་གིས་མདུན་ནས་སྦྱངས་པ་བྱས།  དེ་རྗེས་ཁོང་གིས་བཀའ་གནང་ལྟར་གཙང་གཙུག་གི་སྡོམ་པ་ཞུས། དེ་ནས་ཡུན་རིང་མ་སོང་བར་གབ་རྒྱུགས་བྱས་ནས་ཁྱུང་པོ་སྟེང་ཆེན་དགོན་དུ་བཤད་གྲྭར་ཞུགས་ཏེ་ལོ་གཅིག་ཙམ་བསྡད། དེའི་རིང་བླ་མ་རྒྱ་མཚོའི་མདུན་ནས་བཀའ་ལུང་རྒྱ་མཚོ་དང་སྡེ་སྣོད་མཛོད་གཙོས་པའི་རྫོགས་ཆེན་བོན་སྡེ་མང་པོའི་ལུང་རྒྱུན་དང་ཁྲིད་ཐོབ་མྱོང་། སྟེང་དགོན་སློབ་དཔོན་རྒྱལ་བ་བསྟན་འཛིན་དང་སྒྲུབ་མཁན་ནོར་བུ་གཙོས་དགེ་རྒན་མང་པོའི་མདུན་ནས་སྡུད་གྲྭ་དང་མིང་གཞི་སུམ་རྟགས་བཅས་ཁྲིད་ཐོབ།  དེ་རྗེས་སྒྲུབ་ཐོན་པ་ཟེམ་ཚང་བཟོད་པ་གཙུག་ཕུད་ལྷན་དུ་སྤྱི་ལོ་༢༠༠༧༡༢༡༢ཉིན་བལ་ཡུལ་སྣེ་ལེན་ཁང་བརྒྱུད་དེ་ནས་རྒྱ་གར་རྡ་ས་འབྱོར། དེ་ནས་སྨན་རི་དགོན་དུ་ཁྲི་འཛིན་སོ་གསུམ་པའི་མདུན་ནས་སླར་ཡང་རབ་བྱུང་གི་སྡོམ་པ་ཞུས་ཏེ་གྲྭ་སའི་སྒྲིག་ལ་ཞུགས། ཨ་དཀར་ཞི་གཅོད་ཀྱི་ལྗགས་ལུང་དང་ཚེ་སྒྲུབ་དབང་ཐོབ། ཁྱད་པར་དུ་ཕྱི་ལོ་༢༠༡༣༠༡༡༡ཉིན་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང་སྨན་རིའི་ཡོངས་འཛིན་སློབ་དཔོན་རྣམ་གཉིས་གཙོས་དགོན་འདིའི་མཁན་སློབ་རྣམས་དབུ་བཞུགས་ཐོག་རང་དགོན་འདིར་ཁྲིམས་ཆེན་གྱི་སྡོམ་པ་གནང་སའི་སྐྱབས་འོག་ཏུ་སྐལ་བཟང་གི་དངོས་གྲུབ་མཉམ་དུ་ཐོབ། ཕྱི་ལོ་༢༠༠༧་ནས་ད་བར་དགོན་གནས་འདིར་ཡོངས་འཛིན་རིན་པོ་ཆེ་གཙོས་མཁན་སློབ་རྣམ་པས་བསྐུར་གནང་བའི་མ་རྒྱུད་དབང་བཞི་གཙོས་དབང་དང་ཁྲིད་ལུང་ཕལ་ཆེར་ཐོབ། དགོན་འདིར་ཆེས་བཀའ་དྲིན་ཆེ་བའི་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་མཆོག་རྩ་བའི་བླ་མ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་དང་མཁན་ཆེན་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་གཟིགས་སྐྱོང་འོག་སློབ་དཔོན་ཚངས་པ་རིན་པོ་ཆེ་མཆོག་དང་སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་བཤད་སྒྲུབ་མཁན་སློབ་རྣམ་པ་གཙོས་དགེ་རྒན་རྣམ་པའི་མདུན་ནས་མིང་གཞི་དང་སུམ་རྟགས་སྙན་ངག་རྩིས་དཀར་ནག་དཀྱིལ་འཁོར་གཟུངས་གཞུག་སྒྲ་བཅས་དང་།   སྡུད་གྲྭ་རྟགས་རིགས་ཚད་མ་ས་ལམ་ཕར་ཕྱིན་སྐབས་བརྒྱད། དབུ་མ་མཛོད་འདུལ་བ་སྔགས་རྫོགས་ཆེན་བཅས་ལོ་ངོ་བཅུ་གསུམ་རིང་ཐོས་བསམ་སློབ་གཉེར་བྱས།

དེ་ནས་བཤད་གྲྭའི་སློབ་ཡུན་མཐར་ཕྱིན་རྗེས་སྒྲུབ་གྲྭར་ཞུགས་ཤིང་རྫོགས་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་སློབ་གཉེར་བྱས། སྡུད་གྲྭ་ནས་ཐེག་འགྲེལ་མན་ཆད་ངག་རྒྱུགས་ཕུལ། ཞོར་དུ་སྙན་རྩོམ་ཐར་ཐོར་དང་དཔྱད་རྩོམ་ཐར་ཐོར་འགའ་དུས་དེབ་དང་དྲ་བའི་ཐོག་བཀོད་མྱོང་། ༢༠༡༦ལོར་ཆོས་རྒྱུད་དྲུག་གི་དབུ་མའི་བགྲོ་གླེང་ཐེངས་གཉིས་པ་དཔལ་སྤུངས་ཤེས་རབ་གླིང་མཉམ་ཞུགས་དང་རང་དགོན་འདིར་སྤྱི་ལོ་༢༠༢༡༡༦ཉིན་བོན་རིག་པའི་བགྲོ་གླེང་སྐབས་དང་པོ་ནས་བཟུང་གཉིས་པ་གསུམ་པ་ལྔ་པ་བཅས་ལ་མཉམ་ཞུགས་བྱས་པའི་སྐལ་བཟང་ཐོབ།  སྤྱི་ལས་ཀྱི་ཐད་ནས་ཟུར་ཚོགས་དབུ་མཛད་ལོ་ངོ་གསུམ་དང་བཤད་སྒྲུབ་འདུས་སྡེའི་རྩིས་པ་ལོ་གཅིག་མཆོད་མེ་སྤར་མཁན་ལོ་གཅིག་དཀོར་གཉེར་ལོ་ངོ་གཅིག་དང་གཞིས་རིམ་སློབ་མ་རྣམས་ལོ་ངོ་གསུམ་གྱི་ཕྱི་དྲོའི་སྐབས་ཡི་གེ་འབྲི་འདོན་གྱི་སློབ་ཁྲིད་བཅས་ཞབས་ཕྱི་བསྒྲུབས། མཐར་སྤྱི་ལོ་༢༠༢༣ལོར་བོད་ཟླ་༡༢པའི་ཚེས་༡༥སྟོན་པའི་འཁྲུངས་མཆོད་ཆེན་མོའི་ཉིན་སྒྲུབ་ཐོན་པའི་ཕྱག་འཁྱེར་ཐོབ། སྤྱི་ལོ་༢༠༢༤ལོའི་བོད་ཟླ་༡༠པའི་ཚེས་༡༥ཉིན་བླ་བྲང་གསར་པའི་ནང་མཁན་སློབ་རྣམས་ཤོག་ཁྲ་རྩིས་འབུལ་ཞུས།  བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་”དབྱིངས་ཉིད་རང་སར་གྲོལ་བའི་བུ་”ཞེས་བསྩལ་གནང་མཛད།  ད་ལན་ཕྱི་ལོ་༢༠༢༥ལོར་གདན་ས་འདིར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དགུང་ལོ་བརྒྱ་ཕྲག་གཅིག་ཕེབས་པའི་སྐལ་བཟང་གི་དུས་ཆེན་དང་འབྲེལ་དགེ་བའི་བཤེས་གཉེན་ཀྱི་མཚན་རྟགས་བསྩལ་རྒྱུ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

བཀའ་རམས་པ་རྗེས་རུ་དྲང་སྲོང་ཁྲི་གཙུག་བསྟན་པ་རྒྱལ་མཚན་ནི། བོད་མེ་མོ་ཡོས་ཕྱི་ལོ་ ༡༩༨༧ ལོར་ཁྱུང་ཡུལ་ངས་གཞུང་གི་འབྲོག་ཁྱིམ་ཨ་འུབ་ཚང་དུ་སྐྱེས།  ཕྱི་ལོ་ ༡༩༩༣ རང་ལོ་བདུན་ནས་བཟུང་ཁྱུང་རྒྱུད་བསོད་ནམས་ཕུན་ཚོགས་དྲུང་ནས་བོད་ཡིག་སྦྱོར་ཀློག་དང་ཕྱི་ནང་གནང་བའི་ཆོ་ག་ཕྱག་ལེན་སྐོར་རིམ་བཞིན་སྦྱངས། ཕྱི་ལོ་ ༡༩༩༥ རང་ལོ་དགུའི་ཐོག་ངས་པ་མར་ཁུ་དགོན་གྱི་ཚོགས་གྲལ་ལ་ཞུགས། ཕྱི་ལོ་ ༢༠༠༢ ལོར་གནས་མཆོག་རྩེ་དྲུག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་དྲུང་ནས་སྔོན་འགྲོ་དངོས་གཞི་སོགས་ཞུས་ཏེ་རབ་ཏུ་བྱུང་། ཕྱི་ལོ་ ༢༠༠༢ ལོར་རེ་ནེ་དགོན་དུ་བླ་མ་གཙུག་ཕུད་ཚུལ་ཁྲིམས་མདུན་ནས་རྩ་རླུང་དང་ཤར་རྫའི་ཁྲིད་སྐོར་སྦྱངས། ཕྱི་ལོ་ ༢༠༠༣ ལོར་ཁྱུང་པོ་སྟེང་ཆེན་དགོན་དུ་སྒྲུབ་གྲྭར་ཞུགས་ནས་མཁན་པོ་འོད་ཟེར་སྦྱིན་པ་རིན་པོ་ཆེ་དང་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གཙོས་པའི་དགེ་རྒན་རྣམས་ཀྱི་དྲུང་ནས་གྲུབ་དབང་ཤར་རྫ་བའི་མཛོད་ཆེན་རྣམ་ལྔ་དང་ཐུན་མོང་རིག་གནས་སྐོར་ལོ་བཞི་ལ་སྦྱངས་རྗེས་སྒྲུབ་གྲྭ་མཐར་སོན། ཕྱི་ལོ་ ༢༠༠༧ ལོར་བལ་ཡུལ་བརྒྱུད་རྒྱ་གར་དུ་འབྱོར་ནས་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་མདུན་ནས་བསླབ་སྡོམ་ཞུས་ཏེ་སྔར་སྲོལ་ལྟར་གདན་ས་སྨན་རིའི་སྒྲིག་ལ་ཞུགས། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གདན་ས་ཁྲི་བརྟན་ནོར་བུ་རྩེར་འབྱོར་ནས། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས། ཕྱི་ལོ་ ༢༠༠༩ ༢ ༢༤ སྔ་དྲོ་ཆུ་ཚོད་ ༤ པའི་ཐོག་ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ཚུལ་གྱི་མཁན་པོ་དང་། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གིས་ཁྲིམས་ཀྱི་སློབ་དཔོན་གནང་། དཔང་པོའི་ཚུལ་དུ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་སྤྲུལ་དགེ་བའི་བཤེས་གཉེན་ལྷན་འཛོམས་གནང་བའི་མདུན། བསྙེན་རྫོགས་ཀྱི་སྡོམ་པ་ཞུ་སྐབས་ཚུལ་མིང་ཁྲི་གཙུག་བསྟན་པ་རྒྱལ་མཚན་གནང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་གཙོས་པའི་བཤད་སྒྲུབ་མཁན་སློབ་དང་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་ཅིང་། བསྡུས་རྟགས་ནས་བཟུང་སྟེ་རྫོགས་ཆེན་བར་རིམ་བཞིན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་དང་། བརྡ་དག་སོགས་རིག་གནས་རྣམས་ཀྱི་སློབ་ཚན་གང་ཡོད་ཁག་ལ་སྒྲིག་གཞི་ལྟར་ཐོས་བསམ་སློབ་གཉེར་དང་རྒྱུགས་སྤྲོད་ཚུལ་མཐུན་བྱས།  ཕྱི་ལོ་ ༢༠༡༣ ལོར་བོན་གཞིས་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེས་གསང་སྔགས་ཕྱི་ནང་གི་བཀའ་དབང་གང་བསྩལ་བ་རྣམས་ཐོབ། ཕྱི་ལོ་ ༢༠༡༠ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་རྣམ་པས་སྔགས་རྫོགས་ཀྱི་གཞུང་ཆེན་དུ་མའི་བཀའ་ལུང་གང་བསྩལ་བ་རྣམས་ཐོབ། ཕྱི་ལོ་ ༢༠༡༩ གདན་ས་ཁྲི་བརྟན་ནོར་བུ་རྩེར་རྗེ་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་དྲུང་ནས་ཡི་དམ་རིག་འཛིན་མཁའ་འགྲོའི་བཀའ་དབང་གང་བསྩལ་བ་རྣམས་ཐོབ། ཕྱི་ལོ་ ༢༠༢༡ ལོར་གཞུང་ཁྲིད་རྫོགས་རྗེས་གསང་སྔགས་སྤྱི་སྤུངས་ཁྲོ་བོ་རྒྱུད་དྲུག་ལོ་གཅིག་ཆེད་སྦྱོང་གནང་། ཕྱི་ལོ་ ༢༠༡༢ ལོར་སྐྱབས་རྗེ་ཡོངས་འཛིན་རིན་ཆེའི་ཞལ་ཁྲིད་ལྟར་སྤྱི་སྤུངས་སྨན་སྒྲུབ་ཀྱི་ཕྱག་ལེན་སྦྱངས་ཏེ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་ཆེན་སྐབས་ཨ་མཆོད་གནང་། ཕྱི་ལོ་ ༢༠༢༠༤ ལོར་སྐར་རྩིས་སྐོར་ནས་ཆེད་སྦྱོང་བྱས། ཕྱི་ལོ་ ༢༠༢༤ ༡༢ ༡༥ རིག་གནས་ཤོག་ཁྲ་སྤྱན་འབུལ་ཞུ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་”བློ་གཏེར་རིག་པའི་རལ་གྲི་”ཞེས་གནང་།

ཞོར་དུ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལག་བསྟར་གྱི་ཉམས་མྱོང་བསགས་པ་ནི། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ ནས་ཕྱི་ཚེས་ ༢༣ བར་ཉིན་གྲངས་གསུམ་རིང་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ཐེངས་གཉིས་པ་འཚོགས་སྐབས་མཉམ་ཞུགས་གནང་། ཕྱི་ལོ་ ༢༠༡༧ ༡༡ ༡ ནས་ ༥ བར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ཉིན་ལྔའི་རིང་གི་རྒྱལ་ཡོངས་ཟབ་སྦྱོང་སྐབས་མཉམ་ཞུགས་གནང་། ཕྱི་ལོ་ ༢༠༢༡ ༡ ༡༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་བོན་རིག་པའི་བགྲོ་གླེང་ཐེངས་དང་པོ་འཚོག་སྐབས་”དམ་རྫས་རྩ་བ་ལྔ་དང་ཁྱད་པར་གསང་ཤ་གལ་ཆེན་གྱི་སྐོར།” ཞེས་པའི་རྩོམ་ཡིག་བྲིས་ཏེ་བགྲོ་གླེང་གནང་། ཕྱི་ལོ་ ༢༠༡༩ ༦ ༧ ཉིན་རིས་མེད་བགྲོ་གླེང་ཐེངས་བཞི་པའི་ཐོག་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་”སྲིད་པའི་མཛོད་ཕུགས་ལས་མཛོད་གནས་༧༡༠བར་གྱི་བསྡུས་དོན་ངོ་སྤྲོད།” ཅེས་པའི་རྩོམ་ཤོག་བྲིས་ཏེ་བགྲོ་གླེང་གནང་། ཕྱི་ལོ་ ༢༠༢༠ ལོར་སྐབས་ ༢༦ པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་། ཕྱི་ལོ་ ༢༠༢༠ འཛིན་རིམ་འོག་མར་སྙན་ངག་དཔེ་ཁྲིད་དང་། ཕྱི་ལོ་ ༢༠༢༡ ལོར་ནག་རྩིས་ཀྱི་དཔེ་ཁྲིད་དགེ་རྒན་གནང་། ཕྱི་ལོ་ ༢༠༢༢ ནས་ ༢༠༢༣ བར་ལོ་ཧྲིལ་པོ་གཉིས་རིང་སྐབས་བབ་ཆེད་སྦྱོང་བློས་གཏོང་བྱས་ནས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་བཀའ་ལྟར་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་བོད་ཡིག་དགེ་རྒན་གྱི་ཞབས་ཞུ་བསྒྲུབས། ཕྱི་ལོ་ ༢༠༢༠༤ ༩ ༡ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་བོན་རིག་པའི་བགྲོ་གླེང་ཐེངས་ལྔ་པ་འཚོག་སྐབས་”རྗེ་ཡི་གསང་དོན་རྣམ་འབྱེད་ལྟར་གསས་མཁར་སྤྱི་སྤུངས་ཀྱི་རྒྱུད་སྐོར་གླེང་བ།” ཞེས་པའི་རྩོམ་ཤོག་བྲིས་ཏེ་བགྲོ་གླེང་ཆ་ཤས་བླངས། ཕྱི་ལོ་ ༢༠༡༥ ནས་ད་བར་མེ་ལོང་ཡེ་ཤེས་དྲ་བའི་ལག་བསྟར་རྩོམ་སྒྲིག་པའི་འགན་ཁུར་བཞིན་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༧ དང་ ༨ གཉིས་ལ་དཔོན་གསས་བླ་མ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་རླབས་ཆེའི་མཛད་འཕྲིན་གླེང་བའི་སྐོར་གྱི་བགྲོ་གླེང་གི་ཆ་ཤས་བླངས། ཕྱི་ལོ་ ༢༠༠༥ ལོར་དགེ་བཤེས་མཛད་སྒོའི་ཆེད་དུ་”རྗེ་བླ་མས་གཡུང་དྲུང་བོན་གྱི་དབང་ལུང་ཁྲིད་སྡོམ་གྱི་བསྟན་རྒྱུན་བསྐྱངས་ཚུལ་”དང་།གསས་མཁར་སྤྱི་སྤུངས་ཀྱི་རྒྱུད་སྐོར་གླེང་བ་སོགས་ཀྱི་དཔྱད་གླེང་ཕྱོགས་བསྒྲིགས།” སྙན་དེབ་”ཀ་ཁའི་བླ་འགུགས་ཚེ་འགུགས་”བཅས་སྤེལ་བ་དང་།གཡུང་དྲུང་བོན་གྱི་ཡི་དམ་ཕྱི་ནང་གསང་གསུམ་གྱི་གཏོར་མ་བཅའ་ཐབས་མཐོང་རྒྱུན་དཔེ་རིས་སུ་བཀོད་པ་ཀུན་ཕན་ནོར་བུ།” ཞེས་པ་རྩོམ་སྒྲིག་བྱེད་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།། །།

བཀའ་རམས་པ་ཁྲ་རྒན་དྲང་སྲོང་གཡུང་དྲུང་བསྟན་པ་རྒྱལ་མཚན་ནི།  མདོ་ཁམས་ཚ་བ་སྒང་གི་ཉེ་འགྲམ་ཁྲ་རྒན་དགོན་པའི་ཡུལ་སྡེར་སྐྱེས་ཤིང་། ཐོག་མར་ཕ་རྒན་གྱི་མདུན་ནས་ཤེས་ཡོན་གྱི་གཞི་མ་ཀ་མད་སུམ་ཅུ་བསླབ་པ་དང་རིམ་བཞིན་ཁྲ་རྒན་དགོན་པའི་གྲྭ་ཚུལ་ཁྲིམས་བསྟན་པའི་དྲུང་དུ་འདོན་ཀློག་སོགས་སྦྱང། ཕྱི་ལོ་ ༢༠༠༥ ལོར་ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་བླ་འོད་ཟེར་སྦྱིན་པ་མཆོག་ཁྲ་རྒན་ལ་ཕེབས་སྐབས་ཁོང་གི་མདུན་ནས་གཙང་གཙུག་གི་སྡོམ་པ་ཞུས་པ་དང་ལོ་དེར་ཁོང་དང་ལྷན་དུ་ཁྱུང་པོ་སྟེང་ཆེན་དགོན་དུ་བསྐྱོད་ནས་བཤད་གྲྭ་བའི་སྒྲིག་ཁོངས་སུ་ཞུགས་ཏེ་སྔོན་འགྲོའི་རིག་ལམ་སྐོར་སྦྱངས།  ཕྱི་ལོ་ ༢༠༠༧ ལོར་བལ་ཡུལ་བརྒྱུད་རྒྱ་གར་སྨན་རིའི་དགོན་དུ་འབྱོར་ནས་གྲྭ་སའི་སྒྲིག་སྲོལ་བཞིན་༧བདེར་བར་གཤེགས་པ་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་སྐུ་མདུན་གཙང་གཙུག་གི་སྡོམ་ཁྲིམས་ཞུས་ཏེ་སྨན་རིའི་སྒྲིག་ལ་ཞུགས།  སླར་ཡང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་རྩེ་རུ་འབྱོར་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ། སྡུད་གྲྭ་ནས་བཟུང་རྫོགས་པ་ཆེན་པོ་ནམ་མཁའ་འཕྲུལ་མཛོད་ཀྱི་བར་གྱི་གཞུང་ཆེན་ཁག་དང་། ཐུན་མོང་རིག་གནས་དང་བཅས་པ་མི་ལོ་བཅུ་གསུམ་རིང་སྦྱངས་ཏེ་རྒྱུགས་སྤྲོད་བྱས། སླར་ཡང་ཕྱི་ལོ་ ༢༠༢༡ ལོར་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་མཐར་སོན་པར་བྱས། ཤིང་འབྲུག་ཟླ་བ་༡༢པའི་ཚེས་༡༥ཉིན་སྐྱབས་རྗེ་མཁན་སློབ་རྣམ་པའི་སྤྱན་སྔར་རིག་གནས་ཀྱི་ཤོག་ཁྲ་རྒྱུགས་སྤྲོད་བྱས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་”ཡེ་མཁྱེན་ངག་གི་དབང་པོ་”ཞེས་གནང་། ཕྱི་ལོ་༢༠༢༥ལོར་སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་ཆེན་མོ་མཆོག་དགུང་གྲངས་བརྒྱ་ལ་ཕེབས་པའི་སྐལ་བཟང་གི་དུས་སྟོན་ཐོག་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཐོབ་པའི་སྐལ་བཟང་ཤར་བ་བཅས་སོ།།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 516 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  གཡུང་དྲུ…
error: རྩོམ་འདི་བདག་དབང་ཅན་ཡིན།