ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་བཞི་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པ།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་མི་ལོ་ཉི་ཤུ་ཉེ་བ་ལ་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པར་སློབ་སྦྱང་གནང་སྟེ། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བརྒྱ་སྟོན་མཛད་སྒོ་དང་བསྟུན་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བསྩལ་རྒྱུ་ཡིན་འདུགདེ་རིང་སྟེ་ཧོར་ཟླ་༡༢ཚེས་༡༣ཕྱི་ལོ་༢༠༢༥ཟླ་༢ཚེས་༡༠རེས་གཟའ་ཟླ་བའི་ཉིན་ཏེ་དེ་རིང་ནི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་བཞི་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་ཆགས་ཡོད།

དེ་ཡང་སྔ་དྲོ་ཕྱག་ཚོད་༩བའི་ཐོག ༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། དེ་རིང་གི་བཀའ་རམས་པ་རྣམ་པ་དྲུག་བཅས་བདུག་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་།  དགེ་འདུན་རྣམ་པ་དང་སྐུ་མགྲོན་ཁག་དང་མི་མང་རྣམ་པ་བཅས་བཞུགས་གྲལ་དུ་འཁོད་རྗེས། དེ་རིང་གི་བཀའ་རམས་པ་དབུ་རི་དྲང་སྲོང་གཡུང་དྲུང་རྒྱལ་མཚན་དབང་པོ། ལྷ་ལྡོང་དྲང་སྲོང་བསོད་ནམས་ཚུལ་ཁྲིམས་དབང་རྒྱལ། ཞུ་ཚང་དྲང་སྲོང་བསྟན་པ་ཚུལ་ཁྲིམས། ཁྲོ་རྣམ་དཀར་པོ་དྲང་སྲོང་ཉི་མ་བསྟན་འཛིན་རྒྱལ་པོ། རག་ཤི་དྲང་སྲོང་ཐབས་མཁས་དཔལ་ལྡན་དབང་པོ། མ་ནུ་དྲང་སྲོང་གཡུང་དྲུང་མཐར་ཕྱིན་འཇིགས་བྲལ་བཅས་རྣམ་པ་དྲུག་གིས་སྔོན་འགྲོའི་བཤད་པ་གྱེར་ཞིང་དེ་འབྲེལ་གྱི་གཟབ་ཇ་འབྲས་སིལ་བཅས་འདེགས་འབུལ་ཞུས་གནང་།

ཉིན་གུང་ཕྱག་ཚོད་༡༢ཐོག་བཀའ་རམས་པ་རྣམ་པ་ཐུན་མོང་གི་གཏོང་སྒོ་ཆེན་མོ་དང་། ཉིན་རྒྱབ་ཕྱག་ཚོད་༣ཐོག་བཤད་པའི་འཕྲོ་གྱེར་ཞིང་བཀྲ་ཤིས་གསོལ་ཏེ་བཀྲ་ཇ་དང་བཞེས་གྲོ་འདེགས་འབུལ་ཞུས་པ་སོགས་དགེ་བཤེས་མཛད་སྒོ་ཉིན་གཉིས་པའི་གནས་བསྡུས་སུ་རིག་པའི་མེ་ལྕེས་ཕྱི་ལོ་་༢༠༢༥ལོའི་ཟླ་༠༢ཚེས་༡༠ཉིན།

བཀའ་རམས་པ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།

བཀའ་རམས་པ་དབུ་རི་དྲང་སྲོང་གཡུང་དྲུང་རྒྱལ་མཚན་དབང་པོ་ནི། ཁྲོམ་ཚང་ཡ་ང་འཕྲང་དམར་ཁར་གར་ཙ་རྒན་པོ་ཚང་དུ་ཡབ་དབུ་རི་བཀྲ་ཤིས་རྒྱལ་མཚན་དང་ཡུམ་ཨ་ཁུ་བཟའ་བྱམས་མ་མཚོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༨༧ ལོར་སྐྱེས། ཕྱི་ལོ་ ༡༩༩༢ ལོར་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་བོད་ལ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་སྐབས་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་ཏེ་ཚུལ་མིང་གཡུང་དྲུང་རྒྱལ་མཚན་ཞེས་བསྩལ། ཐོག་མར་ཤེས་རིག་གི་རྨང་གཞི་ཡི་གེ་འབྲི་ཀློག་འགོ་བརྩམས།

ཕྱི་ལོ་ ༢༠༠༧ ལོར་བལ་ཡུལ་བོན་གྱི་༸གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ནས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསེར་ཞལ་མཇལ་ཞིང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་སློབ་དགེ་རྒན་རྣམ་པའི་མདུན་ནས་མི་ལོ་བཅུ་གསུམ་ལྷག་རིང་གཞུང་ཆེན་མདོ་སྔགས་རྫོགས་གསུམ་དང་། ཐུན་མོང་རིག་གནས་བཅས་ཐོས་བསམ་སྦྱང་བརྩོན་གནང་ཞོར་གཞི་རིམ་སློབ་གྲྭའི་བོད་ཡིག་དགེ་རྒན་ལོ་གཉིས་གནང་། ཕྱི་ལོ ༢༠༠༩ ༡ ༢༥ ཉིན་༸གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་རྣམ་གཉིས་ཞལ་འཛོམས་ཀྱི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཞུས་ཏེ་མིང་ལ་གཡུང་དྲུང་རྒྱལ་མཚན་དབང་པོ་ཞེས་བསྩལ།

ཕྱི་ལོ་༢༠༡༠ལོར་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང༌། མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ། དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་རྣམ་པས་དམིགས་བསལ་བཀའ་ལུང་སྩལ་སྐབས་རྫོགས་ཆེན་གྱི་བོན་སྡེ་མི་འདྲ་བ་ལྔ་བཅུ་ང་གཉིས་ཙམ་གྱི་ལྗགས་ལུང་དང༌། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསུང་འབུམ་པོད་བཅུ་བཞི་ཆ་ཚང་གི་དཔེ་ལུང་ཞུ་བའི་སྐལ་བཟང་ཐོབ་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོར་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དང་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་ཡིད་དམ་ཕྱི་ནང་གསང་གསུམ་གྱི་བཀའ་དབང་གང་མང་ཞུ་རྒྱུའི་སྐལ་བཟང་ཐོབ།

 ཕྱི་ལོ་ ༢༠༢༠ ལོར་བཤད་གྲྭའི་སློབ་ཡུན་རྫོགས་ནས་སླར་སྒོམ་གྲྭར་ཞུགས་ཏེ་ལོ་གསུམ་རིང་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་ལ་ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ལེན་གནང་ནས་ཕྱི་ལོ་ ༢༠༢༤ ༡ ༢༥ ཉིན་སྒོམ་གྲྭའི་བཅའ་བཀོད་མཐའ་འཁྱོལ་གནང་བའི་གཤེན་གྱི་དགེ་སྦྱོར་བའི་ཕྱག་ཁྱེར་བཞེས། ཕྱི་ལོ་ ༢༠༢༤ ༡༢ ༡༥ ཉིན་༸སྐྱབས་རྗེ་མཁན་སློབ་རྣམ་པ་ལ་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་ལ་ “ཕྱྭ་སྲས་བློ་གྲོས་འབྱུང་གནས”ཞེས་གནང་། འདི་ལོར་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱར་ཕེབས་པའི་སྐལ་བཟང་དུས་སྟོན་དང་བསྟུན་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་དངོས་སུ་བཞེས་རྒྱུ་བཅས་སོ།། གུས་ཁྲི་བརྟན་རྣམ་རྒྱལ་ལམ་དྲྭ་མིང་དུ་ཆུ་མིག་ཁྲ་བོ་འབོད་པས་༢༠༢༤ ༡༢ ༡༨ ཉིན་བྲིས།

བཀའ་རམས་པ་ལྷ་ལྡོང་དྲང་སྲོང་བསོད་ནམས་ཚུལ་ཁྲིམས་དབང་རྒྱལ་ནི། ཕྱི་ལོ་༡༩༩༠ལོར་ནག་ཆུ་སྦྲ་ཆེན་ཁྲོམ་ཚང་འགག་གོང་ཟོར་ར་སྒེས་ཟེར་བའི་ས་གནས་སུ། ཕ་ལྷ་ལྡོང་ནམ་མཁའ་དང་མ་འབེ་ཚ་བསོད་ནམས་མཚོ་དཔལ་གཉིས་ཀྱི་སྲས་སུ་འཁྲུངས། ལོ་བརྒྱད་ཟིན་པའི་སྐབས་ལ་ཕ་ནམ་མཁའ་དང་གཅེན་པོ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་རྣམ་པ་གཉིས་ཀྱིས་ཡི་གེ་འབྲི་ཀློག་ཐོག་མར་བསླབ། དེ་ནས་ལོ་དགུ་ཐོག་ལ་སྦིའི་རིས་སྒེས་སུ་དགེ་རྒན་འོ་ཤེ་དང་ག་ཕྱུག་གཉིས་ཀྱི་དྲུང་དུ་སློབ་གྲྭ་ལོ་རིམས་དང་པོ་སོང་། དེ་ནས་ཡ་ང་ཤང་ལ་སློབ་གྲྭ་ལོ་རིམ་གསུམ་པ་བར་དུ་སོང་། དེ་རྗེས་སུ་རང་ཡུལ་ལ་བོན་གཤེན་གྱི་འགན་ཁུར་ནས་རིམ་གྲོ་བཅའ་འདོན་གྱི་འགན་ཁུར་བ་དང་སྐབས་སྐབས་སུ་ཕྱུག་རྫི་ཡང་འགྲོ་གི་ཡོད། དེ་རྗེས་ཁྱུང་པོ་སྟེང་ཆེན་དགོན་དུ་སོང་ནས་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་ཀྱི་མདུན་ནས་བོན་སྔོན་འགྲོ་དང་དངོས་གཞི་ཞུས་ནས་སྦྱང་བརྩོན་གནང་། དེ་རྗེས་རྐང་ཆེན་མདའ་ལ་དགེ་བཤེས་བློ་གྲོས་དབང་པོའི་མདུན་ནས་སུམ་རྟགས་དག་གསུམ་དང་སྒྲུབ་ཐོན་པ་བློ་གྲོས་རྒྱ་མཚོའི་མདུན་ནས་སྔོན་འགྲོ་དང་དངོས་གཞི་ཞུས་ནས་སྦྱང་བརྩོན་གནང་།  རང་ལོ་༡༧ ཐོག་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འགྲོ་རྒྱུ་ཐག་བཅད་དེ། ༢༠༠༧ལོར་བོད་ཟླ་༧ཚེས་༦ཉིན་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ཞིང་དེ་ནས་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་དུ་མཇལ་བཅར་སྐབས་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པའི་མདུན་ནས་རབ་བྱུང་ཞུས་ཏེ་མཚན་ལ་བསོད་ནམས་ཚུལ་ཁྲིམས་གནང་ནས་སྨན་རིའི་སྒྲིག་ཞུགས་བྱས། ༢༠༠༧ལོར་བོད་ཟླ༨པ་ཚེས་༡ཉིན་གཤེན་གྱི་དཀའ་ཐུབ་ཆེན་མོའི་སྐབས་སུ་དངོས་སུ་གདན་ས་ཁྲི་བརྟན་ནོར་བུ་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། གདན་ས་འདིའི་མཁན་སློབ་དགེ་རྒན་རྣམ་པའི་བཀའ་དྲིན་འོག་བསྡུས་གྲྭ་དང་། རྟགས་རིགས།   ཚད་མའི་གཞུང་།  ཐེག་འགྲེལ།  ས་ལམ། ཕར་ཕྱིན།  ཕར་ཕྱིན་ཡན་ལག། དབུ་མ། མཛོད།  འདུལ་བ། བཀའ་འགྲེལ་གསལ་བྱེད།  མ་རྒྱུད། ནམ་མཁའ་འཕྲུལ་མཛོད་དང་མདོར་ན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་དང་། བརྡ་དག་སོགས་རིག་གནས་རྣམས་ཀྱི་སློབ་ཚན་གང་ཡོད་ཁག་ལ་སྒྲིག་གཞི་ལྟར་མི་ལོ་༡༣ བར་དུ་ཐོས་བསམ་སློབ་གཉེར་བྱས་པ་དང་། ལོ་གསུམ་རིང་བཤད་སྡེའི་ཚོགས་དང་འཆད་ར་དམ་བཅའ་བགྲོ་གླེང་སོགས་གང་ཡང་མ་ཆད་པའི་གཟེངས་བསྟོད་ཐོབ་པ་དང་། ༢༠༡༦ལོར་རྩོད་རྒྱུགས་ཨང་དང་པོའི་གཟེངས་སྟོད་ཐོབ་པ་དང་། ༢༠༡༩ལོར་འཛིན་གྲྭ་ནང་ནས་བྲིས་རྒྱུགས་ཨང་དང་པོའི་གཟེངས་བསྟོད་ཐོབ། ངག་རྒྱུགས་ལས་་མཁན་ཆེན་ཉི་མའི་བསྡུས་གྲྭ་དང་། སློབ་དཔོན་ཡོན་རྒྱ་མཚོའི་རྟགས་རིགས།  རྗེ་ཡི་ཚད་མ་རྣམ་འབྱེད་སོགས་དམིགས་བསལ་དུ་རྒྱུགས་སྤྲོད་བྱས་ཡོད། ལོ་གཉིས་རིང་ལ་གྲྭ་ཚང་གི་རྒྱ་གླིང་འབུད་མཁན་དང་ལོ་གཅིག་རིང་དུང་ཆེན་འབུད་མཁན། ལོ་གཅིག་རིང་དུང་པ་ཇ་འདྲེན་གནང་། དམིགས་བསལ་དུ་༢༠༠༩ལོར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དང་། ཡོངས་འཛིན་སྨྲ་བའི་སེང་གེ་རྣམ་གཉིས་མདུན་ནས་དག་པ་དྲང་སྲོང་གི་བསྙེན་རྫོགས་ཞུ་བའི་སྐལ་བཟང་ཐོབ།  ༢༠༡༠ལོར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེས་གོ་སྒྲིག་འོག་སྐྱབས་རྗེ་མཁན་སློབ་རྣམ་པ་ནས་དམིགས་བསལ་ལུང་རྒྱུན་དཀོན་རིགས་ཀྱི་ལུང་རྒྱུན་གནང་བ་རྣམས་ཆ་ཚང་ཐོབ། ༢༠༡༣ལོར་ཞྭ་དཀར་བསྟན་པའི་མངའ་བདག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གི་དྲུང་ནས་ཆོ་ག་བཅུ་གཉིས་དང་། རྣམ་དག་པད་མ་ཀློང་ཡངས། མདོ་གཡུང་དྲུང་ཀློང་རྒྱས། རྒྱས་པ་ཀུན་སྣང་། མ་ཏྲི་རིན་ཆེན་སྒྲོན་མ། ཚེ་སྒྲུབ། ངན་སོང་སྒོ་གཅོད་སྒྲིབ་སྦྱོང་མུན་སེལ་སྒྲོན་མ། རྣམ་རྒྱལ་དང་གཅན་ལྷའི་རྗེས་གནང་། བྱམས་མའི་དབང་བཞི་སོགས་ཕྱི་རྒྱུད་དབང་དང་། གསས་མཁར་མཆོག་ལྔ་སོགས་ཡི་དམ་ཕྱི་ནང་གཉིས་གྱི་བཀའ་དབང་ཟབ་མོ་ཞུས། ༢༠༡༩ལོར་༸སྐྱབས་རྗེ་ཡོངས་འཛིན་ཆེན་མོ་མཆོག་དང་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་པ་གཉིས་ནས་དམིགས་བསལ་རིག་འཛིན་བོན་འཁོར་སོགས་ཀྱི་བཀའ་དབང་བསྩལ་གནང་མཛད་པ་རྣམས་ཐོབ། ༢༠༢༡ནས་༢༠༢༣བར་བོན་རིག་པའི་བགྲོ་གླེང་ཐེངས་གཉིས་པ་དང་གསུམ་པ་བཞི་པ་བཅས་ལ་མཉམ་ཞུགས་ཀྱིས་དཔྱད་རྩོམ་སྒྲོག་སྦྱོང་བྱས་ཡོད། ༢༠༢༡ལོར་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ་བསགས་སྦྱོང་དང་སྦྱིན་པ་རྣམ་བཞི། ཐུན་བཞིའི་ཉམས་ལེན། དངོས་གཞི་འོད་གསལ་མུན་མཚམས་དང་ཞག་བརྒྱའི་རྩ་རླུང་བཅས་ཉམས་ལེན་གནང་ནས་ཆ་ཚང་གྲུབ་སྟེ་ཕྱི་ལོ༢༠༢༣ཉིན་གཤེན་གྱི་དགེ་སྦྱོར་བའི་སྒྲུབ་ཐོན་ཕྱག་འཁྱེར་བླངས། ༢༠༢༤ལོར་དངོས་སུ་བཀའ་རམས་པའི་མཚན་རྟགས་ཐོབ་པ་དང་༢༠༢༤ལོར་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ལ་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པའི་སྒྲུབ་ཆེན་ཆེན་མོ་འཚོགས་པའི་སྐབས་སུ་དངོས་སུ་མཇལ་བའི་བསྐལ་བཟང་ཐོབ།  ལོ་འདིའི་ཕྱི་ལོ་༢༠༢༤ལོའི་ཟླ་བ་༡༢པའི་ཚེས་༡༥ཉིན་སྐྱབས་རྗེ་མཁན་སློབ་རྣམ་པའི་སྤྱན་སྔར་རིག་གནས་ཀྱི་ཤོག་ཁྲ་རྒྱུགས་སྤྲོད་བྱས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་”ཀུན་གསལ་ཡངས་པའི་བློ་ལྡན”ཞེས་པ་གནང་། ཕྱི་ལོ་༢༠༢༥ལོར་སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་ཆེན་མོ་མཆོག་དགུང་གྲངས་བརྒྱ་ལ་ཕེབས་པའི་སྐལ་བཟང་གི་དུས་སྟོན་ཐོག་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཐོབ་པའི་སྐལ་བཟང་ཤར་བ་བཅས་ངོ་སྤྲོད་མདོར་བསྡུས་སུ་ཕྱི་ལོ་༢༠༢༤ལོའི་ཟླ་བ་༡༡པའི་ཚེས་༢༡ཉིན་བྲིས།

བཀའ་རམས་པ་ཞུ་ཚང་དྲང་སྲོང་བསྟན་པ་ཚུལ་ཁྲིམས་ནི། ཕྱི་ལོ་ ༡༩༨༢ ལོའི་ཟླ་བ་ ༨ པའི་ཚེས་ ༡༥ ལ་ཁྱུང་ཡུལ་གསེར་རི་ར་ཁྲོམ་དུ་སྐྱེས།  ཕྱི་ལོ་༢༠༠༧ བར་རང་ཡུལ་དུ་རང་སྣང་གང་ཤར་དུ་བྱས་ནས་མི་ཚེ་སྟོང་ཟད་དུ་ཤོར།  ཕ་ཡུལ་དུ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནས་རབ་བྱུང་ཞུ་རྒྱུའི་གོ་སྐབས་བྱུང་།  ༢༠༠༧    ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ལྷག་པའི་དྲིན་ཆེན་རྩ་བའི་བླ་མ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་པའི་གདན་ས་འདི་གའི་མཁན་སློབ་དགེ་རྒན་རྣམ་པའི་མདུན་ནས་དབང་ལུང་མན་ངག་ཁྲིད་ལ་སོགས་མི་ལོ་བཅོ་བརྒྱད་ཙམ་གྱི་རིང་ལ་རྩ་ཆེའི་རིགས་མང་པོ་ཞུ་རྒྱུའི་སྐལ་བཟང་ཐོབ།   ༢༠༢༤ལོའི་ཟླ་༡༢ཚེས་༡༥ཉིན་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་རྣམ་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་སྨྲ་སེང་དགྱེས་པའི་བློ་གྲོས་ཞེས་བསྩལ།  ད་ལན་གདན་ས་འདིར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་དངོས་སུ་ལེན་བཞིན་པ་བཅས་ཀྱི་ལོ་རྒྱུས་སུ།

(སྤྱིའི་གཟིགས་གྲངས། 380 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བཀའ་རམས་པ་…
error: རྩོམ་འདི་བདག་དབང་ཅན་ཡིན།