ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་ཉིན་བཞི་པ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་ཉིན་བཞི་པ།

ཕྱི་ལོ་ ༢༠༡༩ ཟླ་བ་ ༠༢ ཚེས་ ༡༤ ཉིནསྔ་དྲོ་ཕྱག་ཚོད་དགུ་ཐོག་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་བཅས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུན་ཀྱི་སྡེ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས། མདོ་སྨད་སྤྱི་འཐུས་བཀྲ་ཤིས་དོན་འགྲུབ། མདོ་སྨད་སྤྱི་འཐུས་བྲ་ཚ་བསོད་ནམས་ནོར་བུ། རྒྱ་ཞིག་སྤྲུལ་སྐུ་བསོད་ནམས་ཉི་མ་རིན་པོ་ཆེ་འཁོར་སློབ་གཙོས་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་གཟབ་ཇ་དང་འབྲས་སིལ་འདེགས་འབུས་ཞུས། སྐྱབས་རྗེ་སློབ་དཔོན་རིན་པོ་ཆེས་མཆོད་ཚིག་གིས་དབུ་བཙུགས་ཏེ་བཀའ་རམས་པ་སྟག་ཚ་དྲང་སྲོང་ལུང་རྟོགས་རྒྱ་མཚོ། བཀའ་རམས་པ་ཁུ་དགུའི་དྲང་སྲོང་བློ་གྲོས་འོད་གསལ་རྒྱལ་མཚན། བཀའ་རམས་པ་སྒར་གཞི་དྲང་སྲོང་ཤེས་རབ་ཚུལ་ཁྲིམས་མཆོག་རྒྱལ་གསུམ་གྱིས་སྔོན་འགྲོའི་བཤད་པ་གྱེར་ཏེ་སྐུ་འགྱེད་ཕུལ་བ་དང་། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་གདན་ཞུས་བྱས་ཏེ་སྐྱ་སེར་མི་དམངས་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་གྲུབ། 

བཀའ་རམས་པ་སྟག་ཚ་དྲང་སྲོང་ལུང་རྟོགས་རྒྱ་མཚོ་གུས་ཉིད། ཕྱི་ལོ་ ༡༩༨༨ ལོར་རྔ་བ་རྫོང་བར་མ་ཤང་སྟག་ཚའི་འཚམས་རིང་ཚང་ཞེས་པའི་ཁྱིམ་དུ་སྐྱེས།  ལོ་དྲུག་གི་ཐོག་མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་དུ་ཕྱིན་ཏེ།  བཀའ་དྲིན་ཅན་གྱི་རྒན་གཙུག་ཕུད་འོད་ཟེར་གྱི་མདུན་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་ལ་བརྩོན།  ལོ་བཅུ་གཅིག་ཐོག་སྣང་ཞིག་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་བཅུ་བཞི་བ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བླ་བློའམ་བློ་གྲོས་ཕུན་ཚོགས་མཆོག་གི་མདུན་ནས་ཆེད་དུ་དབུ་ཅན་དབུ་མེད་སོགས་ལ་སྦྱང་བརྩོན་བྱས།  ལོ་བཅུ་གསུམ་ཐོག་༧སྣང་ཞིག་རྒྱལ་ཚབ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་མདུན་ནས་གཙང་མ་གཙུག་ཕུད་ཀྱི་ཁྲིམས་བླངས།  ལོ་བཅུ་བཞིའི་ཐོག་སྣང་ཞིག་དགོན་ཆེན་གྱི་དབུ་མཛད་ཟུར་བ་རྒན་བློ་གྲོས་ཉི་མའི་མདུན་ནས་འདོན་ཆོག་སྐོར་བསླབས།  ༢༠༠༢ ༩ ༢༣ ཉིན་རྔ་ཡུལ་ནས་བསྐྱོད་དེ་ ༢༠༠༣ ༡ ༢༠ ཉིན་༧གདན་ས་ཆེན་མོ་ཁྲི་བརྟན་ནོར་རྩེར་འབྱོར་ནས་༧རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་ཟུང་གི་གསེར་ཞལ་མཇལ་བའི་སྐལ་བཟང་ཤར།   ༢༠༠༣ ལོའི་ཟླ་ ༢ ཚེས་ ༡༨ ཉིན་མཚན་ཉིད་ཀྱི་སྒྲིག་ལ་ཞུགས། ༢༠༡༧ ལོའི་ཟླ་བ་ ༣ ཚེས་ ༣༠ ཉིན་བཤད་གྲྭའི་དཔེ་ཁྲིད་རྫོགས་ནས་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས། བཤད་སྒྲུབ་འདུས་སྡེའི་སྒྲིག་ལ་ཞུགས་ནས་ད་བར་དུ་སྒེར་དོན་ཚོགས་དང་འཆད་ར་དཔེ་ཁྲིད་སོགས་ལོ་དུ་མའི་རིང་མ་ཆད་པའི་བརྔན་སྐྱེས་ཐོབ། ༢༠༠༤ ལོར་སྒྱུ་རྩལ་ཡིག་གཟུགས་འགྲན་བསྡུར་ཐེངས་དང་པོའི་སྐབས་སུ་སྤྱི་ཡོངས་ཀྱི་ཨང་གཉིས་པའི་བྱ་དགའ་དང་།  ༢༠༠༥ ལོར་ཐེངས་གཉིས་པའི་འགྲན་བསྡུར་སྐབས་སུ་སྤྱི་ཡོངས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ། ༢༠༡༢ ལོར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་༧གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་ཆེན་མོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས།  སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་སྒྲུབ་གྲྭའི་མཁན་རིན་པོ་ཆེ་རྣམ་གཉིས་མདུན་ནས་སྔགས་རྫོགས་ཀྱི་དཔེ་ཁྲིད་ཡོངས་རྫོགས་ཞུས་པ་དང་། རྩ་འཛིན་སློབ་དཔོན་དགེ་བཤེས་སྐལ་བཟང་རྒྱ་མཚོའི་དྲུང་ནས་མདོ་ཡི་དཔེ་ཁྲིད་ཆ་ཚང་ཐོབ། བཀའ་དྲིན་སུམ་ལྡན་གྱི་བཤེས་གཉེན་རྣམ་པ་གསུམ་གཙོས་པའི་བཤེས་གཉེན་གང་མང་ཞིག་གི་མདུན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདམས་པ་མང་དུ་ཐོབ།  ལྷག་པར་དུ་ཡོངས་འཛིན་རིན་པོ་ཆེ་དང་མཁན་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་མདོ་སྔགས་རྫོགས་གསུམ་དབང་ལུང་ཁྲིད་གསུམ་གྱི་མན་ངག་གང་མང་ཐོབ། ཞོར་དུ་བཤད་སྒྲུབ་འདུས་སྡེའི་རྩིས་པ་དང་འཛིན་རིམ་འོག་མ་རྣམས་ལ་གཞུང་ལུགས་དང་རིག་གནས་ཀྱི་དཔེ་ཁྲིད་ལོ་མང་རིང་བྱེད་མྱོང་། ༢༠༡༣ ལོར་དཔེ་མཛོད་འགན་འཛིན་དགེ་བཤེས་སྨོན་ལམ་དབང་རྒྱལ་གྱིས་གསུངས་པ་བཞིན་དཔེ་མཛོད་ཁང་དུ་ཡིག་འགོད་པའི་ལས་ཀ  ཚོགས་སྡེ་ཁག་ལ་འབྱོར་ཡིག་བསྐུར་རྒྱུ་སོགས་ཀྱི་འགན་ཁུར། མཁན་རིན་པོ་ཆེས་བཀའ་མངག་ལྟར་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་འཛུགས་སྐབས་དང་སློབ་མ་བདུན་ཅུ་ལྷག་ལ་ཡིག་གཟུགས་དང་ཀློག་བསླབས་པ་སོགས་ཞབས་ཞུ་གང་ནུས་ཞུ་ཁུལ་བྱས། འདི་ལོར་བཀའ་རམས་པའི་མཚན་གནང་ཞིང་། རྩ་བའི་བླ་མ་མཁན་སློབ་རྣམས་པའི་དྲུང་དུ་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་སྤྱན་འབུལ་ཞུས། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་“ཡེ་དབང་ཤེས་རབ་འབྱུང་གནས།” ཞེས་གནང་བ་དང་། ད་ལན་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་སྩོལ་བའི་མཛད་སྒོ་འཚོགས་བཞིན་པ་བཅས་སོ།། 

བཀའ་རམས་པ་ཁུ་དགུའི་དྲང་སྲོང་བློ་གྲོས་འོད་གསལ་རྒྱལ་མཚན་གུས་ཉིད། རབ་བྱུང་བཅུ་དྲུག་པའི་ས་བྱ་ལོར་ཁམས་ལི་ཐང་བཞག་པའི་ཡུལ་དུ་ཕ་ཤེས་རབ་བཟང་པོ་དང་། མ་སྒྲོལ་དཀར་ལྷ་མོའི་གཉིས་ཀྱི་རིགས་རྒྱུད་དུ་སྐྱེས། ཆུང་དུས་ཕ་ཡི་དྲུང་ནས་འབྲི་ཀློག་སོགས་བསླབ། ལོ་བཅུ་གསུམ་གྱི་དུས་སུ་འགྲོ་མགོན་དགོན་པའི་གྲྭ་སྒོར་ཞུགས་ནས་ཤར་རྫའི་རྒྱལ་ཚབ་སོགས་ཀྱི་མདུན་དུ་ལམ་རིམ་སྐོར་དང་རྩ་རླུང་འཕོ་བ་སོགས་ཟབ་ཁྲིད་མང་དུ་ཞུས།  ཕྱི་ལོ ༢༠༠༣ ལོར་གདན་ས་་ཁྲི་བརྟན་ནོར་བུའི་རྩེར་འབྱོར་ཏེ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ། ༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཐུགས་རྗེས་གཟིགས་སྐྱོང་བླ་མེད་འོག  ༧གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་། ཐུན་མོང་རིག་གནས་བཅས་ལ་ ༢༠༠༣ ནས་ ༢༠༡༨ བར་འཆད་ཉན་སྒོམ་སྒྲུབ་འབད་བརྩོན་ཚུལ་བཞིན་བགྱིས་པའི་སྦྱངས་འབྲས་སུ་ལོ་འདིའི་ལོ་མཇུག་ལ་སློབ་མཐར་ཕྱིན་ཏེ་དགེ་བཤེས་གཏང་རྒྱུའི་སྐལ་བཟང་ཐོབ། དེ་རིང་དམིགས་གསལ་གྱི་ངག་རྒྱུགས་འཕར་མའི་བྱ་དགའ་དང་ཡིག་རྒྱུགས་ཨང་དང་པོའི་བྱ་དགའ་སོགས་བྱ་དགའ་གང་མང་ཐོབ་མྱོང་། རིས་མེད་མཁས་པའི་བགྲོ་གླེང་ཐེངས་གསུམ་པ་དང་། རིས་མེད་དགོན་སྡེ་ཁག་གི་རྩོད་གྲལ་དུ་ཐེངས་མང་ཞུགས་མྱོང་། དེ་བཞིན་བོད་ཕྱི་ནང་གི་དུས་དེབ་ཁག་དང་དྲ་ཚིགས་ཁག་ཏུ་ཞང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་རྩོམ་དང་སྙན་རྩོམ་དུ་མ་སྤེལ། ཞོར་དུ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྩིས་པ་དང་དགེ་སྐོས། གཞུང་ཁྲིད་དང་ཟུར་ཁྲིད་སོགས་ཀྱི་ཞབས་ཞུ་བསྒྲུབ་མྱོང་བ་མ་ཟད། ལོ་མང་རིང་ལ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གི་འགན་ཁུར་དང་ཁུར་མུས་ཡིན་པ་བཅས་བསྟན་པ་དགོན་པ་ལ་ཞབས་ཞུའི་བྱ་བ་གང་ལྕོགས་ཀྱིས་འབད་བརྩོན་ཞུ་མྱོང་། འདི་ལོར་བཀའ་རམས་པའི་མཚན་གནས་བསྩལ་ནས་རྩ་བའི་བླ་མ་དང་མཁན་སློབ་དགེ་རྒན་རྣམས་ལ་རིག་གནས་རྒྱུགས་སྤྲོད་གྱི་ཤོག་ཁྲ་སྤྱན་འབུལ་ཞུས་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ “ཨེ་མ་དབྱིངས་ཉིད་རང་གྲོལ།” ཞེས་གནང་། ད་སྐབས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་གནང་བའི་མཛད་སྒོ་འཚོག་བཞིན་པ་བཅས་སོ། །

བཀའ་རམས་པ་སྒར་གཞི་དྲང་སྲོང་ཤེས་རབ་ཚུལ་ཁྲིམས་མཆོག་རྒྱལ་གུས་ཉིད་རབ་བྱུང་བཅུ་དྲུག་པའི་ཆུ་བྱི་ལོར་ཁམས་ལི་ཐང་བཞག་པའི་ཡུལ་དུ་སྐྱེས། རང་ལོ་བཅུ་ནས་ཨ་ཕ་བསྟན་པ་དང་། ཞང་པོ་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་གཉིས་ཀྱི་མདུན་ནས་ཤེས་རིག་གི་རྨང་གཞི་ཡི་གེ་སོགས་སྦྱངས་ཏེ། ལོ་བཅུ་དྲུག་ཐོག་རང་དགོན་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་ཚོགས་གྲལ་ཞུགས་ནས་གྱེར་འདོན་འཕྲིན་ལས་སོགས་ལ་སྦྱང་བརྩོན་བྱས། ངེས་དོན་རྣལ་འབྱོར་བ༸ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་རང་དགོན་དུ་ཕེབས་སྐབས་ཁོང་གི་མདུན་ནས་བཀའ་ལུང་རྒྱ་མཚོའི་ཁྲིད་དང་དབང་ལུང་མང་དུ་ཐོབ། སུ་ལ་གཡུང་དྲུང་དབང་རྒྱལ་དང་། རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ། རྒྱལ་ཚབ་འཇིགས་མེད་དབང་ཕྱུག མཁན་པོ་རིག་འཛིན་དབང་རྒྱལ་བཅས་ཀྱི་མདུན་ནས་གྲུབ་དབང་ཤར་རྫ་བའི་གསུང་འབུམ་གཙོས་པའི་ཁྲིད་ལུང་མང་དུ་ཐོབ། ༡༩༩༥ ལོར་ཀོང་པོ་བོན་རི་དང་། གཙང་སྨན་རིའི་དགོན། གཡས་རུ་མཁར་སྣ། རུ་ལག་གཡུང་དྲུང་གླིང་སོགས་ལ་གནས་སྐོར་དང་མཆོད་མཇལ་ཕྱིན། ༢༠༠༣ ལོར་སྟོད་གངས་རིན་པོ་ཆེ་དང་མ་པང་གཡུ་མཚོ་སོགས་ལ་གནས་སྐོར་བྱས་ནས། གདན་ས་ཁྲི་བརྟན་ནོར་བུའི་རྩེར་འབྱོར་ཏེ་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་ནས་རབ་བྱུང་གི་སྡོམ་པ་ཞུས། བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། ༢༠༠༤ ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕྱིན་ནས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་གསེར་ཞལ་མཇལ་ནས་དག་པ་དྲང་སྲོང་གི་སྡོམ་པ་ཞུས། དེ་ནས་ཕྱིར་བལ་ཡུལ་དུ་ལོག་ཏེ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་པའི་མཁན་སློབ་རྣམ་པའི་ཐུགས་རྗེས་གཟིགས་སྐྱོང་འོག གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཐུན་མོང་མ་ཡིན་པའི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་དང་ཐུན་མོང་རིག་གནས་བཅས་ལ་ ༢༠༠༣ ནས་ ༢༠༡༩ བར་འཆད་རྩོད་སྒོམ་སྒྲུབ་ལ་འབད་བརྩོན་བགྱིས་ནས་འདི་ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྒྱུའི་སྐལ་བཟང་ཐོབ། དམིགས་བསལ་གཞུང་ཆེན་ངག་རྒྱུགས་དང་། ཡིག་རྒྱུགས་དང་། རྩ་གཞུང་ངག་རྒྱུགས་སོགས་ཨང་དང་པོའི་བྱ་དགའ་དང་། ལོ་མང་ལ་ཚོགས་འཆད་ར་དམ་བཅའ་བགྲོ་གླེང་དཔེ་ཁྲིད་དཔེར་བརྗོད་སོགས་གང་ཡང་མ་ཆད་པའི་བྱ་དགའ་ཡང་གང་མང་ཐོབ་མྱོང་། ༢༠༡༠ ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་གླིང་གི་དམིགས་བསལ་ཟླ་བ་གཅིག་གི་རིང་ལ་བཀའ་ལུང་བསྩལ་བའི་གོ་སྒྲིག་མཛད་སྐབས། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། མཁན་ཆེན་བསྟན་པ་གཡུང་དྲུང་མཆོག སློབ་དཔོན་ཚངས་པ་བསྟན་འཛིན། སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན་བཅས་ཀྱི་མདུན་ཕྱི་ནང་གསང་བའི་ལུང་གང་མང་ཐོབ། ༢༠༡༣ ལོར་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་མདུན་ནས་ཆོག་ག་བཅུ་གཉིས་དང་གསས་མཁར་མཆོག་ལྔ་སོགས་ཡི་དམ་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཟབ་ཅིང་རྒྱས་པ་ཐོབ། ༢༠༡༥ ལོར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོའི་ལས་འགན་ཁུར། ༢༠༡༧ ལོར་བཤད་གྲྭའི་སློབ་ཚན་རྫོགས་ནས་སྒོམ་གྲྭའི་སྒྲིག་ཁོངས་སུ་ཞུགས། འདི་ལོར་བལ་ཡུལ་དང་རྒྱ་གར་གྱི་གནས་ཆེན་ཁག་ལ་མཇལ་སྐོར་དུ་སོང་། ༢༠༡༩ ལོར་དགེ་བཤེས་ཀྱི་ངག་རྒྱུགས་ཕུལ་རྗེས་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་འབུལ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མིང་”ཀུན་གསལ་སྣང་སྲིད་རང་གྲོལ་”ཞེས་གནང་། འདི་ལོའི་ ༢༠༡༩ ༠༢ ༡༤ ཉིན་དགེ་བཤེས་ཀྱི་མཛད་སྒོའི་སྔོན་འགྲོའི་བཤད་པ་ཡིན་པ་བཅས་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་འདི་ཚུལ་ཁྲིམས་མཆོག་རྒྱལ་ནས་ ༢༠༡༩ ༡ ༡༠ ཉིན་རང་ཤག་ཏུ་བྲིས།

མེ་ལོང་ཡེ་ཤེས་དྲ་བའི་རྩོམ་སྒྲིག་པས། ༢༠༡༩ ༣ ༡༤ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,230 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྔོན་དུ་འག…
error: རྩོམ་འདི་བདག་དབང་ཅན་ཡིན།