ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐབས་བཅུ་བཞི་བའི་བཀའ་རམས་པ་རྣམ་པར་མཚན་བཏགས་དང་དགེ་བཤེས་ཁྲི་བཞེངས་ཀྱི་མཛད་སྒོའི་གནས་བསྡུས།

ཕྱི་ལོ་༢༠༢༥ལོའི་ཕྱི་ཟླ་༠༢ཕྱི་ཚེས་༡༣ཉིན་གྱི་སྔ་དྲོའི་ཕྱག་ཚོད་༩ཐོག་ཚན་དགུས་སྣ་དྲངས་ཏེ་༧སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་པའི་བཀའ་རམས་པ་རྣམ་པ་དང་། སྐུ་མགྲོན་རྣམ་པ་དེ་བཞིན་དགོན་སྡེ་ཁག་དང་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་སེར་སྐྱ་མི་མང་ཡོངས་གཙུག་ལག་ཁང་དུ་འཛོམས་རྗེས་བཀའ་རམས་པ་ཐུན་མོང་ནས་བཀྲ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་ཏེ་བཀའ་རམས་པ་རྣམ་པ་བཀྲ་ཤིས་དམ་བཅར་བཞུགས་ཤིང་དགེ་བའི་བཤེས་གཉེན་རྣམ་པ་དང་འཛིན་གྲྭ་གོང་མ་རྣམས་ནས་རིམ་པར་བཀྲ་ཤིས་ཀྱི་ཤིས་བརྗོད་སྣ་ཚོགས་བརྗོད་དེ་བཀྲ་ཤིས་གསོལ། དེ་ནས་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་བཀའ་རམས་པ་རྣམས་ལ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་ཀྱི་ཚིག་བཤད་གྱེར་གནང་སྟེ་བཀའ་རམས་པ་རྒྱལ་དབང་དྲང་སྲོང་ཤེས་རབ་དགེ་ལེགས་རྒྱ་མཚོ། ཅང་པ་དྲང་སྲོང་ཚུལ་ཁྲིམས་ཀུན་ཁྱབ་མཐར་ཕྱིན། རྗེས་རུ་དྲང་སྲོང་ཁྲི་གཙུག་བསྟན་པ་རྒྱལ་མཚན། ཁྲ་རྒན་དྲང་སྲོང་གཡུང་དྲུང་བསྟན་པ་རྒྱལ་མཚན། འགྲུ་རིགས་དྲང་སྲོང་ཚུལ་ཁྲིམས་དྲི་མེད་རྣམ་དག ལི་འབྱིངས་དྲང་སྲོང་ཚུལ་ཁྲིམས་རྒྱ་མཚོ། དབུ་རི་དྲང་སྲོང་གཡུང་དྲུང་རྒྱལ་མཚན་དབང་པོ། ལྷ་ལྡོང་དྲང་སྲོང་བསོད་ནམས་ཚུལ་ཁྲིམས་དབང་རྒྱལ། ཞུ་ཚང་དྲང་སྲོང་བསྟན་པ་ཚུལ་ཁྲིམས། ཁྲོ་རྣམ་དཀར་པོ་དྲང་སྲོང་ཉི་མ་བསྟན་འཛིན་རྒྱལ་པོ། རག་ཤི་དྲང་སྲོང་ཐབས་མཁས་དཔལ་ལྡན་དབང་པོ། མ་ནུ་དྲང་སྲོང་གཡུང་དྲུང་མཐར་ཕྱིན་འཇིགས་བྲལ་བཅས་བཀའ་རམས་པ་རྣམ་པ་བཅུ་གཉིས་ལ་དངོས་སུ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་གནང་རྗེས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བསྔོ་བ་གསུངས་གནང་བ་དང་། དེ་མཚམས་སུ་བཀའ་རམས་པ་རྣམས་ནས་འབྲུ་དང་མེ་ཏོག་མཆོད་བཞིན་མཆོད་ཚིག་གསུངས། དེ་རྗེས་༼ཕུན་ཚོགས་དགོས་འདོད་འབྱུང་གནས་དབུ་རྩེ་ཁང་༽དུ་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་མཇལ་ཁ་གནང་ཞིང་རིན་པོ་ཆེ་མཆོག་ནས་བཀའ་རམས་པ་རྣམ་པར་དམིགས་བསལ་བཀའ་སློབ་བཀའ་དྲིན་ཟབ་རྒྱས་དང་བྱིན་མདུད་བཅས་བསྩལ་གནང་མཛད་པ་བཅས་ཀྱིས་སྔ་དྲོའི་མཛད་རིམ་རྣམས་གྲུབ།

ཉིན་གུང་ཕྱག་ཚོད་༡༢ཐོག་བཀའ་རམས་པ་ཐུན་མོང་གི་གཏོང་སྒོ་ཆེན་མོ་དང་། ཉིན་རྒྱབ་ཕྱག་ཚོད་༡/༣༠ཐོག་དམིགས་བསལ་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་སྐུ་ཚབ་གཙོས་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ཡོངས་གཙུག་ལག་ཁང་དུ་འཛོམས་ཏེ་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་བཀའ་རམས་པ་རྣམ་པར་ཕྱག་འཁྱེར་བསྩལ་བ་དང༌། རིམ་པར་མཁན་སློབ་རྣམ་པ་དང་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་སྐུ་ཚབ་ནས་རིམ་བཞིན་རྟེན་འབྲེལ་ལེགས་མཚོན་གྱི་འགུལ་དཪ་གསོལ་བསྩལ་གནང་རྗེས་བཀའ་རམས་པ་རྣམ་པ་ནས་བཀྲ་ཤིས་ཚིག་བཀྲ་གསུངས། དེ་རྗེས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་དམིགས་བསལ་གྱི་བཀའ་སློབ་བསྩལ་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་སྐུ་ཚབ་ནས་བཀའ་སློབ་གནང༌། དེ་རྗེས་འཆད་རར་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་ཁྲུས་གསོལ་དང་སྐུ་གླུད་བཀར་ཞིང་འདུལ་ཆོག་ལྟར་བསྐོར་བའི་ཡན་ལག་གསུངས་ཏེ་གཙུག་ལག་ཁང་ལ་ཞབས་སྐོར་ཕེབས་པ་དང༌། དེ་རྗེས་སྒོ་མཆོར་དུ་འདུལ་ཆོག་སྨོན་ལམ་གསུངས་རྗེས་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་བཀའ་རབ་འབྱམས་པ་རྣམ་པ་སྐལ་པ་བཟང་ཞེས་ལན་གསུམ་གསུངས་པར་སེར་སྐྱ་མི་མང་ཡོངས་ནས་ལན་ཟློས་སུ་སྐལ་པ་བཟང་ཞེས་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་ཞེས་འབོད་སྒྲ་འབྲུག་སྟོང་ལྡིར་བ་ལྟར་གནང་། དེ་རྗེས་སྤོས་དང་རྒྱ་གླིང་གིས་སྣེ་དྲངས་༧སྐྱབས་རྗེ་མཁན་སློབ་རྣམ་པ་ཕེབས་བསུའི་རྗེས་ནས་སེར་སྐྱ་ཡོངས་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་ཞེས་འབོད་སྒྲ་འབྲུག་སྟོང་ལྡིར་བ་ལྟར་གནང་བཞིན་བདུས་སྤོས་ཀྱིས་སྣ་དྲངས་ཏེ་དགེ་བཤེས་རྣམ་པ་རིམ་པར་མཚན་ཉིད་པའི་ཚོགས་ཁང་དུ་བཞུགས་ཁྲིར་འཁོད་རྗེས་སེར་སྐྱ་མི་མང་ཡོངས་ནས་སྐལ་བཟང་གི་འབོད་སྒྲ་དང་ལྷན་ཕན་ཐོགས་ཕུལ། མཐར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་བཞི་བའི་དགེ་བའི་བཤེས་གཉེན་རྣམ་པ་མ་འོངས་པར་བསྟན་དང་འགྲོ་བའི་དོན་གྱི་འཕྲིན་ལས་རབ་ཏུ་རྒྱས་ཤིང་ཐུགས་ཀྱི་བཞེད་དོན་ཐམས་ཅད་བོན་བཞིན་འགྲུབ་པའི་སྨོན་འདུན་དང་བཅས་སྐབས་བཅུ་བཞི་བའི་དགེ་བཤེས་མཛད་སྒོ་ལེགས་པར་གྲུབ་པའི་གནས་བསྡུས་སུ།

རིག་པའི་མེ་ལྕེས་ཕྱི་ལོ་ ༢༠༢༥/༠༢/༡༤ ཉིན།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 249 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སངས་རྒྱས་ག…
error: རྩོམ་འདི་བདག་དབང་ཅན་ཡིན།