སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་ཁུལ་བོན་གྱི་སློབ་གྲྭ་དང་དགོན་སྡེར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་གནས་བསྡུས།
གནས་ཚུལ་མཁོ་སྤྲོད་པ། ཕག་མགོན་དགེ་བཤེས་གཡུང་དྲུང་རྒྱལ་མཚན།
སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྒྱ་གར་བྱང་ཤར་དུ་རྟེན་གཞི་བྱས་པའི་གངས་ཅན་ཏི་སེ་རྒྱལ་སྤྱིའི་་སློབ་གྲྭ་དང་། སོག་གཡུང་དྲུང་གླིང་། ཞུ་གཡུང་དྲུང་ཀུན་གྲགས་གླིང་བཅས་སུ་བསྟན་འགྲོའི་དོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
༡༽ ཕྱི་ལོ་༢༠༢༠ ཟླ་ ༢ ཚེས ༡༠ ཉིན་རིན་པོ་ཆེ་ཉིད་རྒྱལ་ས་ཀ་ཐ་མན་གྲུ་ནས་ཆིབས་ཞབས་དང་བཅས་ཏེ་ཕེབས་འཁོར་བརྒྱུད་རྒྱ་གར་ཕྱོགས་སུ་ཕེབས་ཏེ་དེ་ཉིན་དགོང་དྲོར་ཤེས་རིག་ཕུན་ཚོགས་གླིང་བོན་པོ་ཚོགས་པའི་ཚོགས་གཙོ་བ་དབྲ་བསོད་ནམས་ནོར་བུ་རྒྱ་བལ་ས་མཚམས་སུ་ཕེབས་བསུ་བཅར་བ་དང་། ཏི་སེ་རྒྱལ་སྤྱིའི་བོན་གྱི་སློབ་གྲྭར་ཞབས་སོར་བདེ་བར་བཀོད་པར་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་སྐྱབས་རྗེ་མཁན་ཆེན་མཆོག་གི་གསོལ་འདེབས་དབྱངས་སུ་གྱེར་བཞིན་ལྷ་དར་དཀར་པོའི་སྤྱན་དྲངས་ཏེ་ཕེབས་བསུ་གྲ་རྒྱས་ཕུན་སུམ་ཚོགས་པ་ཞུས།
ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༡ ཉིན་ཤེས་རིག་ཕུན་ཚོགས་གླིང་གི་ལས་ཁུངས་སུ་ཕེབས་ཏེ་ཚོགས་པའི་རྒྱུན་ལས་རྣམ་པ་དང་ལྷན་དུ་ཚོགས་འདུ་གནང་ཞིང་ཚོགས་པའི་ལས་བསྡོམས་ཅི་རིགས་ལ་གསན་གཟིགས་གནང་བ་མ་ཟད། ལས་བྱེད་འཕོ་འགྱུར་གཏོང་དགོས་རིགས་དང་། གསར་བསྐོ་ཇི་དགོས་ཐད་གོ་བསྡུར་དང་བཀའ་སློབ་ལམ་སྟོན་གནད་ལ་ཁེེལ་བ་གནང་སྟེ་རྒྱུན་ལས་གཅིག་རྩ་དགོངས་བཏང་ཡོད། དེ་བཞིན་གནས་སྐབས་དྲུང་ཆེའི་ལས་ཚབ་ཞིག་ཀྱང་བསྐོ་བཞག་གནང་སྟེ་ཕོགས་འབེབ་དང་ལས་དོན་བསྐོ་བཞག་གཏན་འབེབ་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༢༠ ཟླ ༢ ཚེས་ ༡༢ ཉིན་སྔོན་ནས་གཏན་འབེབ་ཟིན་པའི་འཛིན་ཁང་གསར་རྒྱག་གི་ལས་གཞི་འགོ་བཙུགས་ཟིན་པ་དེ་དག་ལ་ཞིབ་འཇུག་དང་། དགོས་ངེས་ཀྱི་སྣོན་འཕྲི་ཇི་དགོས་ཞིབ་གཟིགས་གནང་སྟེ་ཁང་པའི་ཆེད་ལས་འགན་ཁུར་བ་ཆེད་འབོད་ཀྱིས་གོ་བསྡུར་དང་ལམ་སྟོན་གནང་བ་རེད། དེ་བཞིན་ཁང་ལས་གཙོ་འཛིན་དང་ལྷན་དུ་འཛིན་ཁང་རྒྱག་བཞིན་པའི་རྒྱུ་ཆ་དང་། གཏན་འབེབ་དུས་ཚོད་ནང་ཚར་དགོས་པ་སོགས་དོན་གནད་མང་པོའི་ཐོག་གཏན་འབེབ་དང་གོ་བསྡུར་ལམ་སྟོན་གནང་ཡོད།
ཕྱི་ལོ་ ༢༠༢༠ ཟླ ༢ ཚེས་ ༡༣ ཉིན་ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་གཙོ་བ་དབྲ་བསོད་ནམས་ནོར་བུ་དང་། དངུལ་གཉེར་མཐའ་བྲལ་ཡེ་ཤེས་སོགས་རྒྱུན་ལས་རྣམ་པ་དང་ལྷན་དུ་ལོ་བསྟར་ཆགས་སུ་སློབ་གྲྭའི་ནང་དུས་ཆེན་བསྲུང་བརྩི་མཛད་རིམ་རྣམས་ལ་བསྐྱར་ཞིབ་དང་། སློབ་སྤྱིས་སློབ་གྲྭའི་ལས་འཆར་རམ་སློབ་འཆར་ཡིག་ཆ་ཕུལ་བར་དགོངས་བཞེས་དང་གོ་བསྡུར་གནང་ཡོད་འདུག
ཕྱི་ལོ ༢༠༢༠ ཟླ་ ༢ ཚེས་ ༡༤ ཉིན་ལས་ཁང་དུ་བཞུགས་ཏེ་ཚོགས་པའི་ལས་དོན་དང་འབྲེལ་བའི་གལ་ཆེའི་གནད་དོན་མང་པོར་དགོངས་བཞེས་དང་། སློབ་གྲྭའི་སློབ་གཉེར་གྱི་མཐུན་རྐྱེན་དང་ཁང་པ་བཟོ་བསྐྲུན་པའི་འགན་ཁུར་བ་དང་ལྷན་ལས་གཞིའི་གསར་པའི་ངོ་སྤྲོད་དང་རིན་གོང་སོགས་ཀྱི་ཐད་ནས་བཀའ་མོལ་གནང་ཡོད།
༢༽ སོག་གཡུང་དྲུང་གླིང་།
སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་སོག་གཡུང་དྲུང་གླིང་དུ་ངེས་ཕེབས་ཡོང་བའི་གསོལ་འདེབས་སྔོན་ཞུས་ལྟར་མཁན་པོ་ཡོན་ཏན་རྒྱ་མཚོ་ཆེད་བཅར་ཀྱིས་རིན་པོ་ཆེ་ཉིད་གདན་ཞུས་ལྟར་ཤེས་རིག་ཕུན་ཚོགས་གླིང་ནས་ཕྱི་ལོ་ ༢༠༢༠ ཟླ ༢ ཚེས་ ༡༥ ཉིན་ཞོགས་པ་སྒང་ཏོག་འབྲས་མོ་ལྗོངས་སུ་ཆིབས་བསྒྱུར་བསྐྱངས་ཏེ་དགོན་དེར་ཞབས་སོར་བཀོད་ཡོད། དགོན་དེའི་འདུས་སྤྱིར་རིན་པོ་ཆེ་མཆོག་ནས་ལོ་འཁོར་ཡིག་རྒྱུགས་ལ་གཟིགས་ཞིབ་གནང་བ་མ་ཟད། འདུས་མང་ཡོངས་ལ་བཀའ་སློབ་ལམ་སྟོན་དང་། སྐུ་འགྱེད་མང་ཇ་གསོལ་བསྩལ་གནང་ཡོད་པ་རེད།
༣༽ ཞུ་གཡུང་དྲུང་ཀུན་གྲགས་གླིང་།
ཕྱི་ལོ་ ༢༠༢༠ ཟླ ༢ ཚེས ༡༦ ཉིན་སོག་གཡུང་དྲུང་གླིང་ནས་ཞུ་གཡུང་དྲུང་ཀུན་གྲགས་གླིང་དུ་གནས་གཟིགས་སུ་ཕེབས་པ་དང་། དགོན་དེའི་བླ་མ་དགེ་བའི་བཤེས་གཉེན་ཉི་མ་སེངྒེ་མཆོག་གཙོས་འདུས་མང་ཡོངས་ལ་མཇལ་འཕྲད་གནང་སྟེ་འདུས་སྡེའི་གནས་བབ་གང་ཅིར་ཐུགས་སྣང་ཆེན་པོ་གནང་བ་རེད། དེ་ནས་དགོན་དེའི་འདུས་སྡེ་རྒྱ་མཚོར་མང་ཇ་སྐུ་འགྱེད་གསོལ་བསྩལ་གནང་སྟེ་ཕྱི་དྲོ་སོག་གཡུང་དྲུང་གླིང་དུ་ཕྱིར་ཕེབས་གནང་སྟེ་དེ་གར་ཞག་བཞུགས་མཛད་ཡོད།
ཕྱི་ལོ་༢༠༢༠ ཟླ་ ༢ ཚེས་ ༡༧ ཉིན་རིན་པོ་ཆེ་མཆོག་སོག་གཡུང་དྲུང་གླིང་ནས་གངས་ཏི་སེ་རྒྱལ་སྤྱིའི་བོན་གྱི་སློབ་གྲྭར་ཕེབས་པ་དང་། ཤེས་རིག་ཕུན་ཚོགས་གླིང་གི་རྒྱུན་ལས་ངོ་ཡོད་རྣམས་དང་ལྷན་དུ་ཚོགས་འདུ་གནང་སྟེ་མུ་མཐུད་སློབ་གྲྭའི་ལས་དོན་ཐད་ཁང་བཟོའི་འགན་ལེན་པ་དང་། སློབ་ཁང་བཟོ་འགོད་པ་སོགས་ཀྱི་ལྷན་དུ་འཛིན་ཁང་གསར་རྒྱག་གི་ལས་གཞིར་གོ་བསྡུར་གནང་། ཉིན་དེར་དགེ་སློབ་རྣམས་ལ་རིན་པོ་ཆེ་མཆོག་ནས་དམིགས་བསལ་གསོལ་ཚིགས་ཞིག་ཀྱང་གནང་ཡོད་པ་རེད། ལྕམ་ཨ་ཏི་ལགས་ཀྱི་དབུ་ཁྲིད་པའི་རོགས་ཚོགས་ནས་བཏང་བའི་སློབ་གྲྭའི་མཁོ་ཆས་དང་གོས་ལག་སོགས་དོ་པོ་༢༠ སྦྲགས་བརྒྱུད་ནས་འབྱོར་བར་གཟིགས་ཞིབ་དང་སློབ་ཕྲུག་ཚོར་འགྲེམས་སྤྲོད་དགོས་རིགས་ཉིན་དེར་གནང་ཡོད་རེད་ལ་མུ་མཐུད་མཁོ་མཐུན་ཇི་ཡོད་དགེ་སློབ་རྣམས་ལ་གསོལ་བསྩལ་་གནང་དགོས་པའི་ལས་འཆར་བཀོད་གནང་།
ཕྱི་ལོ ༢༠༢༠ ཟླ་ ༢ ཚེས ༡༨ དང་ ༡༩ སོ་སོར་མུ་མཐུད་དེ་ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་གཙོ་གཙོས་རྒྱུན་ལས་རྣམས་དང་ལྷན་དུ་ཕྱི་ནང་གི་སློབ་གྲྭའི་འཛིན་སྐྱོང་གང་ཅིར་ཉམས་ཞིབ་དང་། ཐག་གཅོད། ལམ་སྟོན། ལས་དོན་གྲོས་ཆོད་དང་། ལོ་འཁོར་ལས་བསྡོམས་སོགས་གཏན་འབེབ་གནང་ཡོད་པ་རེད། དེ་བཞིན་གངས་ཏི་སེ་རྒྱལ་སྤྱིའི་སློབ་གྲྭའི་སློབ་སྤྱི་དང་ལྷན་དུ་དམིགས་བསལ་ཚོགས་འདུ་གནང་སྟེ་གོ་བསྡུར་དགོས་རིགས་གནང་ཡོད།
ཕྱི་ལོ་ ༢༠༢༠ ཟླ ༢ ཚེས ༢༠ ཉིན་དབྱིན་ཡིག་ཐོག་ནས་གནས་ཡུལ་གཞུང་གི་ཁྲིམས་མཐུན་དེབ་འགོད་སྒྲིག་དོན་ལྟར་༢༠༡༩ ལོའི་ལས་བསྡོམས་དང་། གྲོས་ཆོད་གཏན་འབེབ་གནང་སྟེ་དེབ་འགོད་ཚོགས་མི་ཚང་མས་མཚན་རྟགས་བཀོད་དེ་ཡིག་ཆ་གཏན་འབེབ་གནང་རྗེས་དགོང་མོ་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་བཀོད་ཡོད། ཞོར་དུ་མྱོང་ཚོར་ཞུ་འདོད་པ་ཞིག་ལ་ཁོ་བོ་ཕག་མགོན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ནས་ལོ་མང་རིང་ཤེས་རིག་ཕུན་ཚོགས་གླིང་གི་རྟེན་གཞི་གསར་བསྐྲུན་ཆེད་རིན་པོ་ཆེ་མཆོག་དང་ལྷན་དུ་ལས་དོན་འགན་ཐོག་ཕྱར་གྲུ་མཉམ་འདེགས་ཀྱི་ཞབས་ཞུ་ཕྱི་ལོ་ ༢༠༡༢ བར་ཞུས་པ་རེད་སྐབས་དེར་རིན་པོ་མཆོག་གི་དམིགས་ཡུལ་རྒྱ་ཆེ་ཡོད་པ་རྣམས་འགྲུབ་ཆེད་ཕྱག་ལས་རྒྱ་ཆེ་གནང་བཞིན་པ་དེ་ལྟར་ཡང་ང་ཚོས་ཉོས་ཟིན་པའི་ས་ཆའི་ཐོག་ཏུ་ལས་ཁང་དང་ལས་ཤག་རིགས་གང་ཡང་འཛུགས་བསྐྲུན་དབུ་ཚུགས་ཐུབ་པ་བྱུང་མེད། ཕྱི་ལོ་ ༢༠༡༡ ལོ་འཇུག་ནས་ཁོ་བོ་ཡུལ་བྱོལ་ནས་ཡུལ་བྱོལ་དུ་སོང་བ་བརྟེན་གངས་ཏི་སེ་རྒྱལ་སྤྱིའི་བོན་གྱི་སློབ་གྲྭའི་ལས་དོན་ཡོངས་རྫོགས་མཚམས་འཇོག་བྱེད་དགོས་པ་གྱུར་སྟབས་ཡུལ་དུས་གནས་སྟངས་དབང་གིས་ལས་དོན་འདིའི་ཐད་དངོས་སུ་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་བྲལ། འོན་ཀྱང་སྐྱབས་རྗེ་༧ མཁན་ཆེན་མཆོག་གིས་ངལ་བ་འབུམ་ཕྲག་འཕྲག་ཏུ་བཞེས་ཏེ་ད་བར་ཕྱག་ལས་གནང་བའི་གྲུབ་འབྲས་ནི་མི་སུས་བལྟས་ཀྱང་ཧ་ལས་པ་ཞིག་རེད། ཐོག་མའི་དམིགས་ཡུལ་ལས་ལྷག་པའི་ལས་གཞིའི་མྱུར་ཚད་དང་། གྲུབ་འབྲས། སློབ་གྲྭའི་ཁོར་ཡུག ཕྲུ་གུའི་ཟས་བཅུད། སྒྲིག་ཆས་དང་གོན་ཆས། རྩེད་རིགས་མཁོ་ཆས། དམིགས་བསལ་བོད་ཡིག་སློབ་དེབ་འཛིན་རིམ་དང་པོ་ནས་བརྒྱད་པའི་བར་གཏན་འབེབ་ཟིན་པ་དེ་ཡང་གཡུང་དྲུང་བོན་གྱི་ཁྱད་བོན་ཐུན་མོང་མ་ཡིན་པ་དང་ལྡན་པ། ལས་ཁང་ཕྱི་ནང་གི་འཛིན་ཆས་དེང་དུས་དང་མཐུན་པ་དགོས་ངེས་ཆ་མ་ཚང་བ་མེད་པ་ཕྱི་ནང་སྐུ་མགྲོན་ཚང་མའི་ཡིད་སྨོན་ཞུ་བཞིན་འདུག རྩ་བའི་ཤེས་རིག་ཕུན་ཚོགས་གླིང་གི་རྟེན་གཞི་ཆགས་ཡུལ་འདི་ནི་མ་འོངས་ཕུགས་རྒྱང་རིང་པོའི་ཆེད་ཐག་ཉེ་འབྲེལ་མཚུངས་ཀྱི་སྐྱ་སེར་ཕོ་མོ་ཁྱད་མེད་ལ་བོད་དང་ཧི་མ་ལའི་རིག་གཞུང་སྤྱི་དང་། གཡུང་དྲུང་བོན་གྱི་རིག་པའི་གཞུང་ལུགས་སློབ་གཉེར་སྤྲད་སའི་གལ་ཆེའི་ལྟེ་གནས་ཤིག་ཏུ་ཐོག་མའི་དམིགས་ཡུལ་ལྟར་འབྱུང་རྒྱུ་གདོན་མི་ཟ་བ་ཞིག་རེད། རྒྱུ་མཚན་ནི། རྒྱ་གར་དང་བལ་པོ། བྷང་ལ་དྷེ་ཤི། བོད། འབྲུག་དང་འབྲས་ལྗོངས་སུ་འཁོར་ལམ་ཆུ་ཚོད་རེ་ཤས་ལས་ཤིན་ཏུ་ནས་ཐག་ཉེའི་འདུས་མདོ་ཞིག་ཏུ་གནས་ཡོད་པས་སོ། ད་ཆ་དགེ་སློབ་རྣམས་ཀྱི་འབྱུང་ཁུངས་རྒྱ་གར་དང་། བོད་དང་ཧི་མ་ལའི་རི་རྒྱུད་ཁོངས་ནས་བལ་པོ་དང་། འབྲས་ལྗོངས། བྷང་ལ་དྷེ་ཤི མོན་པ་སོགས་མི་རིགས་དུ་མ་མཉམ་དུ་འཚོགས་བཞིན་པ་ཞིག་རེད།