ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་ངོ་སྤྲོད།

སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནི་སྨན་དགེ་རག་ཤི་ཚུལ་ཁྲིམས་སངས་རྒྱས་མཆོག་གིས། ཕྱི་ལོ་ ༡༩༨༨ ལོར་བལ་ཡུལ་རྒྱལ་སའི་ནུབ་རྒྱུད་བྷ་ལུང་རྫོང་ཁོངས་ཌོར་པ་ཊན་ནོར་འཛིན་གླིང་གིི་གཞིས་ཁོངས་སུ་གསར་དུ་དབུ་འཛུག་བྱས། གཞིས་སྒར་དང་ས་གནས་བལ་པོའི་ཡུལ་མི་རྣམས་ད་བར་གཅིག་ཕན་གཅིག་གྲོགས་ངང་གནས་ཡོད། མ་ཟད་ས་གནས་གང་སར་ཀྱི་ནད་པ་རྣམས་དང་ལྷག་པར་ཌོར་པ་ཊན་ལྟ་བུ་དཀའ་ཚེགས་ཅན་གྱི་ས་གནས་དེར། དུས་ད་ལྟ་འང་རླངས་འཁོར་གྱི་ལམ་ཁ་ཚད་ལྡན་མེད་པ་དང་། དེང་དུས་ཀྱི་མཐུན་རྐྱེན་ཞན་པ། རྒྱལ་ཁབ་གཞུང་ནས་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་འཛོམས་པོ་མེད་པའི་སྐབས། སྨན་པ་ཚུལ་ཁྲིམས་སངས་རྒྱས་ཁོང་གིས་བཀའ་དྲིན་ལ་བརྟེན་ནད་པ་མང་པོ་ཞིག ན་བ་གསོ་བ་དང་། མི་ན་བ་ཚེ་རིང་བའི་སྨན་བཅོས། ཞབས་བརྟན་རིམ་འགྲོ་སོགས་ཅི་རིགས་ཀྱི་སྒོ་ནས་ཉམ་ཆུང་མི་མང་ལ་ཕན་པ་རྒྱ་ཆེར་གནང་ཞིང་། ཡང་དགོས་བོད་དང་ཧི་མ་ལ་ཡའི་སྨན་གྱི་སློབ་ཕྲུག་རྣམས་ལ་གཞིས་མི་ཡུལ་མིའི་དབྱེ་འབྱེད་སྤུ་ཙམ་མེད་པར་འགྲོ་དོན་ཁོ་ནར་དམིགས་ཏེ་ཤེས་རིག་གི་གོ་རྟོགས་སྤེལ། དམ་པ་ཁོང་ལ་ཐུན་མོང་མ་ཡིན་པའི་སྐྲན་ནད་རིགས་བཅོས་ཐབས་ཀྱི་ལག་རྩལ་ལྡན་པས། ཚན་རིག་སྨན་པར་བསྟེན་ནས་དྲག་སྐྱེད་མ་བྱུང་བའི་ནད་པ་ཡང་མང་པོ་བཅོས་ཐུབ་པ་བྱུང་འདུགབྷག་ལུང་རྫོང་(Baglung district)ཁག་ཙམ་མ་ཡིན་པར། མན་དྷིའི་རྫོང་(Myagdi district)ཁགརུ་ཀུམ་རྫོང་(Rukum district)ཁག་བཅས་ནས་ཉིན་གྲངས་དུ་མའི་རིང་རྐང་ཐང་དུ་སྨན་པ་བསྟེན་མཁན་མང་པོ་ཡོང་བ་ལྟར་ཕན་ཐོག་བླ་ན་མེད་པར་གྱུར་བས་མཚན་སྙན་རྫོང་ཁག་གང་སར་ཁྱབ་པ་ནི་གསོ་བ་རིག་པའི་གཟི་བརྗིད་དུ་གྱུར། ད་དུང་གལ་ཆེའི་གསོ་རིག་གནད་བསྡུས་ཞེས་པའི་ཕྱག་དེབ་དང་དེ་བཞིན་དུས་དེབ་ཁག་ཏུ་གསོ་བ་རིག་པའི་སྐོར་ནས་་རྩོམ་རིག་དུ་མ་ཞིག་སྤེལ་མྱོང་ཡོད། ཕྱི་ལོ་ ༡༩༩༠ ལོ་ནས་དགུན་དུས་སུ་བལ་ཡུལ་དུ་ཕེབས་ནས་གསོ་རིག་དཔེ་ཁྲིད་དང་ནད་སྨན་བརྡ་སྤྲོད་སྨན་གྱི་ཕྱག་ལས་གནང་སྟེ། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་བདུན་ནས་དགེ་སློབ་ཀུན་གྱིས་དབང་ལུང་ཁྲིད་གསུམ་ཞུ་བ་དང་སྔོན་འགྲོ་གསོག་སྦྱོང་སོགས་འབད་བརྩོན་གནང་གི་ཡོད། ༡༩༩༧ ལོར་གངས་ཅན་བདེ་རྩ་ཚོགས་པའི་བརྒྱུད་ནས་(AIDE A L>弾nfance, Mrs.Yvette Pottier,General Manager)ཕྱི་རྒྱལ་གྱི་རོགས་སྐྱོར་བརྟེན་སློབ་ཁང་རྒྱ་བསྐྱེད་བཏང་བ་དང་། ཕྱི་ལོ་ ༢༠༠༤ ལོར་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་ཚུགས་པའི་སྐབས། བོན་སྤྱི་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་། བོན་སྤྱི་སྨན་པ་ཐོགས་མེད་རྣམ་གཉིས་ཀྱིས་འབད་བརྩོན་སོགས་ལ་བརྟེན་ནས་གསོ་རིག་འབུམ་བཞི་དང་། དུག་བཅོས་གཡུང་དྲུང་འཁྱིལ་བ། ཁྱུང་སྤྲུལ་རིན་པོ་ཆེས་མཛད་པའི་གསོ་རིག་རྒྱུད་འབུམ་བྱེ་བའི་ཡང་སྙིང་། འཆི་བདག་ཞགས་གཅོད། ཟུར་རྒྱན་ཉེར་མཁོ་དཔག་བསམ་ལྗོན་ཤིང་། བཟོ་ཐབས་པ་ཏྲའི་འཕྲུལ་འཁོར། དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་མཛད་པའི་གསོ་རིག་སྤྱི་ཆིངས་གཞི་རྩའི་ཤེས་ཡོན་དང་། སྨན་རྫས་རིག་པའི་རྩ་བའི་ཤེས་ཡོན། སྨན་སྦྱོར་རིག་པའི་རྩ་བའི་ཤེས་ཡོན། སྨན་རྫས་དུག་འདོན་ལས་སྣོན་གྱི་ཤེས་ཡོན་བཅས་དང་། སྐམ་གཡུང་དྲུང་ཉི་རྒྱལ་གྱིས་མཛད་པའི་ལྡུམ་བུའི་སྟོང་ཐུན་ཉི་མའི་དབང་པོ་བཅས་བོད་ཀྱི་སྨན་གཞུང་དུ་ངོས་འཛིན་བྱས་ཏེ་བོད་མའི་སྒྲིག་འཛུག་གི་བོད་སྨན་སློབ་ཚན་དུ་བཙུད་ཡོད། མ་ཟད་རྒྱུད་འབུམ་གང་ཞིག་སྦྱངས་ཀྱང་མཐར་སོན་པ་རྣམས་ལ་སྨན་པ་ཚད་ལྡན་དུ་ངོས་འཛིན་ཞུ་རྒྱུ་དང་། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་འཐུས་མིའི་ཁོངས་སུ་ཉུང་མཐར་ཡང་འབུམ་བཞིའི་སྨན་པ་གཅིག་དགོས་པའི་གྲོས་ཆོད་གཏན་ལ་ཕབ་ཡོད། ཕྱི་ལོ་ ༢༠༠༦ ལོ་ནས་ད་ལྟའི་བར་བལ་གཞུང་དུ་དེབ་སྐྱེལ་ཡོད་པའི་བོན་པོ་ཚོགས་པའི་འཛིན་སྐྱོང་འོག་ཏུ་གནས་ཤིང་། མདོར་ན་མི་ལོ་བཅུ་ཕྲག་གསུམ་གྱི་རིང་སྨན་པ་བཀའ་བཅུ་པ་དང་སྨན་རམས་པ་བཅས་ཀྱི་སློབ་ཐོན་མཛད་སྒོ་སྐབས་བརྒྱད་འཚོགས་རྒྱུའི་གོ་སྐབས་བྱུང་། སློབ་ཐོན་པ་རྣམས་ལས་རེ་འགས་འདི་གའི་སློབ་གྲྭར་ཕྱག་ལས་གནང་མུས་དང་། རེ་འགས་ཕྱི་རྒྱལ་ཡུལ་དྲུ་ཁག་དང་ཧི་མ་ལ་ཡའི་རི་རྒྱུད་བཅས་སུ་གསོ་རིག་དང་འབྲེལ་བའི་ཕྱག་ལས་སྤེལ་མུས་བཅས་སོ།།

སློབ་གྲྭའི་མཐུན་རྐྱེན་གྱི་སྐོར།

དེ་ཡང་ད་ལྟའི་ཆར་ཕྱི་ཡི་སློབ་གཉེར་གནང་ཡུལ་ལ་མཚོན་ན། སློབ་ཕྲུག་གི་ཉལ་ཁང་དང་། བརྟག་དཔྱད་ཁང་། འཛིན་ཁང་། སྨན་འཐག་ཁང་། གློག་ཀླད་ཁང་། ཞལ་འདོན་ཁང་། སྨན་མཛོད་ཁང་། སྨན་སྦྱོར་ཁང་། བསྐུ་མཉེ་ཁང་། ཐབ་ཚང་སོགས་ཡོད་ལ། ནང་གི་སློབ་ཚན་སྐོར་ལ། ཐ་ན་བོད་ཡིག་ཀློག་འདོན་དང་ཡིག་གཟུགས་སློབ་ཁྲིད། བརྡ་དག་སྙན་གསུམ། རྩིས་རིག་དཀར་ནག སྨན་གཞུང་གཙོ་བོར་འབུམ་བཞི་བྱེད་པ་དང་ཟུར་དུ་རྒྱུད་བཞི་དང་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། བེཌཱུརྱ་སྔོན་པོ་སོགས་ལ་ལྟ་རྟོགས་བྱེད་པ་མ་ཟད། ནད་ལ་སྨན་དང་གདོན་ལ་གཏོ་ཟེར་བ་ལྟར་གདོན་བཅོས་གཏོ་ཡི་རིགས། ཞང་བོད་ཧི་མ་ལ་ཡི་རྒྱུན་ཤེས་དང་སྨན་གྱི་ལོ་རྒྱུས། ལྷག་དོན་དུ་ནང་དོན་རིག་པ་དང་འབྲེལ་བའི་འགྲོ་བ་མི་ཡི་སེམས་ཁམས་ལ་བདེ་སྐྱིད་ཡོང་ཕྱིར་བྱམས་དང་སྙིང་རྗེའི་ངོ་བོ་གཞན་ཕན་གྱི་རིག་གནས། ཡུལ་དུས་ལ་བསྟུན་པའི་བལ་བོད་དབྱིན་གསུམ་གྱི་སྐད་རིགས། དེ་བཞིན་མཚམས་རེར་སྤྱི་ཚོགས་གཞན་དུ་ཆེད་མངག་ཟབ་སྦྱོང་དང་། ཕྱོགས་སྐྱོད་སློབ་སྦྱོང་སོགས་མདོར་ན་གསོ་བ་རིག་པའི་སྨན་པ་ལ་དགོས་ངེས་ཀྱི་ཆ་རྐྱེན་གང་འཚམ་ཚང་ཡོད།

སྨན་རྫས་ཀྱི་སྐོར།

ཤོག་ཐོག་བྲོ་བརྡུང་ལྟ་བུ་མ་ཡིན་པར་ལོ་རེར་དབྱར་དུས་ཧི་མ་ལ་ཡི་རི་རྒྱུད་དུ་ཕེབས་ནས། ལྡུམ་རྩྭའི་སྐྱེ་སྟངས་དང་ཁ་དོག བཟོ་དབྱིབས། ལོ་མ། འབྲས་བུ། རོ་དང་དྲི་སོགས་ལ་ལུང་པ་མི་འདྲ་བ་ལ་སྐྱེ་དབྱིབས་མི་འདྲ་བ། སྨན་གཞུང་ཁག་ལས་མིང་མི་འདྲ་བ། སྨན་པ་རེ་ལ་ངོས་འཛིན་མི་འདྲ་བ་སོགས་ཡོད་པར་བརྟེན། མིག་མཐོང་ལག་ཟིན་ཐོག་ནས་སློབ་མ་རྣམས་ལ་སྐྱེ་དངོས་ཐུག་འཕྲད་ཀྱི་ལྡུམ་ཁྲིད་གནང་མུས་རེད། དེ་ཡང་ཞང་བོད་གསོ་རིག་གི་མ་ཕྱི་འབུམ་བཞི་དང་རྒྱུད་བཞི་དེ་འབྲེལ་གྱི་གསོ་བ་རིག་པའི་གཞུང་ལུགས་སྨན་གྱི་འཁྲུངས་དཔེ་ཉི་མའི་དབང་པོ་དང་ཤེལ་གང་ཤེལ་ཕྲེང་། འཁྲུངས་དཔེ་ཤེལ་གྱི་མེ་ལོང་སོགས་རྩ་བ་དང་འགྲེལ་བའི་འཁྲུངས་དཔེ་རྣམས་དང་སྦྱར་ཏེ་གནའ་དེང་ཟུང་འཇུག་དང་། ཉམས་མྱོང་མཐོང་གསུམ་གྱི་སྒོ་ནས་སྨན་ལྡུམ་སྐམ་རློན་རྣམས་ངོས་འཛིན་བྱེད་ཅིང་། ད་དུང་ཁཎྡ་དང་སྦུབ་བསྲེགས་དུག་འཕྲལ་སོགས་ཀྱི་ལག་ལེན་ཚུལ་བཞིན་སྦྱོང་བརྩོན་གནང་སྟེ་ལོ་རེ་བཞིན་སྨན་རྫས་གསར་པ་བསྒྲུགས་ནས་བེད་སྤྱོད་པས་སྨན་ནུས་ཀྱང་ཆེ་བ་ཡོད། བཟོ་ཚུལ་ལའང་སངས་རྒྱས་སྨན་ལྷའི་དགོངས་དོན་བཞིན། སྨན་ཕྱེ་ཐང་རིལ་གསུམ་དང་། ལྡེ་གུ། སྨན་མར། ཐལ་སྨན། ཁན་དྷ་སོགས་བཟོ་སྐྲུན་བྱེད་པ་བཅས་མདོར་ན་སྨན་རྫས་བརྒྱ་ཕྲག་བཞི་ལས་བརྒལ་བར་བེད་སྤྱོད་བྱེད་བཞིན་ཡོད།

སྤྱི་ཚོགས་ཞབས་ཞུའི་སྐོར།

ནམ་རྒྱུན་སྨན་ཁང་འདི་ནས་ནད་པར་བརྟག་དཔྱད་སོགས་ཀྱི་སྒོ་ནས་སྨན་རིན་ཆུང་བ། ཧ་ཅང་དཔལ་འབྱོར་སྐྱོ་བའི་ཉམ་ཐག་ནད་པ་རྣམས་ལ་ཡང་སྨན་རིན་མེད་དུ་རག་གི་ཡོད། ད་དུང་ཕྱི་ལོ་ ༢༠༡༥།༤།༢༥ བལ་ཡུལ་ལ་ས་ཡོམ་ཆེན་མོའི་སྐབས་ལྟ་བུར་ཉམ་ཐག་ནད་པ་སྟོང་ཕྲག་མང་པོར་སྨན་སྦྱིན་བཏང་ནས་དུས་ཐོག་ཆར་པ་ལྟ་བུའི་ཞབས་ཞུ་ཡང་བསྒྲུབས་མྱོང་བ་དང་། དེ་བཞིན་ཧི་མ་ལའི་རི་རྒྱུད་སོགས་ཚན་རིག་གི་སྨན་པའི་ཆ་རྐྱེན་མེད་པའི་ས་གནས་ཁུག་ཀྱོག་ཏུ་དངོས་སུ་སྨན་པ་ཆེད་ཕེབས་གནང་སྟེ་ནད་གཞི་བརྟག་དཔྱད་དང་འབྲེལ་སྨན་སྦྱིན་རིན་མེད་ཐོག་སྤྱི་ཚོགས་ལ་ཞབས་ཞུ་ལོ་ལྟར་ཅི་ནུས་སུ་སྒྲུབ་བཞིན་ཡོད། ལྷག་པར་ད་ལོ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པའི་ན་བ་རྣམས་ལ་སྨན་བཅོས་དང་ཤི་བ་རྣམས་ལ་བསྔོ་སྨོན་དེ་བཞིན་སྔོན་འགོག་གི་འཕྲོད་བསྟེན་ཤེས་བྱ་སོགས་གང་ནུས་གང་ཐུབ་བསྒྲུབས་པ་མ་ཟད་ཚེ་སྲོག་ལ་གནོད་པའི་གདོན་བགེགས་ཀྱི་བར་ཆོད་ཞི་ཆེད་གཏོ་བཅོས་དང་། མི་དམངས་ཀྱི་རེ་བ་བཞིན་ཤི་གསོན་གང་གི་ཆེད་སྐུ་རིམ་ཞབས་བརྟན་གང་དགོས་གནང་གི་ཡོད།

སློབ་མའི་སྐོར།

སློབ་གྲྭ་འདིའི་སློབ་མའི་ངོ་བོ་ལ་མཚོན་ན་ཆོས་ལུགས་དང་མི་རིགས། དེ་བཞིན་སྐྱ་སེར་དང་ཕོ་མོ། ཕྱུག་དབུལ་གྲགས་ཞན་སོགས་ཀྱི་དབྱེ་བ་མེད་པར་གཞི་རྩའི་ཆ་རྐྱེན་བོད་ཡིག་ཀློག་འདོན་དང་། བོད་སྐད་བཤད་ཉན་རང་རྐྱ་ཐུབ་པའི་ཐོག་གསོ་བ་རིག་པ་ལ་སྤྲོ་བ་ཡོད་པ་སྲོལ་རྒྱུན་གྱི་སྨན་གྱི་སློབ་མ་ལྟར་དགོས། ད་ལྟའི་ཆར་བོད་དང་། གློ་དོལ་པོ། འོམ་གློ་སོགས་ནས་ཕེབས་པའི་གཞོན་སྐྱེས་སློབ་མ་བཅུ་ཕྲག་གཉིས་ལས་བརྒལ་བ་ཡོད་ཅིང་། སློབ་གྲྭ་འདི་འགོ་བཙུགས་ནས་ད་བར་སློབ་མའི་སྡོད་གནས་དང་བཟའ་བཅས། སློབ་སྦྱོང་། སློབ་དེབ་སོགས་ཚང་མ་རིན་མེད་ཡིན་ཞིང་དེ་ཡང་སྒེར་སོ་སོའི་མི་ཚེའི་མདུན་ལམ་དང་། སྤྱི་ཚོགས་ལ་ཕན་བདེ་བཟང་པོ་འབྱུང་ཐུབ་པ། ཡང་སྒོས་སུ་ཞང་བོད་གསོ་བ་རིག་པའི་བསྟན་པ་དར་ཞིང་ཡུན་རིང་དུ་གནས་པ་བཅས་སློབ་གྲྭ་འདིའི་དམིགས་ཡུལ་གྱི་ཆ་རྐྱེན་ཡིན།

སློབ་ཚན་དང་རྒྱུགས་སྤྲོད་ཀྱི་སྐོར།

ལོ་རིམ་དང་པོ་ལ་རྩ་བ་ཐུགས་འབུམ་མཁའ་སྔོན་དང་སྨན་འབུམ་དཀར་པོའི་རྩ་ཆུའི་མདོ་བཅས། ལོ་རིམ་གཉིས་པ་ལ་སྨན་འབུམ་ལས་ཐང་ཕྱེ་རིལ་བུ་དང་། ནད་འབུམ་ལས་ཉེས་གསུམ་སོགས་གཙོ་བོར་ཡིན། ལོ་རིམ་གསུམ་པ་ལ་ནད་འབུམ་ལས་ཚ་གྲང་ནད་ཀྱི་སྡེ་ཚན་སོགས་གཙོ་བོ་དང་། ལོ་རིམ་བཞི་པ་ལ་ནད་འབུམ་ལས་མགོ་དང་དབང་པོ་དོན་སྣོད་སྐོར་སོགས་གཙོ་བོ་ཡིན། ལོ་རིམ་ལྔ་པ་ལ་དཔྱད་འབུམ་ལས་ལུས་ཀྱི་ཆགས་ཚུལ་ནས་ལུས་ཀྱི་འཇིག་ལྟས་བར་ལུས་ཀྱི་སྐོར་དང་། ནད་ཀྱི་རྒྱུ་ནས་ནད་ཀྱི་དབྱེ་བའི་བར་ནད་ཀྱི་སྐོར། རྒྱུན་སྤྱོད་ནས་སྨན་གྱི་རོ་དང་ཞུ་རྗེས་བར་གཉེན་པོའི་སྐོར་བཅས་སོ། དེ་ནས་ལོ་གཅིག་རིང་ལ་ཉམས་གསོག་དང་ཟུར་སྦྱོང་། ཡང་ན་བསྐྱར་སྦྱོང་བསྡོམས་ལོ་དྲུག་གི་རྗེས་སྨན་པ་བཀའ་བཅུ་པའི་ཕྱག་འཁྱེར་བསྩལ་རྒྱུ།

ལོ་རིམ་དྲུག་པ་ལ། དཔྱད་འབུམ་ཁྲ་བོ་ལེའུ་༢༠པ་སྨན་གྱི་ནུས་པ་བསྟན་པ་ནས་ལེའུ་༣༡པ་བྱ་བྱེད་སྨན་པའི་བར་དང་། ནད་འབུམ་ལས། རྨ་ཡི་སྐོར་ཆ་ཚང་ཡིན། ལོ་རིམ་བདུན་པ་ལ། ནད་འབུམ་ལས། གདོན་དང་དུག་ནད། བུད་མེད་བཙལ་བ་ཡན་དང་། སྨན་འབུམ་ལས། སྔོ་སྦྱོར་ལེའུ་བཅས་ཡིན། ལོ་རིམ་བརྒྱད་པ་ལ། སྨན་འབུམ་ལས། སྦྱོང་བྱེད་ལས་ལྔ་དང་ཆ་བྱེད་དཔྱད་ཀྱི་སྐོར། གསོ་བྱེད་མདོར་བསྡུས་བཅས་ཡིན། ལོ་རིམ་དགུ་པ་ལ། སྨན་སྦྱོར་སྟོང་རྩ་སོགས་འབུམ་རྒྱུད་གྱི་ཟུར་རྒྱན་རིགས་སྦྱང་གྲུབ་རྗེེས་སྨན་རམས་པའི་ཕྱག་འཁྱེར་བསྩལ་རྒྱུ། མདོར་ན་སློབ་ཚན་དེ་དག་ལོ་རེར་ཟླ་དྲུག་དང་ལོ་འཁོར་རྒྱུགས་ཆེན་སྐབས་ལ་ངག་རྒྱུགས་དང་བྲིས་རྒྱུགས་གང་རུང་ཞིག་གི་བརྒྱ་ཆ་མ་ལོན་ཚེ་འཛིན་རིམ་གནས་འཕར་འགྲོ་རྒྱུ་མེད། མུ་མཐུད་འབུམ་རམས་པའི་སློབ་ལམ་དུ་ཞུགས་འདོད་ཡོད་ཚེ་སྨན་གྱི་གཞུང་གནད་གང་ལ་ངེས་པར་དུ་ཆེད་དེབ་བྲི་ནས་སློབ་ཐོན་བྱ་རྒྱུའི་ཆ་རྐྱེན་བཅས་རེད། གཞན་ཡང་སྨན་སློབ་ཚོ་གཅིག་ཟུར་དུ་བོད་ལུགས་དང་ཕྱི་ལུགས་གང་ཅིའི་ཐད་མ་རྨོངས་པ་མཁྱེན་རྟོགས་ཡོང་ཕྱིར་སློབ་ཡོན་ཆ་ཚང་འདི་ནས་བཏང་སྟེ་བལ་པོའི་གཞུང་འབྲེལ་གྱི་མཐོ་རིམ་སློབ་གྲྭ་རུ་འགྲོ་མུས་དང་གཞི་རྩའི་བོད་སྨན་སློབ་སྦྱོང་སོགས་ཉིན་རེ་བཞིན་ཆད་མེད་བྱེད་བཞིན་ཡོད། ད་དུང་སློབ་གྲྭ་རང་ལ་བོད་ཕྱིའི་སྨན་གྱི་ལག་ལེན་ནུས་སྟོབས་མཉམ་སྤུངས་ཡོང་ཕྱིར། ཕྱི་ལུགས་སྨན་པས་ལུས་ཀྱི་ཆགས་ཚུལ་དང་ནད་བཅོས་ལག་ལེན་སྐོར་ཚན་རིག་སློབ་ཁྲིད་གནང་བ་དང་། སྐབས་རེར་ཉམས་མྱོང་དང་ལག་ལེན་བྱང་བའི་སྲོལ་རྒྱུན་གྱི་སྨན་པ་རྒན་རིགས་གདན་འདྲེན་ཞུས་ནས་ཕ་རྒྱུད་བུས་འཛིན་གྱི་སློབ་ཁྲིད་མཛད་རྒྱུ། དེ་བཞིན་སློབ་མ་རྒན་པ་རྣམས་ཀྱིས་སྨན་དགེའི་ལྷན་དུ་ཉིན་རེ་བཞིན་ནད་པར་ལྟ་རེག་དྲི་གསུམ་གྱི་ལམ་ནས་རྩ་ཆུ་བརྟག་དཔྱད་དང་ནད་སྨན་བརྡ་སྤྲོད་ཀྱི་ལག་ལེན་དངོས་སུ་ཉམས་མྱོང་གསོག་འཇོག་གནང་ནས། ལོ་རེར་དགེ་སློབ་ཚང་འཛོམས་ཀྱིས་སངས་རྒྱས་སྨན་ལྷའི་སྒྲུབ་པ་བདུན་གཅིག་དང་།ཟླ་བ་རེའི་ཚེས་བརྒྱད་ཉིན་སངས་རྒྱས་སྨན་ལྷའི་ཆོ་ག་ཡར་མཆོད་མར་སྦྱིན་ཆད་མེད་གནང་བ། གཟའ་འཁོར་གཅིག་གི་རེས་གཟའ་པ་སངས་ཉིན་སློབ་མ་རྣམས་རེས་མོས་ཀྱིས་བརྗོད་བྱ་ངེས་མེད་ཐོག་བགྲོ་གླེང་གནང་རྒྱུ་དང་། རྒྱུན་ཤེས་དང་ཡང་ན་སྨན་གྱི་ལོ་རྒྱུས་དཔེ་ཁྲིད་གནང་རྒྱུ། སྨན་གཞུང་རྩ་བ་ཐུགས་འབུམ་མཁའ་སྔོན་འདོན་དགོས། རེས་གཟའ་ལྷག་ཕུར་གཉིས་ལ་སྨན་འབུམ་ལས་རྩ་མདོ་དང་ཆུ་མདོ་འདོན་རྒྱུ། ནམ་རྒྱུན་ཉིན་རེ་བཞིན་ཞོགས་དགོང་གཉིས་ལ་ཞལ་འདོན་ཆད་མེད་གནང་བ་མ་ཟད་རིག་གནས་ཀུན་ལ་བློ་སྒོ་འབྱེད་ཅིང་ལྷག་པར་གསོ་བ་རིག་པའི་གཞུང་ལ་འཇུག་སྒོ་བདེ་ཕྱིར་སྨན་གྱི་རིགས་ལམ་ལ་འཆད་པ་དང་རྩོད་པ། དེ་བཞིན་སློབ་མ་སོ་སོའི་སེམས་ལ་གང་ཤེེས་སོར་མོའི་ཟློས་གར་ལས་བསྐྲུན་པའི་རྩོམ་རིག་གི་སྡེ་ཚན་ལོ་དེབ་དཔྱད་བུ་ཁྲི་ཤེས་ལོ་རེ་བཞིན་འདོན་སྤེལ་བཅས་འཆད་རྩོད་རྩོམ་གསུམ་གྱི་སློབ་སྦྱོང་དུས་ནས་དུས་སུ་གནང་མུས་བཅས་སོ།།

སློབ་གྲྭའི་འགན་འཛིན་གསར་རྙིང་སྐོར།

ཕྱི་ལོ་ ༢༠༠༦ ལོ་ནས་ད་ལྟའི་བར་གཙོ་བོར་བོན་པོ་ཚོགས་པས་འཛིན་སྐྱོང་འོག་གསོ་རིག་འབུམ་བཞིའི་འགན་འཛིན་རིམ་པ་བཞིན་བྱུང་བ་ནི། གསོ་རིག་སློབ་སྤྱི་དགེ་བཤེས་བློ་གྲོས་མཆོག་ལེགས་དང་། ཕྱི་ལོ་དགེ་བཤེས་ཞིང་གཤེགས་དམ་པ་ཤེས་རབ་ཀུན་གསལ། དགེ་བཤེས་གཡུང་དྲུང་རྒྱ་མཚོ། དགེ་བཤེས་བདེན་གཉིས་བཤད་སྒྲུབ་བཅས་ཡིན། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༡ཉིན་སྨན་དགེ་རག་ཤི་ཚུལ་ཁྲིམས་སངས་རྒྱས་སྐུ་གཤེགས་པའི་རྗེས། སྤྱི་ཟླ་ ༧ ཚེས་ ༢༦ ཉིན། ༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུ་བཞུགས་ཐོག་བཙའ་སྐྱོང་ལྷན་ཚོགས་དང་བོན་པོ་ཚོགས་པ་ལྷན་འཛོམས་ཀྱིས་སྨན་དགེ་དམ་པའི་སློབ་མའི་མཆོག་ཏུ་གྱུར་པ་སྨན་པ་གནམ་གསས་གྲགས་པ་མཆོག་གསོ་རིག་འབུམ་བཞིའི་སྨན་དགེ་རུ་བསྐོས་བཞག་མཛད་པ་ནས་བཟུང་ད་ལྟའི་བར་ཁོང་གིས་སྨན་དགེ་གནང་སྟེ་སློབ་ཚོགས་སྐྱོང་བཞིན་པ་ཡིན།

དགེ་བཤེས་བདེན་གཉིས་བཤད་སྒྲུབ་ནས། སྤྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡ ཉིན།

(སྤྱིའི་གཟིགས་གྲངས། 81 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།

མཚམས་སྦྱོར། རྩོམ་ཡིག་གོང་མ།
INTRODUCTI…
error: རྩོམ་འདི་བདག་དབང་ཅན་ཡིན།