ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྙན་ངག་ལ་འཇུག་རིམ།

རྩོམ་པ་པོ། འཕན་འོ་མཚོ།

༡  སྤྱིར་སྙན་ངག་ཅེས་པ་ནི།  འཚོ་བའི་བདེ་སྡུག  དོན་གྱི་རྩ་གནད། རྒྱན་གྱི་ལེགས་ཆ། ཉམས་ཀྱི་འགྱུར་ཁུགས། རྒོལ་བའི་ཚ་ཟིལ། འགོག་པའི་ཇུས་ཐབས། སྐུར་བའི་ངར་ཤུགས་སོགས་ཐུན་མོང་གི་འཚོ་བའི་སྣང་བརྙན་ཇི་བཞིན་བཞེངས་བསྐྲུན་བྱས་པའི་ཀུན་མཐོང་རིག་པའི་མེ་ལོང་ཞིག་གམ། ཡང་ན་རྟོག་འགྱུ་ངར་མའི་ཚོར་འདུའི་ཀློང་ནས་མཆེད་པའི་སྐད་ཆའི་སྒྱུ་རྩལ་ཞིག དེ་ཡང་ཀློག་མཁན་ཡིད་དབང་འགུག་པའི་ལྕགས་ཀྱུ་དང་སྙན་དབང་གསོ་བའི་བདུད་རྩི་སྟེ། རྗོད་བྱེད་སྒྲ་གདངས་ཀྱི་ཉམས་འགྱུར་འབུམ་གྱིས་ཕྱུག་ཅིང་བརྗོད་བྱ་གཅིག་བསྡུས་ཀྱིས་དོན་ཀུན་གནད་དུ་ཐེབས་པའི་ཐུན་མིན་གྱི་བརྡ་ཆོད་དང་མཛེས་རྗོད། མཚོན་ཐབས་དང་ཕུགས་བསམ། ངེས་དོན་དང་དུང་ཞེན། ཟུར་བསྟོད་དང་ཐད་བསྟན་སོགས་ཁྱད་པར་གྱི་ཆོས་དུ་མ་ཞིག་ལྡན་དགོས་པ་མ་ཟད། ལུས་སྲོག་རྒྱན་གསུམ་གྱིས་ཡོངས་སུ་ཕྱུག་པའི་རྩོམ་རིག་རྩོམ་ཆོས་ཆེས་རྨད་དུ་བྱུང་བ་ཞིག་ལ་གོ་དགོས།

༢ དོན་གྱི་སྙན་ངག་པ་སྟེ། འདི་སྣང་གི་ཆོས་ཀུན་ལ་མཐོང་ཐོས་མྱོང་གསུམ་གྱི་ཚོར་ཤེས་ཟབ་ཅིང་འཆར་ཡན་གྱི་རྟོག་འགྱུ་མོད་པས་དགའ་ཡང་སྐྱེན་ལ་ངུ་ཡང་སླ་བ་མ་ཟད། སེམས་ཁོག་གི་དུང་ཞེན་ཡོད་ཚད་གླུ་རུ་འགུག་བཞིན་རྟོག་འཆར་གྱི་སྣང་བརྙན་གང་མཆིས་སྨྱུག་རྩེར་འདྲེན་ཕོད་པ། དེ་མིན་ལྷག་བསམ་གངས་རིའི་མདངས་ལ་འགྲན་ཞིང་ཕུགས་འདུན་ཆུ་བོའི་རྒྱུན་ལ་འཁུ་བའི་ཁ་ཁོག་མེད་ཅིང་མངོན་ལྐོག་བྲལ་བའི་སྔར་དྲན་ཕྱི་འདང་ཅན་གྱི་ཤེས་ལྡན་མི་སྣ་ཞིག་གམ་ཡང་ན་མི་རིགས་ཤིག་ལ་བློ་བསྐྱེད་དང་ལེགས་ཉེས་འབྱེད་པའི་གདོང་མཆོང་གི་དཔང་རྒོད་ཅིག་གོ །

༣ བསྟོད་སྨད་དང་བདེ་སྡུག བཟང་ངན་དང་ཡག་རྩོག དཀར་ནག་སོགས་འགལ་བ་ཅན་གྱི་ཆོས་ཀུན་རེས་མོས་སུ་འཁོར་བའི་ཐུན་མོང་སྤྱི་འགྲོས་ཀྱི་འཚོ་བ་འདི་ལ་དོན་གྱིས་མཐའ་བཟུང་བྲལ་བས། སྙན་ངག་གི་ལྟ་བ་དེའང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱུ་མཚན་གྱིས་དེ་ལ་མཐའ་གཅིག་ཏུ་འདི་ཞེས་འཛིན་པའི་ངེས་པ་དང་དགོས་པ་མེད་དམ་སྙམ།

༤ སྙན་ངག་འབྲི་བ་ནི། ཕྱི་འཚོ་བ་ཡི་མངར་སྐྱུར་ཁ་གསུམ་མྱུང་བའི་བརྒྱུད་རིམ་ལ་བལྟོས་ཏེ་ནང་སེམས་ཁམས་ཀྱི་དགའ་སྡང་ཆགས་གསུམ་སྣང་ཚུལ་འབྲི་བ་ཡིན་པས། དེས་ན་འབྲི་མཁན་རང་ལའང་མ་མཐའ་འཚོ་བར་ཆ་རྒྱུས། བདེ་སྡུག་གི་འབྱུང་རུམ། བཟང་ངན་གྱི་ཤན་འབྱེད། དཀར་ནག་གི་དབྱེ་བ་དག་མཚོན་པའི་འདེང་འཇོག་དང་ཚད་གཞི་ངེས་ཅན་ཞིག་ཅིས་ཀྱང་ལྡན་དགོས།

༥ སྙན་ངག་པ་ཞེས་པའི་བདག་སྒྲ་དེ་ལ་དགའ་མཁན་ཞིག་ཡིན་ཕྱིན། དེས་ཐོག་མར་ངེས་དོན་གྱི་སྙན་ངག་པ་མི་སྣ་གྲགས་ཅན་དང་དེ་དག་གི་རྩོམ་ཆོས་རྣམས་ལ་དགའ་ཞེན་དང་གཙིགས་མཐོང་། ཀློག་འདུན་དང་བཤུར་འདོད་སོགས་གཞན་ལས་འཕགས་པའི་ཚོར་སྐྱེན་ཞིག་ངང་ངམ་ཤུགས་ཀྱིས་སེམས་ཁོག་རུས་པའི་གསེབ་ནས་འགོག་མེད་དུ་འཕྱུར་སྲིད། 

༦ ཁྱོད་ལ་ཀློག་མཁན་གྱིས་མཐོང་ཆེན་དང་ངོ་སོ། དགའ་སྣང་དང་མོས་འདུན་ཇི་ལྟར་ཆེ་ན། དེ་ལྟར་ཁྱོད་ཀྱི་རྩོམ་ཆོས་ལ་རིན་ཐང་དང་ཡོན་ཏན། ཕན་པ་དང་ནུས་ཤུགས་ལྡན་པ་ཡིན།

༧ སྙན་ངག་འབྲི་བའི་དམིགས་ཡུལ་གང་ཡིན་པ་དེ་ལ་སྐུལ་ལྕག་དང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སོང་ན། རྩོམ་ཆོས་དེ་ཡང་ཚད་གཞི་མཐོན་པོར་སླེབས་པའི་ཡར་སློང་གི་དབྱངས་རྟ་སྙན་མོ་ཞིག་ལ་ངོས་འཛིན་གནང་ཆོག་ཆོག་ཡིན།

༨ སྙན་ངག་གི་རྩོམ་ཆོས་ཤིག་གྲུབ་རྗེས་ཐོག་མར། ཡང་ལྟ་དང་བསྐྱར་ཀློག འཕྲི་སྣོན་དང་དག་བཅོས་སོགས་གང་མང་བྱས་རྗེས་ད་གཟོད་རྩོམ་ཆོས་གང་དེར་ཡིད་ཆེས་དང་དགའ་སྣང་། ཀློག་འདུན་དང་ལྟ་བསམ། ཐ་ན་གཞན་ལ་རྔམ་འདོད་ཅིག་ཀྱང་འགོག་མེད་དུ་འཆར་ངེས། དེ་ཚེ་རང་བལྟོས་ཀྱི་རྩོམ་ཆོས་གསོན་ཉམས་ལྡན་པ་ཞིག་གྲུབ་པ་ལས་ཀུན་གྱིས་བསྟོད་པ་དང་བསྔགས་བརྗོད་ཀྱི་ཡུལ་དུ་འགྱུར་བར་ངེས་པ་མེད་དོ།།

པར། དྲ་རྒྱའི་ཁུ་བྱུག་པར་མཛོད་ནས།

87881cookie-checkསྙན་ངག་ལ་འཇུག་རིམ།
(སྤྱིའི་གཟིགས་གྲངས། 878 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།