སྤྲུལ་སྐུ་ཤེས་རབ་བློ་གྲོས་ནས་ཐུགས་གསོའི་འཚམས་འཕྲིན།
ཀྱེ་མ་ཐུགས་གསོའི་མཚམས་འདྲི་ཞུ་རྒྱུ།
ང་ཚོ་ཞྭ་དཀར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་སྨན་རི་བ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་ལ། ང་ཚོ་བོན་འབངས་སེར་སྐྱ་ཀུན་མྱ་ངན་གྱི་གནས་སུ་ལྷུང་སྟེ་ཟ་ཉལ་འགྲོ་འདུག་ཅི་བྱས་ཀྱང་སྟོང་སང་སང་། ཤར་ལྷོ་ནུབ་བྱང་གང་ལ་བལྟས་ཀྱང་སྟོང་ཧར་ཧར། བསམ་བློ་ཇི་ལྟར་བཅོས་ཀྱང་མིག་མཐར་མཆི་མས་བརླན་ནས་བསྡད་ཡོད། སྤྱིར་འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ་དང་། སྔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་བྱོན་ཀྱང་རྟག་འཛིན་ཅན་རྣམས་སུན་ཕྱུང་བའི་ཕྱིར་མྱ་ངན་ལས་འདས་ཚུལ་བསྟན་པ་ཤ་སྟག་ཡིན་མོད། ༧སྐྱབས་རྗེ་དམ་པ་དགུང་གྲངས་བརྒྱ་ལྷག་གི་རིང་ལ་ཞྭ་དཀར་བོན་གྱི་བསྟན་འགྲོ་གཉིས་ཀྱི་དོན་དུ་འཛམ་གླིང་གོ་ལའི་ཁྱོན་ལ་བཅུ་ཕྲག་རིག་པའི་གནས་དང་། མདོ་སྔགས་སེམས་གསུམ་གྱི་དབང་ལུང་མན་ངག་གི་ཁྲིད་གདམས་བརྒྱུད་པ་དང་བཅས་བསྟན་པ་རྗེས་སུ་བཞག་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་མཛད་པ་མཐའ་དག་མཇུག་གྲུབ་སྟེ། དད་ལྡན་མང་ཚོགས་རྣམས་ཀྱི་རེ་བ་ལྟར་བརྒྱ་སྟོན་གྱི་རྟེན་འབྲེལ་ཕྱི་ནང་ཚང་མ་ཡོངས་སུ་ལེགས་གྲུབ་བྱུང་ནས་སྐྱེ་བ་རང་དབང་ཡོད་པའི་རྟགས་མངོན་སུམ་དུ་བསྟན་ཏེ། སྣང་བཞི་ཟད་པའི་བཀོད་པ་གཞི་དབྱིངས་སུ་སླར་མི་ལྡང་བའི་རྒྱལ་ས་ཀ་དག་བོན་སྐུའི་ཞིང་ཁམས་སུ་གའུ་ཁ་སྦྱོར་བཞིན་འཕོ་བ་ནི་གདོན་མི་ཟའོ། །
དེང་གི་ཆར་མདོ་དབུས་ཁམས་གསུམ་གྱི་གདན་ས་ཁག་ནས་གདུང་སེམས་མཉམ་བསྐྱེད་ཀྱི་འདས་མཆོད་རྒྱས་འབྲིང་བསྡུས་གསུམ་དགོན་པའི་མཐུན་རྐྱེན་དང་བསྟུན་ཏེ་མ་བགྲོས་བསམ་པ་གཅིག་ཏུ་གྱུར་པ་ནི་དགའ་འོས་པའི་མཛད་བཟང་ཞིག་སྣང་།མ་འོངས་པར་ང་ཚོ་༧སྐྱབས་རྗེ་དམ་པའི་ཞལ་ཁྲིད་དངོས་སུ་ཐོབ་པའི་བུ་སློབ་ཡིན་ཀྱང་རུང་།དེ་མིན་བླ་སྤྲུལ་དགེ་བཤེས་བཙུན་པ་བཙུན་མ་བཅས་མདོར་ན་དགོན་སྡེའི་ཁོར་ཡུག་ནས་སློབ་ཐོན་པ་ཀུན་ཐུགས་མཐུན་ཁྲིམས་གཙང་ཐོག་ཐོས་བསམ་སྒོམ་གསུམ།ལྟ་སྒོམ་ཉམས་ལེན་མཛད་རྒྱུ་མཆོག་དམ་པའི་བཞེད་དོན་མཐར་ཐུག་ཡིན་པས་དེ་དག་ལ་འབད་འབུང་གནང་རྒྱུ་ནི་གདུང་སེམས་མཉམ་བསྐྱེད་ཀྱང་དེ་ཡིན་ལ།གདུང་འདེབས་མཆོད་འབུལ་ཡང་ཡིན།བཀའ་དྲིན་རྗེས་དྲན་ཡང་དེས་ཆོག་སྙམ།མ་ཟད་དད་ལྡན་མང་ཚོགས་རྣམས་ཀྱིས་ད་ལན་དགོངས་ཞག་དང་ཡང་ན་རྒྱུན་ལྡན་གང་གི་དུས་ཡིན་ཀྱང་དགེ་སྒྲུབ་སྡིག་སྤང་གི་བླང་དོར་ཚུལ་བཞིན་དཀའ་མོད།ཡང་དགོས་སུ་ཟས་བཅད་རིགས་ཤ་ཆང་སོགས་སྤང་རྒྱུ་ལས་སྡིག་གཞན།དཔེར་ན་ཞེ་སྡང་གི་ལས་ཕྲ་རགས་གྲོང་ཁྱེར།གྲོང་བརྡལ།གྲོང་ཚོ་ཕན་ཚུན་དགྲ་གྱོད་འཁྲུགས་རྩོད།རྩྭ་ས་རྩོད་གླེང་།འབུ་ས་རྩོད་གླེང་།ཕུ་ནུ་ནང་འཁྲུགས།བཟའ་ཚང་ནང་ལ་རྒས་གཞོན་བར་ལ་བརྩི་བཀུར་མེད་པ།ཕོ་མོ་སུ་ཡིན་རུང་འདོད་ཆགས་དབང་གིས་བརྩེ་གདུང་ལ་ངོ་ལྐོག་བྱེད་པའི་རྐྱེན་གྱིས་རྩོད་འཁྲུགས་སློང་བ།ཤོ་བག་རྒྱན་འཛུགས་ཆེར་བྱས་པས་དུད་ཚང་གི་འཚོ་བ་ལ་དཀའ་ཁག་བཟོས་པ་སོགས་འདི་ཕྱི་གཉིས་ལ་སྡིག་ཚབ་ཆེ་བའི་གནས་ཚུལ་དེའི་རིགས་ཚོད་འཛིན་དང་།བསྐྱར་བཅོས་ཤིག་གནང་སྟེ།ཆེན་པོ་ནས་ཆུང་ཆུང་།ཆུང་ཆུང་ནས་གཏན་མེད་གཏོང་ཚེ་ཁ་ཡོད་ལག་ཡོད་ཀྱི་སྡིག་པ་སྤང་ལུགས་གལ་ཆེ་ཤོས་དེ་ཚོ་རེད་སྙམ།དགེ་བ་སྒྲུབ་ཅེས་པ་རང་དང་རྒྱུད་ཐ་དད་པ་ཕ་རོལ་གྱི་སྐྱེ་འགྲོ་སུ་ཡིན་ན་ཡང་བྱམས་སྙིང་རྗེས་ཀུན་ནས་སློང་སྟེ་ཕན་སེམས་བཟུང་བ།ཡང་ན་ལུས་ངག་ཡིད་གསུམ་གང་གི་སྒོ་ནས་ཕ་བཏགས་པའི་ནུས་པ་མེད་ན་ཡང་གནོད་པ་མི་བྱེད་བསམ་པའི་དམ་བཅའ་ཞིག་ཡོད་ཚེ་དགེ་དེ་ལྷག་མེད་པ་ཁོ་བོའི་བསམ་ཚུལ་དེ་འདྲ་ཡིན་ཞུ།
མདོར་ན་སྐྱ་སེར་ཕོ་མོ་སུ་ཡིན་ཡང་གོང་དུ་ཞུས་པའི་བསམ་འཆར་དེ་ཚོ་དཔྱད་གཞི་ཙམ་བཟུང་བ་བཀའ་དྲིན་ཆེ།མགོན་པོ་ཁོང་གི་ཉེ་བར་གནས་པའི་བུ་སློབ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྡེ་གྲྭ་ཚང་རྣམས།རྩ་བླ་རིན་པོ་ཆེ་གློ་བུར་དགོངས་པ་བོན་དབྱིངས་སུ་གཤེགས་རྐྱེན་བསམ་ཡུལ་ལས་འདས་པ་བཟོད་ཐབས་བྲལ་བའི་སྡུག་བསྔལ་ཚད་མེད་པ་ཞིག་མགོ་ཐོག་ལ་ཤར་ཡོད་པ་སྨོས་ཅི་དགོས།
ཐུགས་རྗེ་ཉི་མའི་དྲོད་ཁུལ་རྒྱུན་དུ་མཉམ་ཆགས་མཉམ་གནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏེ་བཞུགས་ཡོད་དུས་ད་ཆ་དགུན་གྱི་ལྷགས་རླུང་རྡུལ་འཚུབ་ཅན་གྱི་བླ་སློབ་ཀྱི་འབྲེལ་བ་དད་རྒྱུན་ཙམ་ལས་མེད་པ་དངོས་གཤིས་སུ་གྱུར་ན་ཡང་། ཐུགས་སེམས་ཡང་གཏོང་ཞིག་མཛོད་དང་ལོ་ངོ་བཅུ་ཕྲག་མང་པོའི་རིང་དམ་པའི་སྐྱབས་འོག་ཏུ་ཚུད་ནས་བཅུ་ཕྲག་རིག་པའི་གནས་ལ་ཐོས་བསམ་དང་མདོ་སྔགས་སེམས་གསུམ་གྱི་གདམས་ངག་བདུད་རྩི་ལྟ་བུ་ཐོབ་པ་ནི་སྐལ་ལྡན་ལས་ཅན་གྱི་བསོད་ནམས་ཡིན་བསམ་པའི་འདུ་ཤེས་བཟུང་སྟེ། སྐྱོ་གདུང་གི་རྣམ་པ་དུས་རྒྱུན་སློབ་སྦྱོང་གི་ཁྲོད་དུ་བདག་མེད་དང་བདེན་མེད་གཏན་ལ་ཕབ་པ་ཀུན་རྫོབ་སྒྱུ་མའི་ཆོ་འཕྲུལ་ཚང་མ་སྟོང་གཟུགས་ཀྱི་ངོ་བོར་གྲོལ་བ་གཞུང་ཆེན་རྣམས་ཀྱི་དགོངས་དོན་གསལ་གདབ་གནང་སྟེ། ཐུགས་ཕམ་ཆེར་མི་མཛད་པའི་རེ་བ་ཡང་ནས་ཡང་དུ་ཞུ། མ་འོངས་པའི་གནས་བབ་ཐམས་ཅད་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་གཙོས་མཁན་སློབ་རྣམས་ཀྱི་བཞེད་དོན་ཅི་བཞིན་ཉམས་སུ་ལེན་རྒྱུ་གལ་གནད་ཤིན་ཏུ་ཆེ་ཞུའོ། །
ཐོས་ཆུང་བདག་གིས་གདུང་སེམས་མཉམ་བསྐྱེད་ཀྱི་སྐད་ཆ་ཁ་ཤས་ཞུས་པ་དེ་རྩ་བླ་རིན་པོ་ཆེ་ཡི་མདུན་ནས་ཁྲིད་གདམས་དངོས་སུ་ཐོབ་པའི་གཡུང་དྲུང་སྤུན་གྲོགས་ཡིན་པའི་ཆ་ནས་སླད་མེད་པའི་སྐད་ཆ་ཡིན་ཞུ་ཞུ། ཞུ་བྱའི་ནང་ལ་ཞུ་སྟངས་མ་འགྲིག་པ་བྱུང་ན་མཐོལ་ལོ་བཤགས་བཟོད་པར་གསོལ།
ཞེས་ལྷ་ལྡན་ཉི་མའི་གྲོང་ཁྱེར་ནས་བྱ་བཏང་སྤྲུལ་མིང་པ་ཤེས་བློ་ནས་གུས་པས་ཕུལ།