ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་རྒྱལ་འབུམ་ཚོགས་ཆེན་མོའི་གསལ་བརྡ།

 

རྣམ་དཀར་དད་ལྡན་ལྷ་སྡེ་མང་ཚོགས་ཡོངས་ལ་ཆེད་ཞུ།

བདག་ཅག་གི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་བྱིན་གྱིས་བརླབས་པའི་ས་གནས་ཁྱད་པར་ཅན་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་བྱང་ཕྱོགས་སུ་གནས་གཞིས་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས། འགྲོ་ཀུན་ཕན་བདེའི་གཞི་རྩ་སངས་རྒྱས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དམུ་རྒྱལ་གཤེན་གྱི་གདུང་འཛིན་གཤེན་སྲས་ནོར་བུ་དབང་རྒྱལ་ཡབ་སྲས་རྣམས། རང་ཅག་གཡུང་དྲུང་བོན་གྱི་འདུལ་སྔགས་རྫོགས་གསུམ་གྱི་དབང་ལུང་ཁྲིད་དང་མན་ངག་གི་ཆུ་བོ་གཅིག་ཏུ་བསྡུས་ཏེ་འཛིན་སྐྱོང་སྤེལ་བའི་བཀའ་དྲིན་ཤིན་ཏུ་ཆེ་བ་རྒྱུད་གསུམ་བསྟན་པའི་མངའ་བདག་མཁས་གྲུབ་བྱེ་བའི་བཤེས་གཉེན༧སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་རྣམས་ཀྱི་དབུས་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་རྣམས་ཀྱི་ཞབས་པད་ཡུན་དུ་བརྟན་ཞིང་གསང་གསུམ་གྱི་འཕྲིན་ལས་རྒྱས་པ་དང་། བསླབ་གསུམ་སེམས་དཔའི་འདུས་སྡེ་འཕེལ་བ། ཡངས་པའི་འཇིག་རྟེན་གྱི་ཞིང་འདིར་སྤྱིར་ནད་མུག་འཁྲུག་རྩོད་དང་། ས་ཡོམ། མེ་ཆུའི་འཇིགས་པ་སོགས་རང་འབྱུང་ཁམས་ཀྱི་གནོད་འཚེ་ཐམས་ཅད་ཞི་ཞིང་། ཁྱད་པར་དུ་ད་སྐབས་འཛམ་གླིང་ཡོངས་ལ་ཁྱབ་བདལ་དུ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་ཀྱིས་སྐྱེ་བོ་ཁྲི་ཕྲག་དུ་མའི་ཚེ་སྲོག་འཕྲོག་པ་དང་ས་ཡ་དུ་མར་ནད་ཀྱིས་གཙེས་ཏེ་འཛམ་གླིང་སྐྱེ་བོ་མཐའ་དག་འཇིགས་སྐྲག་སྡུག་བསྔལ་དྲག་པོས་གདུང་བཞིན་པ་རྣམས་ཛ་དྲག་གི་གནས་སྐབས་འདི་ལས་མྱུར་དུ་གྲོལ་ཅིང་འཛམ་གླིང་ཞི་བདེའི་དཔལ་ལ་འགོད་པ་དང་། ཏོག་དབྱིབས་ནད་དུག་གིས་རྐྱེན་ཏེ་འདས་གྲོངས་སུ་གྱུར་པ་རྣམས་ཀྱིས་གཙོས་འགྲོ་ཀུན་བླ་མེད་རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པའི་རྒྱུ་རུ་དམིགས་ཏེ།  ལོ་བསྟར་བཞིན་འབུམ་ཚོགས་ཆེན་མོ་གཉིས་རེ་འབུལ་བཞིན་པ་ལྟར། ད་ལམ་འདི་ལོ་འབྱུང་ལྡན་༣༠༡བོད་ལྕགས་བྱི་ལོའི་ཧོར་ཟླ་ ༣ ཚེས་ ༢༧ ནས་ཧོར་ཟླ་ ༤ ཚེས་ ༣་བར་དང་། ཕྱི་ལོ ༢༠༢༠ ཟླ་ ༠༥ ཚེས་ ༡༩  ནས་ཚེས་ ༢༥ བར་ཉིན་གྲངས་བདུན་གྱི་རིང་དུས་གསུམ་རྒྱལ་བའི་ཡུམ་ཆེན་མ་མཆོག་སྲིད་པ་རྒྱལ་མོ་གཙོས་བོན་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུམ་ཚོགས་ཆེན་མོའི་མཆོད་སྤྲིན་རྒྱས་འབུལ་བྱ་རྒྱུའི་བརྡ་ཁྱབ་ཞུ་རྒྱུ་ལགས་ན། དེ་བསྟུན་སེར་སྐྱ་མང་ཚོགས་ཡོངས་ནས་རང་རང་གང་ལྕོགས་ཀྱི་དགེ་བའི་བྱ་བར་བརྩོན་གནང་ཡོང་བ་ཞུ་རྒྱུའི་དགེ་སྐུལ་གསལ་བསྒྲགས་སུ།།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ཕྱི་་ལོ་༢༠༢༠ ཟླ་༥ ཚེས་༡༣ཉིན།།

108860cookie-checkསྲིད་རྒྱལ་འབུམ་ཚོགས་ཆེན་མོའི་གསལ་བརྡ།
(སྤྱིའི་གཟིགས་གྲངས། 263 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྔོན་བཤད། …
error: རྩོམ་འདི་བདག་དབང་ཅན་ཡིན།