ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་དབྱར་ཁྲིད་ཆེན་མོ་ལེགས་གྲུབ་བྱུང་བ།

འཆར་ཅན་ལོ་རེའི་དབྱར་དུས་ཀྱི་བདུན་གསུམ་དང་། དེ་རྗེས་བདུན་གཅིག་རིང་སློབ་མ་རྣམས་ལ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱིས་ལོ་བསྟར་འཛམ་གླིང་ཤར་ནུབ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་མ་རྣམས་ལ་ཁྲིད་གདམས་བསྩལ་བ་དང་། ཉམས་ལེན་ལ་བསླབ་པ། སྦྱིན་བཞིའི་ཕྱག་ལེན་ལ་འཇུག་པ་བཅས་ནི་གཤེན་བསྟན་དར་རྒྱས་གླིང་གི་རྒྱུན་ལྡན་གྱི་བོན་སྤྱོད་ཕྱག་ལེན་ལས་དམིགས་བསལ་ཅན་དང་། དགེ་བའི་ལས་ལ་སྒོ་གསུམ་རྣལ་མར་སྦྱོར་པའི་དུས་ངེས་ཅན་ཞིག་ཆགས་ཡོད་པ་དང་། དེར་མཚུངས་ཕྱོགས་ཕེབས་བླ་མ་དགེ་བཤེས་མི་ཉུང་བ་ཞིག་གིས་གང་ལ་གང་དགོས་དེ་ལ་དེར་སྟོན་གྱི་ཕྱར་བ་གྲུ་འདེགས་ཞུ་བཞིན་པ་ནི་སྤྱིར་ན་དགེ་སྦྱོར་བའི་འོས་འགན་དང་། གང་གདམ་ག་བྱས་པའི་འཇུག་སྒོའི་ལམ་མ་ནོར་བ་ཞིག་པ་ཡིན་པ་མ་ཟད། བསྟན་པ་དང་འགྲོ་བའི་ཆེད་དུ་རང་གཞན་གྱི་དོན་མཛད་པའི་ཚུལ་ཞིག་ཀྱང་ཡིན།

༢༠༡༩ འདི་ལོར་སྔར་རྒྱུན་བཞིན་ཕྱི་ཟླ་ ༠༧ ཚེས་ ༢༨ ཉིན་དབྱར་ཁྲིད་ཆེན་མོ་དབུ་བཙུགས་ཤིང་ཕྱི་ཟླ་ ༠༨ ཚེས་ ༡༦ ཉིན་མཇུག་ལེགས་པར་གྲུབ། འོན་ཀྱང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྐུ་ཡི་སྙུན་བབ་དབང་གིས་དངོས་སུ་ཞབས་ཕེབས་མ་ཐུབ་ནའང་དབྱར་ཁྲིད་དབུ་འཛུགས་སྐབས་འཚམས་འདྲིའི་བརྙན་ཕབ་ཅིག་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་གིས་བརྒྱུད་སྤེལ་ཞུས་པས་སློབ་མ་རྣམས་ལ་བློ་བདེ་བག་བབ་ཀྱི་དྲོད་སྐྱིད་ཐོབ་པ་དང་། དེ་མུས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་རྣམ་གཉིས་ཀྱིས་ཉིན་ལྟར་སྔ་ཕྱི་དྲོར་རྫོགས་པ་ཆེན་པོའི་ཁྲིད་གདམས་བཀའ་དྲིན་བསྐྱངས། སློབ་མ་རྣམས་ཀྱིས་ཀྱང་དུས་ཚིགས་འདིར་མི་ཚེའི་རིན་ཐང་གི་ལེའུ་ཞི་བདེའི་ཐམས་ལམ་འཚོལ་བའི་གོ་སྐབས་གལ་ཆེན་ཞིག་ལ་བརྩིས་ཏེ། བདུན་གསུམ་གྱི་རིང་གདམས་ངག་ལ་གསན་བཞེས་དང་། ཐོས་བསམ་ལ་ཤེས་རབ་ལ་བརྩོན་པ་བསྐྱེད་ནས་དུས་ཚོད་དང་སྐར་ཆ་རེ་རེ་བཞིན་ཚོགས་བསགས་དགེ་སྦྱོར་དང་། ཉམས་ལེན་ཐུན་མཚམས་ལ་དུས་འདའ་བར་བྱས།

གོང་ཟླའི་ཚེས་ ༡༥ ཉིན་དགེ་སློབ་ལྷན་རྒྱས་ཀྱིས་ཉིན་རྒྱབ་བླ་ཆེན་དྲན་པ་ནམ་མཁར་གཏང་རག་ཚོགས་མཆོད་ཕུལ་བ་དང་། ཚེས་ ༡༦ ཉིན་རྫོགས་ཆེན་སྔོན་འགྲོ་ཆ་ཚང་དལ་བུའི་དབྱངས་དང་བཅས་ཏེ་བཀླགས་རྗེས་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་།  སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་དབྱངས་སུ་གྱེར། མཇུག་ཏུ་ལས་སྣེ་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུའི་སྙན་འབུལ་དང་སྦྲགས་མཁན་རིན་པོ་ཆེ་མཆོག་ནས་ཉམས་ལེན་ལ་སྐུལ་མ་དང་འབྲེལ་བའི་ཞལ་གདམས་གནད་བསྡུས་བཀའ་དྲིན་བསྩལ་བ་བཅས་ཀྱི་གནས་བསྡུས་སུ།

འདི་ལོའི་དབྱར་ཁྲིད་ཀྱི་ཁྲིད་གཞི་ནི། རྫོགས་ཆེན་རྩ་བའི་སྡེ་ཆེན་པོ་བཞི་ཡི་ནང་གསེས་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་བཤད་གཞིའི་མཆོང་གི་ལེའུ་ནས་བཀའ་དྲིན་བསྐྱངས། སྤྱིར་རྒྱུད་སྡེ་འདི་ནི་སྐབས་སུམ་ཅུ་སོ་གཉིས་དང་། མཆོང་ཉི་ཤུ་རྩ་ལྔ། བམ་པོ་ལྔ། ལེའུ་བརྒྱ་དང་དགུ་བཅུ་རྩ་བདུན་གྱི་ཆིངས་ཀྱིས་བཅིངས་པ་དང་། རྫོགས་པ་ཆེན་པོའི་ལུས་ཡོངས་རྫོགས་སུ་བསྟན་པའི་བོན་སྡེ་ཞིག་ཡིན། དེ་ཡང་བཀའ་ཡི་བརྒྱུད་ཁུངས་ཀྱི་དབང་དུ་བྱས་ན། ལ་ཟློ་བའི་བམ་པོ་ལས།ཡང་གསང་ཡེ་ཁྲི་མཐའ་སེལ་རྒྱུད། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །བསྟན་པའི་འབྱུང་གནས་ཞང་ཞུང་ནས། །བདེར་གཤེགས་ཐུགས་ཀྱི་ཐིགས་པ་སྤྲོས། །ཞེས་པ་ལྟར། ཞང་ཞུང་དང་། ཨོ་རྒྱན། བྲུ་ཤ། རྒྱ་གར། དེ་ནས་བོད་དུ་དར་བ་ཞིག་ཡིན་པ་ནི་འགྱུར་སྐད་ཀྱི་གོ་རིམ་ལས་གསལ་པོ་མཁྱེན་ཐུབ་པ་ཞིག་རེད།

སྐབས་འདིའི་ཁྲིད་ཀྱི་རིམ་པའི་གཞི་འཛིན་ས་སྟེ། མཆོང་ཉེར་ལྔའི་གཉིས་པ་༼  དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་ ༽ལ་མཛད་པ་དང་། བརྒྱུད་རིམ་གྱི་དབང་དུ་བྱས་ན། ཐོག་མར་གསང་སྔགས་ཀུན་འཆང་རྒྱལ་པོ། དེ་ནས་བཀའ་རྟོགས་དོན་མཐོང་རྒྱལ་པོ། ཡེ་ཤེས་འོད་ཀྱི་བླ་མ། ཀུན་ཤེས་རང་གྲོལ་རྒྱལ་པོ། ཀུན་འདུས་སྟོབས་ཀྱི་རྒྱལ་པོ། ཀུན་གསལ་འོད་ཀྱི་ཆེའུ་ཆུང་། ཉེ་བའི་སྲས་བཞི། རྣམ་འབྱོར་པ་ཀོང་ཚེ་རྒྱལ་བ། ལྕེ་ག་རང་ཁྱུད། ར་སངས་གནམ་ཐེ། རྒྱལ་པོ་སྲོང་བཙན་ཡབ་ཡུམ་ལས་སོགས་འདུས་པའི་འཁོར་ལ་བརྒྱུད་པའི་ཚུལ་ཞིག་དང་། ཡང་རྗེས་མཇུག་ར་སངས་ཁྲི་ནེ་ཁོད་ཀྱིས་ལྡེ་གྱིམ་ཚ་རྨ་ཆུང་། སེ་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་འཁར་བུ་ཆུང་། སློབ་དཔོན་གྱེར་ཟླ་མེད། མཐའ་བཞི་འོད་ཆུང་། དྲན་པ་ནམ་མཁའ་དང་། ཚེ་དབང་རིག་འཛིན་བཅས་ལ་རིམ་པས་ཁྲིད་ལུང་གི་བརྒྱུད་སྤེལ་ཞིང་། ཕྱིས་སུ་རྗེ་ཚེ་དབང་རི་ཁྲོད་ཆེན་པོས་སྤྲུལ་སྐུ་ལུང་བོན་ལྷ་གཉན་ལ་བརྒྱུད་པ་དང་། དེས་ལུང་སྒོམ་འཁོར་ལོ་རྒྱལ་པོ་ལ་མཇལ་རེས་ཐ་མའི་སྐབས་སུ་བརྒྱུད་དེ་དར་རྒྱས་བྱུང་བ་ཞིག་ཡིན།

གཞུང་དོན་ཇི་ལྟར་ཞེ་ན། བཤད་གཞི་མཆོང་འདི་ནི། ཚིག་གི་དེ་ཉིད་བཅུ་གཅིག་གི་སྒོ་ནས་རྫོགས་པ་ཆེན་པོའི་ལྟ་བ་སྤྱི་རུ་གཅོད་པའི་ཚུལ་ཏེ། གོང་འོག་ཐེག་པའི་ལ་ཤན་རྣམ་པར་ཕྱེས་པ་དང་། རྩ་བ་དང་ཡན་ལག་གི་ཚིག་གི་ལོ་མའི་སྤྲོས་པ་ལ་མཐའ་བཅད་དེ། རང་གཞུང་ཡང་དག་བསྒྲུབས་པ་དང་། དེ་བཞིན་རྒྱུད་ལུང་མན་ངག་གསུམ། སེམས་ཀློང་མན་ངག་གི་སྡེ་བཅས་གཞི་གཅིག་ལ་དོན་ཚངས་སུ་གནས་པའི་ཚུལ་གསུངས་པ་མ་ཟད། རང་གཞུང་རྫོགས་ཆེན་གྱི་ལུགས་ངོས་བཟུང་བ་དང་། གཞི་ཇི་ལྟར་གནས་པའི་གནས་ལུགས། འཁྲུལ་པ་ཇི་ལྟར་བྱུང་བའི་བྱུང་ལུགས། ལམ་གང་ལས་བྱུང་ཚུལ་དང་སྒོ་གང་ལས་འཆར་བའི་འཆར་ཚུལ། ཐེག་སྒོ་གྲུབ་མཐའ་གང་ལ་འདུས་པའི་འདུས་ལུགས། ལྟ་བ་གང་ཡིན་པ་དང་མཐའ་ཇི་ལྟར་གྲོལ་བའི་གྲོལ་ཚུལ། ཉམས་སུ་ཇི་ལྟར་ལེན་པ་དང་ཚད་གང་གིས་བཟུང་བ་བཅས་མཐའ་ཐམས་ཅད་རྣམ་པར་གཅོད་པའི་ཚུལ་གྱིས་གསེད་བཀྲོལ་མཛད་དེ་རང་གཞུང་རྣལ་མ་བསྒྲུབས་ཡོད་པ་མ་ཟད། རྒྱུད་ཀྱི་སྤྱི་ཆིངས་གོ་རིམ་དང་། ས་བཅད། ལེའུ་གྲངས་བཅས་ཁྲིགས་སུ་བསྟར་ཡོད་པས་ན། སྤྱི་རྒྱུད་ཆེན་པོའི་ལེའུ་ཚན་རྣམས་མཐར་ཆགས་སུ་བཀླག་ཚེ་མཁས་པ་པཎྚི་ཏའི་ལུགས་ཞེས་པའི་དོན་གནད་ཀྱང་ཁོང་དུ་ཆུད་ཐུབ་པ་བཅས་ཞོར་འཕྲོས་ཙམ་མོ། །

ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༡༦ ཉིན་མེ་ལོང་ཞེས་སུ་འབོད་པས་གནས་བསྡུས་དང་ལྷན་དུ་དཔེ་ཆའི་ངོ་སྤྲོད་ཉུང་བསྡུས་བགྱིས་པའོ། །

98450cookie-checkཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་དབྱར་ཁྲིད་ཆེན་མོ་ལེགས་གྲུབ་བྱུང་བ།
(སྤྱིའི་གཟིགས་གྲངས། 644 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བཤད་སྒྲུབ་…
error: རྩོམ་འདི་བདག་དབང་ཅན་ཡིན།