ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྫོགས་པ་ཆེན་པོའི་རང་བཞིན་བརྗོད་པའི་མགུར་གླུ་བྱིན་རླབས་ཆར་འབེབས།

ཨེ་མ་ཧོ། ཀུན་བཟང་མི་ཡི་གར་དུ་བཞེངས། །མཚུངས་མེད་དྲིན་ཅན་བླ་མ་རྗེ། །
བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །བྱིན་རླབས་ཆར་ཆེན་ཕོབས་ཤིག་ཀྱེ། །

ཀ་དག་རྫོགས་ཆེན་ལྟ་བ་མཐོ། །ལྷུན་གྲུབ་འོད་གསལ་ལྟད་མོ་མཛེས། །
གསལ་སྟོང་དགོངས་པ་མཁའ་ལྟར་ཡངས། །རྣལ་འབྱོར་ཕོ་མོའི་དགའ་བ་ལཱ། །

སྙེམ་རྟོག་བདུད་ཆེན་རང་སར་གྲོལ། །རང་འབྱུང་ལྟ་བ་བློ་ལས་འདས། །
རྩོལ་མེད་འབྲས་བུ་ངང་གི་གྲུབ། །ཨེ་མ་རྫོགས་ཆེན་ཡོན་ཏན་ལཱ། །

སྟོང་པའི་ལྟད་མོ་མཇལ་ཙ་ན། །འཇིག་རྟེན་ཡོན་ཏན་སྒྱུ་མ་ཙམ། །
ཆགས་སྡང་སྐྱེ་བའི་གནས་མ་གྲུབ། །སྟོང་གཟུགས་དགོངས་པ་ཟབ་པ་ལཱ། །

གཤིས་ཀྱི་བུ་མོ་རིགས་བཟང་མ། །སྣང་བཞི་འོད་གསལ་རྒྱན་གྱིས་བཀླུབས། །
ཀ་དག་བཞིན་རས་ལྟ་ན་སྡུག །ལྟ་བས་མི་ངོམས་མཛེས་པ་ལཱ། །

རང་རིག་ཉི་མ་རང་ལས་ཤར། །རྟག་ཆད་མུན་པ་གཞི་ལས་དྭངས། །
སྙིང་རྗེའི་ཆུ་བོ་ཁོང་ནས་རྡོལ། །རང་འབྱུང་རིག་པའི་ངོ་མཚར་ལཱ། །

སྟོང་པ་བདེ་བའི་སྙིང་པོ་ཅན། །རང་ཉིད་རང་གིས་མྱོང་ཚུལ་གྱིས། །
ཟད་མེད་བདེ་ཆེན་རོ་དང་འཕྲད་། །འདི་འདྲའི་ཉམས་ཀྱི་བདེ་བ་ལཱ། །

སྣང་བ་རྩ་བྲལ་སྟོང་སང་ངེ་། །རིག་པའི་རང་མདངས་གསལ་ལྷང་ངེ་། །
མི་རྟོག་ཡེ་ཤེས་དྭངས་སང་ངེ་། །ཉམས་ཀྱི་ཡོན་ཏན་འབེལ་བ་ལཱ། །

ཡིད་ཤེས་མིག་ཆེན་བགྲད་བལྟས་ཀྱང་། །ཆ་ཙམ་མཐོང་བའི་སྐལ་པ་དབེན། །
མ་བལྟས་བབ་ལ་བཞག་ན་གསལ། །མཐོང་བའི་ཚད་འདིའི་མཚར་བ་ལཱ། །

ཚིག་སྐམ་ནགས་ཁྲོད་འཕྱན་པ་ཡི། །དགེ་བཤེས་སྟོན་ཆེན་ས་གང་ཡང་། །
སེམས་ཉིད་མཐོང་བ་ཉིན་སྐར་ཙམ། །ཁྱེད་ཞལ་མཇལ་མཁན་དཀོན་པ་ལཱ། །

ཐོས་མེད་མུན་པའི་ཁུང་བུ་རུ། །གླེན་སྒོམ་ཞག་མིག་བསྒྲད་ན་ཡང་།  །
ཡང་དག་ཐར་པའི་ལམ་ལས་གོལ། །སྒོམ་ཆེན་ཚད་ལྡན་ཉུང་བ་ལཱ། །

རྣམ་རྟོག་འབོད་པའི་གཡབ་མོ་ཆེ། །འགལ་འབྲེལ་ཚིག་སྐམ་འུར་ལྡིར་གྱིས། །
གཤིས་ཀྱི་བྱིའུ་ཆུང་མཁའ་ལ་དཀྲོག །རིག་པའི་སྐྱོང་ལུགས་དཀའ་བ་ལཱ། །

ཚེ་གཅིག་འདི་དང་འགྲོགས་མོད་ཀྱང་། །སྐལ་དམན་བུ་ཡིས་ངོ་མི་ཤེས། །
མེད་དགག་མཁན་པོའི་བློར་མི་ཤོང་། །མངོན་གྱུར་ཆེན་པོའི་ཁྱད་ཡོན་ལཱ། །

ཚུལ་གསུམ་རྟགས་ཀྱིས་བསྒྲུབ་མ་ཐུབ། །རྗེས་དཔག་ཚད་མས་ངོ་མ་ཤེས། །
དབུ་སེམས་མཁས་པས་མ་མཁྱེན་པའི། །ལྐོག་གྱུར་ཆེན་པོའི་གསང་བ་ལཱ། །

ཐ་སྙད་ཚད་མས་གྲུབ་མ་མྱོང་། །ཕྱམ་ཆད་མཐའ་ལ་ལྟུང་མ་མྱོང་། །
ཡོད་མེད་ར་བ་ལས་འགོངས་པའི། །རྫོགས་ཆེན་རིག་ལམ་ཕྲ་བ་ལཱ། །

སློབ་གཉེར་སེམས་ལ་བགྱིས་པས་ན། །སྣང་བ་གདམ་ངག་སློབ་དཔོན་འཆར། །
བོན་སྐུའི་རང་ཞལ་རྗེན་གཅེར་བསྟན། །ཀུན་བཟང་དགོངས་པའི་བྱིན་རླབས་ལཱ། །

ཐམས་ཅད་རྩ་བྲལ་སྟོང་མོད་ཀྱང་། །སྣང་བ་མ་འགག་ལྷུག་ལྷུག་བརྡོལ། །
འཁྲུལ་སྣང་རྒྱུ་འབྲས་མི་བསླུ་བའི། །གསལ་སྟོང་ཟུང་འཇུག་ཆོ་འཕྲུལ་ལཱ། །

གྲངས་མེད་བསྐལ་པར་བསྒུག་མི་དགོས། །རྩོལ་སྒྲུབ་ལམ་གྱིས་མི་ཟིན་པའི། །
ཚེ་གཅིག་འཇའ་ལུས་རྫོགས་སངས་རྒྱས། །ཡོངས་རྩེའི་གདམས་ངག་སྙན་པ་ལཱ། །

འགྲོ་འོང་བྲལ་བའི་ལམ་ཆེན་དུ། །བགྲོད་མེད་གོམ་པ་གློག་ལས་མྱུར། །
ཅིག་ཆར་སངས་རྒྱས་ས་ལ་བསྙེགས། །རྐྱང་འདེད་འགྲོས་འདིའི་མགྱོགས་པ་ལཱ། །

ཐེག་སྒོ་ལོ་ལེགས་སྙེ་མའི་ཁྲོད་། །ཡོངས་རྩེ་འབྲས་དཀར་ལྗང་བུ་བདམས། །
སངས་རྒྱས་ལག་འཆང་གདམས་པའི་སྒོར། །ཞུགས་པའི་སེམས་པ་སྐྱིད་པ་ལཱ། །

         ཞེས་པ་འདི་ནི་བླ་མེད་རྫོགས་པ་ཆེན་པོའི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཐོབ་ཀྱང་ཉམས་ལེན་ལ་བརྩོན་འགྲུས་ཞན་པའི་གྱི་ན་བ་ཚངས་པ་བསྟན་འཛིན་འབོད་པས་ ༢༠༠༧ ། ༧། ༢༢། ཉིན་གྱི་དམ་བཅའི་སྐབས་ཀྱི་མཐོང་ཐོས་འགའ་ཞིག་གིས་རྐྱེན་བསྐུལ་ནས་དམ་བཅའ་གྲོལ་མཚམས་ཀྱི་མཚན་མོའི་ཕྱག་ཚོད་བཅུ་གཉིས་ལ་བྲིས།།

                                                                     ༼མགུར་རྩོམ་དང་སྐུ་པར་ཚ་བའི་འཕྲུལ་མདས་མཐུན་སྦྱོར་ཞུས།༽

(སྤྱིའི་གཟིགས་གྲངས། 51 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

1 Response

  1. N.d.g. ལགས་ཀྱིས:

    སྒུ་གསུམ་གུས་པས་ཕྱག་འགྱིས་དོ།།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གླིང་ཆེན་ལ…
error: རྩོམ་འདི་བདག་དབང་ཅན་ཡིན།