ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་སོགས་མཇུག་སྒྲིལ་བའི་གནས་ཚུལ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་དང་། སྐབས་གཉིས་པའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་པ། སྐབས་བདུན་པའི་དགེ་བཤེས་མཛད་སྒོ་བཅས་མཇུག་སྒྲིལ་བའི་གནས་ཚུལ།

༡ ༽ བོད་ཚེས་ ༠༡ ཕྱི་ཚེས་ ༢༤ ཉིན་སྔ་དྲོ་སྒྲུབ་ཁང་དུ་ཁྲོ་བོའི་ཚན་དཀར་དམར་དང་གཏའ་ཆེན་རྣམས་གྲུབ་པ་དང་། རྨད་འབྱུང་ཁ་སྐོང་བཏོན་རྗེས། ཕྱག་ཚོད་ ༧།༣༠ ཐོག་བླ་གྲྭ་རྣམས་ས་ལེན་དུ་སེར་ཕྲེང་ལ་ཕེབས་ཏེ། ས་ལེན་སར་འབྱོར་མཚམས་བླ་གྲྭ་རྣམས་དང་། སྔགས་འཆང་སེར་ཁྱིམ་པ་བཅས་གོ་སྒྲིག་ལྟར་ཕྱོགས་སོ་སོར་བཞུགས་གདན་དུ་འཁོད། དེ་བཞིན་མི་མང་རྣམས་གང་བདེའི་གདན་ལ་འཁོད་མཚམས་བླ་གྲྭ་རྣམས་ཀྱིས་ཚོགས་འདོན་དང་ཆུ་གཏོར་གསུངས། དུས་མཚུངས་སྐྱ་སེར་ཡོངས་ལ་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་ནས་ཇ་མཆོད་གྱེར་ཏེ་གསོལ་ཇ་མཆོད་གྲུབ་པ་དང་། ཨ་མཆོད་བཅུ་གཉིས་ཀྱིས་ས་བརྐོ་རྡུང་སྦྱང་ཕྲད་གསུང་བཞིན་༧སྐྱབས་རྗེ་ཡོངས་འཛིན་མཆོག་གིས་ལམ་སྟོན་དང་སྦྲགས་ལོ་དར་གྱི་སྐྱེས་བུས་ས་བདག་གཏོ་ཕྱེའི་གནས་བབས་དང་བསྟུན་ས་བརྐོ་བ་དང་། རྡུང་བ། སྦྱང་བ། འཕྲད་བཙལ་བ་བཅས་བྱས་མཚམས་སྐྱ་སེར་ཀུན་གྱིས་ས་སྤར་བ་གང་རེ་སྣོམ་བཞིན་སེར་ཕྲེང་མུ་མཐུད་དེ་དགོན་པའི་གླིང་སྐོར་དུ་ཕེབས། གླིང་སྐོར་འཁོར་མཚམས་ཚོགས་ཁང་དུ་ས་རྣམས་ཕྱོགས་གཅིག་ཏུ་སྤུངས་པ་དེས་དཀྱིལ་འཁོར་བཞེངས་དགོས་པ་གཞུང་གི་དགོངས་དོན་ཡིན་ཡང་། སྐབས་འདིར་དུས་སྟབས་བདེ་ཆེད་དཀྱིལ་འཁོར་སྔོན་ཚུད་ནས་བཞེངས་གྲུབ་པས་འདི་ན་གསར་བཞེངས་མི་དགོས་སྟབས་ས་རྣམས་དད་ལྡན་མང་ཚོགས་རྣམས་ཀྱིས་ཚྭ་ཚྭ་རུ་བཏབས། དེ་ནས་ཨ་མཆོད་བཅུ་གཉིས་ཀྱིས་རྣམ་ཀློང་གཉིས་ཀྱི་ཆོ་གའི་དབུ་འཛུགས་ཞུས་པ་དང་། ཉིན་རྒྱབ་ཕྱག་ཚོད་༢པའི་ཐོག་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་རྣམ་ཀློང་གཉིས་ཀྱི་སྔོན་འགྲོའི་བཀའ་དབང་གནང་། སྐབས་དེར་མཁས་དབང་ཆལ་སི་རམ་བྷོལ་གྱིས་སྐྱབས་རྗེ་ཡོངས་འཛིན་མཆོག་གི་རྣམ་ཐར་དབྱིན་ཡིག་ཐོག་གསར་དུ་བྲིས་པའི་མ་ཕྱི་དེ་ཉིད་སྐྱེས་འབུལ་ཞུས།

༢ ༽ བོད་ཚེས་ ༠༢ ཕྱི་ཚེས་ ༡༥ ཉིན། སྔ་དྲོ་རྣམ་ཀློང་གཉིས་ཀྱི་ཆོ་གའི་གཞུང་བསྲངས་ཏེ་དངོས་གཞིའི་དབང་བར་མཐར་བཏུག །

༣ ༽ བོད་ཚེས་ ༠༣ ཆད་པས་ ༠༤ དང་ཕྱི་ཚེས་ ༡༦ ཉིན་སྔ་དྲོ་ཕྱག་ཚོད་ ༠༩ པ་ནས་རྣམ་ཀློང་གཉིས་ཀྱི་དངོས་གཞིའི་བཀའ་དབང་གནང་། དེ་ནས་རྣམ་ཀློང་གཉིས་ཀྱི་རྗེས་བྱ་མཐར་ཕྱུང་མཚམས་ཕྱི་དྲོར་དབལ་མདུང་སོགས་ཕྱི་རྟེན་སྐོས་ཀྱི་གྲ་སྒྲིག་གནང་།

༤ ༽ བོད་ཚེས་ ༠༥ ཕྱི་ཚེས་ ༡༧ ཉིན་སྔ་དྲོར་ཨ་མཆོད་རྣམས་ཚོགས་ཁང་ཐོག་ཏུ་ཕེབས་ཏེ་དབལ་མདུང་སོགས་ཕྱི་རྟེན་སྐོས་ལྔ་གསོལ། ཕྱག་ཚོད་༧པའི་ཐོག་སེར་སྐྱ་མི་མང་རྣམས་འདུ་འཛོམ་གནང་ཞིང་དེ་ནས་རྒྱལ་ཆེན་སྡེ་བཞིའི་འཆམ་པོ་བ་རྣམས་ཀྱིས་ཞལ་འབག་དང་འཆམ་གོས་གྱོན་ནས་བླ་གྲྭ་རྣམས་དང་ལྷན་སེང་ཕྲེང་ཕེབས་ཏེ། ཤར་ཕྱོགས་དང་བྱང་ཕྱོགས། ནུབ་ཕྱོགས་དང་ལྷོ་ཕྱོགས་བཅས་ཕྱོགས་རེའི་སར་འབྱོར་མཚམས་ཐོ་ཡིག་བསླངས་པ་དང་། རྔ་རོལ་དང་སྦྲགས་ཁ་སྐོང་གསུངས་ཤིང་བཀའ་སྒོ་དམ་བདར་བྱས། ཕྱོགས་བཞི་རུ་ཕྱོགས་སོ་སོའི་མགོ་ཅན་གྱིས་གར་མཆམ་གནང་སྟེ་ཕྱི་མཚམས་བཅད། སླར་ཚོགས་ཁང་དུ་ཚོགས་ནས་ཞི་བའི་གཞུང་བསྲངས། དེ་རྗེས་ཕྱག་ཚོད་ ༡༠ པའི་ཐོག་ཞི་ཁྲོ་གཉིས་ཀྱི་སྔོན་འགྲོའི་བཀའ་དབང་གནང་བ་དང་དེ་ནས་མུ་མཐུད་ཞི་བའི་གཞུང་བསྲངས་ཏེ་འཛབ་ཀྱི་བར་ཕྲིན་ལས་ཀྱི་གོ་རིམ་བསྒྲུབས།

༥ ༽ བོད་ཚེས་ ༠༦ ཕྱི་ཚེས་ ༡༨ ཉིན་ཞི་འཛབ་ནས་དབུ་བླངས་ཏེ། སྐུ་བསྟོད། སྒོ་དབྱེ་བཅས་གྲུབ་མཚམས་བཀའ་སྐྱོང་གྱེར། དེ་ནས་བཀྲ་ཤིས་གཤེགས་བསྐྱོད་བཅས་ཞི་བའི་ཁྲོལ་བུ་སྒྲུབ་པ་ཚར།

༦ ༽ བོད་ཚེས་ ༠༧ ཕྱི་ཚེས་ ༡༩ ཉིན་ཁྲོ་བོའི་སྒྲུབ་པ་ལ་ཞུགས་ཏེ། ཁྲོ་བོའི་ཕྱི་མཚམས་དང་། བུམ་ལས་མ་གཏོགས་པའི་རྒྱན་འགོད་ཆ་ཚང་། དེ་བཞིན་ཁྲོ་བོའི་གཞུང་བསྲངས་ནས་ཁྲོ་འཛབ་བར་ཕྲིན་ལས་ཀྱི་གོ་རིམ་བསྐྱངས།

༧ ༽ བོད་ཚེས་ ༠༨ ཕྱི་ཚེས་ ༢༠ ཉིན་ཁྲོ་འཛབ་ནས་དབུ་བཙུགས་ཏེ། སྐུ་བསྟོད་སྒོ་དབྱེ་བཅས་གྲུབ་མཚམས་བཀའ་སྐྱོང་གྱེར། དེ་ནས་རིམ་བཞིན་བཀྲ་ཤིས་གཤེགས་བསྐྱོད་དང་བཅས་ཁྲོ་བོའི་ཁྲོལ་བུ་སྒྲུབ་པ་ཚར།

༨ ༽ བོད་ཚེས་ ༠༩ ཕྱི་ཚེས་ ༢༡ ཉིན་ཕྱེ་མའི་སྒྲུབ་པ་དབུ་བཙུགས་ཏེ། སྔ་དྲོ་བདུད་རྩི་རྒྱ་བཀྲོལ་བྱས་རྗེས། ཕྱག་ཚོད་༨ནས་སྨན་གྱི་གའུ་རྣམས་མཆོད་པའི་ལྷ་མོའི་རྣམ་ཅན་རྣམས་ཀྱིས་ཐོགས་ནས་སེར་ཕྲེང་གི་གྲབ་བཤམས། སྔོན་ཚུད་ནས་བརྡུངས་ཟིན་པའི་སྨན་ཕྱེའི་དོ་པོ་རྣམས་དད་སྦྱིན་ཁག་དང་། མི་མང་རྣམས་ཀྱིས་ཕྲག་ཏུ་ཁུར་ནས་སྐྱ་སེར་འདུས་པ་ཀུན་སེར་ཕྲེང་གི་གོ་རིམ་བསྒྲིགས་ཏེ་སྨན་རྡུང་སར་ཕེབས། ཨ་མཆོད་རྣམས་ཀྱིས་སྨན་གྱི་བསྲེ་བ་དང་། ཚན་བསང་། རྡུལ་སྦྱང་གི་ཚིག་བཤད་གསུང་པ་དང་བསྟུན། སྨན་རྣམས་བསྲེས་པ་དང་། རྟུན་ཁུང་ལ་ཚན་བསང་དང་ཁྲུས་གསོལ་བཅས་གྲུབ་རྗེས། ཨ་མཆོད་རྣམས་ཀྱིས་དབུས་སྐྱ་སེར་འདུས་པ་ཀུན་གྱིས་རིམ་བཞིན་སྨན་རྡུང་ཚགས་གནང་། དེ་ནས་སྨན་ཕྱེ་རྣམས་གའུར་བླུགས་ཏེ་མུ་མཐུད་སེར་ཕྲེང་ཕེབས་ནས་གཙུག་ལག་ཁང་དུ་འཛོམས་ཤིང་གའུར་རྒྱས་བཏབ་སྟེ་དཀྱིལ་འཁོར་གྱི་ཟུར་གཅིག་ཏུ་བཤམས། དེ་ནས་ཁྲོ་བོའི་མཚམས་བཅད་དང་། ཞི་བའི་རྒྱན་འགོད། སྨན་གྱི་རྒྱན་འགོད་བཅས་གྲུབ་པ་དང་། ཞི་བའི་གཞུང་བསྲངས་ཏེ་ཚོགས་འཁོར་དང་བཅས་ཞི་འཛབ་ལ་མ་ཐུག་བར་ཕྲིན་ལས་ཀྱི་གོ་རིམ་བསྒྲུབས།

༩ ༽ བོད་ཚེས་ ༡༠ ཕྱི་ཚེས་ ༢༢ ཉིན་སྔ་དྲོ་ནས་ཞི་བའི་འཛབ་དང་། སྐུ་བསྟོད། སྒོ་དབྱེ་བཅས་གྲུབ་རྗེས་དགོང་མོ་བཀའ་སྐྱོང་གྱེར། དེ་ནས་བཀྲ་ཤིས་དབྱེ་བསྡུ་དང་བཅས་ཞི་བའི་ཕྱེ་མ་སྒྲུབ་པ་ཚར།

༡༠ ༽ བོད་ཚེས་ ༡༡ ཕྱི་ཚེས་ ༢༣ ཉིན་སྔ་དྲོ་ནས་ཁྲོ་བོའི་ཕྱེ་མ་སྒྲུབ་པ་ལ་ཞུགས་ཏེ། ཕྱི་མཚམས་དང་རྒྱན་འགོད། ཚོགས་བཅས་གོ་རིམ་བཞིན་བསྐྱངས་ནས་འཛབ་ཀྱི་དབུ་བར་གྲུབ།

༡༡ ༽ བོད་ཚེས་ ༡༢ ཕྱི་ཚེས་ ༢༤ ཉིན་ཁྲོ་བོའི་འཛབ་དང་། སྐུ་བསྟོད། སྒོ་དབྱེ་བཅས་ཚར་ནས་བཀའ་སྐྱོང་གྱེར། བཀྲ་ཤིས་གཤེགས་བསྐྱོད་མི་དགོས་པས་འདིའི་ཡན་ཁྲོ་བོའི་ཕྱེ་མ་སྒྲུབ་པ་ཚར།

༡༢ ༽ བོད་ཚེས་ ༡༣ སྔ་མ་དང་། ཕྱི་ཚེས་ ༢༥ ཉིན་དངོས་གྲུབ་ཀྱི་སྒྲུབ་པ་དབུ་བཙུགས་པ་དང་། ཞི་ཁྲོའི་རྒྱན་འགོད་མི་དགོས་པས་དེ་གཉིས་ཀྱི་གཞུང་བསྲངས་ནས་འཛབ་བསོགས་པ་དང་། ཚོགས་འཁོར་ནས་སྐུ་བསྟོད་ཀྱི་བར་ཕྲིན་ལས་གོ་རིམ་བསྐྱངས། འདི་ཉིན་སྐབས་བདུན་པའི་དགེ་བཤེས་ཀྱི་མཛད་སྒོ་དབུ་བཙུགས་ཏེ། བཀའ་རམས་པ་འ་བ་དྲང་སྲོང་གཤེན་རྒྱལ་བསྟན་འཛིན་དང་། ལྷ་གདུང་དྲང་སྲོང་ཚུལ་ཁྲིམས་རྣམ་དག ཡ་ངལ་དྲང་སྲོང་ཡོན་ཏན་དཔལ་བཟང་གསུམ་གྱིས་དགེ་བཤེས་ཀྱི་སྔོན་འགྲོའི་བཤད་པ་ཕུལ་རྗེས་བཀྲ་ཤིས་གསོལ།

   ༡༣ ༽ བོད་ཚེས་ ༡༣ ཕྱི་ཚེས་ ༢༦ ཉིན་སྔ་དྲོ་ཞི་ཁྲོ་གཉིས་ཀྱི་སྐུ་བསྟོད་དང་། དགོང་མོ་བཀའ་སྐྱོང་གྱེར། འདི་ཉིད་སྔ་དྲོ་ཕྱག་ཚོད་ ༡༠ པའི་ཐོག་བཀའ་རམས་པ་རིས་ཚ་དྲང་སྲོང་སངས་རྒྱས་ཡེ་ཤེས་དང་། ལྡོང་སྒོམ་དྲང་སྲོང་ཡོན་ཏན་གོང་འཕེལ། ཨ་ཁུ་དྲང་སྲོང་ཤེས་རབ་རིན་ཆེན་གསུམ་གྱིས་དགེ་བཤེས་ཀྱི་སྔོན་འགྲོའི་བཤད་པ་ཕུལ་རྗེས་བཀྲ་ཤིས་གསོལ། 

  ༡༤ ༽ བོད་ཚེས་ ༡༤ ཕྱི་ཚེས་ ༢༧ ཉིན་ཁྲོ་བོའི་ཚེ་ཡི་སྒྲུབ་པ་སྟེ། ཕྱྭ་ཚེའི་རྒྱན་འགོད་དང་། ཞི་ཁྲོ་གཉིས། ཚེ་སྒྲུབ་བཅས་ཀྱི་གཞུང་བསྲངས་ཤིང་དགོང་མོ་བཀའ་སྐྱོང་ཤར་འདོན་གནང་། འདི་ཉིན་ཕྱག་ཚོད་ ༡༠ པའི་ཐོག་བཀའ་རམས་པ་རྔ་བ་དྲང་སྲོང་ཚུལ་ཁྲིམས་གཙུག་ཕུད་དང་། སྤ་ཚང་དྲང་སྲོང་ཤེས་རབ་དབང་རྒྱལ། ཐང་ཀོང་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་གསུམ་གྱིས་དགེ་བཤེས་ཀྱི་སྔོན་འགྲོའི་བཤད་པ་ཕུལ་རྗེས་བཀྲ་ཤིས་གསོལ།

༡༥ ༽ བོད་ཚེས་ ༡༥ ཕྱི་ཚེས་ ༢༨ ཉིན་ཞི་ཁྲོ་སྨན་གསུམ་དང་ཚེ་སྒྲུབ་བཅས་ཀྱི་དངོས་གཞིའི་བཀའ་དབང་གནང་སྟེ་རྒྱལ་ཁབ་སུམ་ཅུ་ལྷག་ནས་ཕེབས་པའི་གཡུང་དྲུང་བོན་གྱི་དད་ལྡན་མི་མང་རྣམས་ལ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་བཀའ་དབང་ཟབ་རྒྱས་བསྩལ་ཏེ་ཐོག་མར་སྐྱབས་སེམས་ཀྱི་སྡོམ་པ་ནོད་ཅིང་དབང་བསྐུར་བའི་སྣོད་ལྡན་གྱི་མཚན་ཉིད་དང་། དམ་ཚིག་སྲུང་བའི་ཕན་ཡོན། མ་སྲུང་བའི་ཉེས་སྐྱོན་བཅས་ཀྱི་འཆད་ཁྲིད་བཀའ་དྲིན་བསྐྱངས། 

  དགོང་མོ་བཀའ་སྐྱོང་གྱེར་ཞིང་སྒོ་ཁྱམས་སུ་གཏོར་འབུལ་དང་། བྲོ་རྡུང་ཕྱྭ་ཚེ་བཅས་ཀྱིས་མཐར་ཕྱུང་། འདི་ཉིན་སྒྲུབ་ཆེན་ཨ་མཆོད་ཀྱི་གྲལ་དུ་མ་གཏོགས་པའི་གྲྭ་མང་བྱིང་གིས་གསུང་བཞིན་པའི་བླ་ཆེན་དྲན་པའི་འབུམ་ཚོགས་དང་། སྐོང་འབུམ། དེ་བཞིན་འདོན་ཚོ་ཁག་གིས་སྒྲུབ་ཆེན་རིང་གསུང་བཞིན་པའི་འདོན་སྐུལ་རྣམས་མཇུག་ལེགས་པར་གྲུབ། 

  བོད་ཚེས་ ༡༦།༡༧།༡༨ ཕྱི་ཚེས་ ༢༩།༣༠།༣༡ བཅས་ཉིན་གསུམ་རིང་དགེ་བཤེས་རྣམས་ཀྱིས་ངག་རྒྱུགས་ཕུལ་བ་དང་། རྩོད་རྒྱུགས་དམ་བཅའ་ཆེན་མོ་བཞུགས་ཏེ་རིགས་ལམ་བརྒལ་རྟགས་ཀྱིས་རྩོད་སྤོང་མཛད། 

 ༡༩ ༽ བོད་ཚེས་ ༡༩ ཕྱི་ལོ་ ༢༠༡༣ གསར་ཚེས་ཉིན་སྔ་དྲོ་ཕྱག་ཚོད་ ༨།༣༠ ཐོག་མཁན་སློབ་རྣམས་བླ་བྲང་ནས་དུང་རྒྱ་སྤོས་སྣེས་དྲངས་ཏེ་མཛད་སྒོའི་ཚོམས་ཆེན་དུ་གདན་འདྲེན་ཞུས། དེ་བཞིན་འབྲེལ་ཡོད་རྣམས་ཀྱིས་ཚན་པའི་རུ་བསྟར་བསྒྲིགས་ཤིང་། དཔོན་སློབ་རིན་པོ་ཆེ་དང་ལྷན་དུ་བཀའ་རམས་པ་རྣམ་པས་ཕྱག་ཏུ་སྒྲོན་མེ་དང་སྤོས་དུད་བསྣམས་ཤིང་དད་སྦྱིན་རྣམས་ཀྱིས་སྨན་གྱི་དོ་པོ་བསྣམས་ཏེ་སྔོན་ཚུད་ནས་གྲ་སྒྲིག་གནང་ཟིན་པའི་ཚོམས་ཆེན་དུ་ཕེབས། དེ་བཞིན་བླ་སྤྲུལ་དགེ་བཤེས་དང་གྲྭ་མང་ཡོངས་སེར་ཕྲེང་གི་རུ་བསྟར་དང་བཅས་རང་རང་གི་གདན་ཐོག་ཏུ་འཁོད་རྗེས་ཚོགས་འདོན་བསྡུས་པ་ཞིག་བཏོན་མཚམས་སྐྱ་སེར་ཡོངས་ལ་གསོལ་ཇ་འདེགས་འབུལ་དང་བསྟུན་བཀའ་རམས་པ་རྣམས་ཀྱིས་བཀྲ་ཤིས་དམ་བཅའ་གནང་མཐར་མཆོད་ཚིག་གསུངས་ཏེ་མེ་ཏོག་གི་སིལ་མ་གཏོར། དེ་རྗེས་དཔོན་སློབ་རིན་པོ་ཆེས་མཚན་རྟགས་ཀྱི་ཚིག་བཤད་གསུངས་ཏེ་དགེ་བཤེས་མཚན་རྟགས་གནང་མཚམས་དཔོན་གསས་བླ་མས་བསྔོ་སྨོན་གྱི་མཚམས་སྦྱོར་གསུངས་ཤིང་དེ་ནས་དགེ་བཤེས་ཀྱི་ཕྱག་ཁྱེར་བསྩལ། དེ་རྗེས་དགེ་བཤེས་རྣམས་ཀྱིས་བཀྲ་ཤིས་ཚིག་བཀྲ་གསུངས་མཚམས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བཀའ་སློབ་སྙིང་བསྡུས་རིན་ཐང་ཆེ་བ་བསྩལ། དེ་མཚམས་སྨན་སྒྲུབ་ཆེན་མོ་དང་འབྲེལ་ཡོད་དད་སྦྱིན་རྣམས་ལ་སྲུང་མདུད་དམ་རྫས་དང་སྨན་འགྱེད་ཕུལ། དེ་ནས་བླ་གྲྭ་འདུས་པ་ཡོངས་ཀྱིས་ཞི་ཁྲོ་སྨན་གསུམ་གྱི་བཀྲ་ཤིས་གསོལ་ཞིང་སྨོན་ལམ་གསུངས་པ་དང་བསྟུན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་བླ་བྲང་གིས་བླ་སྤྲུལ་འདུས་པ་ཡོངས་ལ་སྐུ་འགྱེད་ཕུལ། དེ་རྗེས་མི་མང་རྣམས་ལ་སྨན་འགྱེད་གནང་བ་དང་བསྙེན་བཀུར་བཞེས་ལག་གྲུབ་མཚམས་ཉིན་རྒྱབ་ཕྱག་ཚོད་༢པའི་ཐོག་ཨ་མཆོད་རྣམས་ཚོགས་ཁང་དུ་ཕེབས་ཏེ་དབྱེ་བསྡུ་གནང་ནས་ཆོ་གའི་མཇུག་བསྡུས། དེ་ནས་དགེ་བཤེས་གསར་པ་རྣམས་གཙོས་པའི་སེར་སྐྱ་མི་མང་ཡོངས་ལ་མཁན་རིན་པོ་ཆེ་ནས་ཁྲུས་གསོལ་གནང་སྟེ་སྐོར་བའི་ཡན་ལག་གསུང་རྗེས་འདུས་མང་ཀུན་ཞབས་སྐོར་དུ་ཕེབས། ཞབས་སྐོར་གྲུབ་མཚམས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་རྣམས་ལ་སྐལ་བཟང་རྟེན་འབྲེལ་གྱི་འབོད་ཚིག་བསྒྲགས་ཏེ་མཁན་སློབ་དགེ་བཤེས་རྣམས་དུང་རྒྱ་སྤོས་སྣེས་རང་སར་གདན་འདྲེན་ཞུས་ནས་དགེ་བཤེས་ཁྲི་བཞེངས་ཀྱི་ཕན་ཐོགས་འབུལ་བའི་ལེའུས་མཐའ་བསྡུས། 

  ༢༠ ༽ བོད་ཚེས་ ༢༠ ཕྱི་ཚེས་ ༠༢ ཉིན་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཉེར་ལྔའི་དུས་དྲན་གྱི་ཐུགས་རྗེ་ལེགས་འབུལ་དང་གཏང་རག་གི་མཛད་སྒོ་བསྐྱངས་ཏེ་ཞོགས་པ་ཕྱག་ཚོད་ ༡༠་པའི་ཐོག་སེར་སྐྱ་མི་མང་རྣམས་མཛད་སྒོའི་ཚོམས་ཆེན་དུ་འདུ་འཛོམ་གནང་། མཛད་སྒོའི་འབྲེལ་འཐུད་པས་མཛད་རིམ་ངོ་སྤྲོད་དང་འབྲེལ་དགེ་འདུན་པ་རྣམས་ཀྱིས་བསང་གི་དག་གཙང་སྔོན་འགྲོ་རྣམས་གསུང་བསྟུན་བསང་དང་གསེར་སྐྱེམས་ཕུལ་ཏེ་ཡེ་ཤེས་དབལ་མོའི་བསྐུལ་པ་དང་སྦྲགས་ཡེ་ཤེས་དབལ་མོའི་གར་འཆམ་གཟིགས་འབུལ་ཞུས། དེ་ནས་མི་མང་རྣམས་ལ་གསོལ་ཇ་དང་བཞེས་ཏོག་ཕུལ་མཚམས་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་རྗེས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་གློ་དོལ་ཁུལ་དམིགས་བསལ་གྱི་ལོ་རྒྱུས་ལྡན་པའི་དགོན་སྡེ་བདུན་ལ་གཟེངས་བསྟོད་ཕྱག་ཁྱེར་དང་། རྒན་ཆེན་དཔལ་འབྱོར་ནོར་བུ་ལགས་སུ་མི་ལོ་ཉེར་ལྔའི་རིང་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ལྷག་བསམ་ཟོལ་མེད་ཀྱིས་ཞབས་ཞུ་བསྒྲུབས་པར་གཟེངས་བསྟོད་ཕྱག་ཁྱེར་ཕུལ། དེ་རྗེས་ཉིན་གུང་གསོལ་ཚིགས་རྒྱས་འབུལ་ཞུས་ཐོག་མཛད་སྒོའི་ཚོམས་ཆེན་དུ་བྲོ་གླུ་གཞས་གསུམ་གྱི་ཀུན་བཟང་མཆོད་སྤྲིན་ཕུལ་ཏེ་ཉིན་གང་པོར་ཐུགས་སྤྲོའི་རང་བཞིན་ལྡན་པའི་སྒོ་ནས་ཉིན་འདིའི་མཛད་སྒོ་གྲུབ།

  བོད་ཚེས་ ༢༡ ཕྱི་ཚེས་ ༠༣ ཉིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་འབྲེལ་ཡོད་དད་ལྡན་རྣམས་ཀྱིས་ཤི་གསོན་གཉིས་ཀྱི་མིང་བྱང་བསྡུས་ནས་བྱང་འདེབས་དང་དགེ་བསྔོ་ཞུས་པ་རྣམས་ཀྱི་ཆེད་དུ་སྐྱབས་རྗེ་མཆོག་གིས་དམིགས་བསལ་བྱང་ངུ་བཞུས་ཏེ། ཐུགས་གཏན་སྐྱབས་འཇུག་བཀའ་དྲིན་བསྐྱངས་བ་བཅས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་རིམ་འདི་ཉིད་མགོ་མཇུག་བར་གསུམ་ནས་ཁ་དགེ་བཀྲ་ཤིས་དང་གཟི་བརྗིད་ལྡན་པའི་ངང་མཇུག་ལེགས་པར་གྲུབ་པའོ།། །།དགེའོ། །བཀྲ་ཤིས་སོ།། །།

བགྲེས་གཏམ་གསར་འགོད་པ་ཁྱུང་གསས་ནས་”དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་རིམ་རགས་ཟིན”ལས་ཟུར་འདོན་དང་ལེགས་བཅོས་ཞུས། ༢༠༡༣།༠༡།༡༤ ལ།

(སྤྱིའི་གཟིགས་གྲངས། 217 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 &nbs…
error: རྩོམ་འདི་བདག་དབང་ཅན་ཡིན།