ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་འབངས་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ།

རྩོམ་པ་པོ་མཁས་དབང་རིག་པའི་དོ་ར།

      དེ་རིང་ང་ཚོ་དུས་ཁྱད་པར་ཅན་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སའི་ཤ་རུས་གཅིག་ལས་མཆེད་པའི་གཡུང་དྲུང་བོན་གྱི་སྤུན་གྲོགས་རྣམ་པ་དང་། སྒོ་གསུམ་རྩེ་གཅིག་དད་པའི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་སྐུ་ཚབ་རྣམ་པ་ཚང་མ། དུས་བཟང་ཁྱད་པར་ཅན། ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཕྱའི་ཞབས་རིམ་ཕུར་པའི་ཚོགས་མཆོད་དང་།    བོན་སྐྱོང་གསོལ་མཆོད་རྒྱས་པ་གཙོས་པའི་གཡུང་དྲུང་བོན་གྱི་སྤྱི་རིམ་ཆེན་མོའི་སྐབས་འདིར། སྔར་བོད་ཀྱི་གཏམ་དཔེ་ལ། གསོག་པ་ཚེ་གཅིག དགོས་པ་ཉིན་གཅིག ཅེས་པའི་དཔེ་ལྟར། རྣམ་དཀར་དད་ལྡན་འཛམ་གླིང་ས་ཕྱོགས་གང་སའི་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཀྱིས། ཆེ་ན་དཀོན་མཆོག་གི་རིན་ཐང་དང་། ཆུང་ན་ཡོན་བདག་གི་འབྱོར་ཚོགས་ཟེར་བའི་དཔེ་ལྟར་ཚང་མས་བསོད་ནམས་ཚོགས་ཆེན་བསགས་པའི་ཞིང་སར་སོ་སོས་རྒྱ་མཚོར་གསེར་ཐིགས་ཀྱི་མཆོད་འབྲེལ་གནང་མཁན་རྣམ་པ་ཐམས་ཅད་ཀྱི་དད་འདུན་གྱི་སྒོ་ནས་ཕུལ་བའི་འབུལ་རྫས་རྣམས་ཆུད་ཟོས་སུ་མ་སོང་བར། དེ་སྔོན་ང་ཚོས་བསྒྲུབ་མ་མྱོང་བའི་དགེ་བ་སྟོབས་པོ་ཆེ་དང་། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཞིང་ས། དཔལ་ལྡན་རྩ་བླ་རྣམ་གཉིས་ཀྱི་སྐུ་གསུང་ཐུགས་ཀྱི་མི་བཟད་རྒྱན་གྱི་འཁོར་ལོའི་མཆོད་སྤྲིན། སྐལ་བཟང་དྭང་བ་འདྲེན་པའི་ཐུན་མོང་གི་དགེ་ཚོགས་སྒྲུབ་པའི་གནས་སུ་རྣམ་པ་ཚང་མས་བརྩོན་འགྲུས་ཀྱི་ཕྱག་དང་དཀའ་ལས་ལ་མ་མཛེམས་ནས་དུས་ཡུན་ཐུང་ངུའི་ནང་ཕུན་སུམ་ཚོགས་པའི་བསོད་ནམས་ཚོགས་ཆེན་བསགས་ཐུབ་པ་དེ་རང་ཅག་སྔོན་གྱི་ལས་དང་། འཕྲལ་གྱི་རྐྱེན་སོགས་རྒྱུ་ཚོགས་གྲངས་ཚང་གི་སྒོ་ནས་བྱུང་བའི་བསོད་ནམས་རླབས་པོ་ཆེ་ཞིག་དང་། ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཀྱང་རེད་སྙམ། ཇི་སྐད་དུ། དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་བ། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བར། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག ཅེས་པ་ལྟར་ངོ་བོ་རྒྱལ་བ་དང་མཉམ་ཞིང་། བཀའ་དྲིན་རྒྱལ་བ་ལས་ལྷག་པའི་རང་ཅག་བོན་འབངས་ཡོངས་ཀྱི་གཙུག་གི་ཅོད་པན་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་མཁའ་ལ་ཉི་ཟླའི་བགྲོད་པ་མ་ཆད་ཀྱི་བར་དུ་དཔལ་ལྡན་བླ་མ་རྣམ་གཉིས་ཀྱི་གསང་གསུམ་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་ཤིང་། གཞིས་བྱེས་བོན་འབངས་ཀུན་ཀྱང་མཐུན་འབྲེལ་དམ་ཚིག་གང་བུ་གཅིག་སྒྲིལ་ཡོང་བ། རིང་ནས་ཡིད་ལ་བརྣག་པའི་དམིགས་འབེན་ཉག་ཅིག་དེ་རིང་བཀྲ་ཤིས་པའི་དུས་བཟང་གི་ཉིན་འདིར་མངོན་དུ་གྱུར་ནས། དུས་རབས་ཉེར་གཅིག་པའི་བརྡ་འཕྲིན་བརྒྱུད་ནས། ལྟ་བ་པོའི་མིག་ལ་མཛེས་པ། ཉན་པ་པོའི་རྣ་ལ་སྙན་པ། རང་གཞན་ཚང་མའི་སེམས་ལ་བབ་པའི་རྟེན་འབྲེལ་ལེགས་པ་བརྒྱ་ལྡན་གྱི་བརྟན་བཞུགས་ཞབས་བརྟན་རྒྱས་འབུལ་གྱི་མཛད་སྒོ་དཔལ་ལྡན་སྨན་རི་དགོན་དུ་དབུ་བརྙེས་པ་ལ། གུས་པས་སོར་པད་སྙིང་ཁར་ཟླུམ་སྟེ་མདོ་དབུས་ཁམས་གསུམ་བོན་འབངས་ཡོངས་ཀྱི་ཚབ་ཞུ་སྟེ་མཛད་སྒོར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཀྱིས་བརྒྱན་ཏེ་ཕུལ་བར་ཨེ་མ་ཧོ།།        རིག་པའི་དོ་རའམ་དགེ་མིང་པ་བསྟན་འཛིན་འབྲུག་གྲགས་ཀྱིས་མ་ཧ་ཙི་ནའི་རྒྱལ་ས་པེ་ཅིང་ནས་གུས་འདུད་དང་བཅས་ཏེ་ཕུལ་བའོ།།

རྩོམ་གྱི་ཡོང་ཁུངས། ཞང་ཞུང་རྒད་པོའི་འཕྲིན་སྟེགས།

(སྤྱིའི་གཟིགས་གྲངས། 80 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དགེ་བའི་…
error: རྩོམ་འདི་བདག་དབང་ཅན་ཡིན།