ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་ཆག་ཤིང་།

རྩོམ་པ་པོ། སློབ་དཔོན་བསྟན་འཛིན་རྣམ་དག

      སྨྲ་སེང་ལྷག་པའི་ལྷ་ལ་འདུད། འདིར་ཐུན་མོང་མ་ཡིན་པ་བོན་གྱི་བརྡ་རྟགས་ཆག་ཤིང་གི་སྒྲ་བཤད་ནི། མདོ་ལས། ལོག་ལྟའི་གཉའ་བ་གཅོག་པས་ཆག །ཐར་ལམ་དྲང་པོར་བཀྲི་བས་ལམ། །ཞེས་དང་། མདོར་ན་དོན་དུ་འདི་འཆང་བ་པོ་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར་བ་པོ་ཡིན་པའི་བརྡ་རྟགས་ཏེ། དཔེར་ན་དཔའ་བོའི་བརྡ་རུ་རལ་གྲིའི་བརྡ་དང་། གཡུལ་ལས་རྒྱལ་བའི་བརྡར་སེང་གེའི་མཚན་མ་སོགས་ཇི་སྙེད་ཡོད་པ་བཞིན་ནོ། །དེ་ཡང་བོན་འཁོར་བསྐོར་བ་པོ་ཡིན་པ་ཇི་ལྟར་མཚོན་ཞེ་ན། དཔེར་ན། མཁར་གསིལ་འཛིན་པས་དེ་དགེ་སློང་ངམ་གཙང་གཙུག་པ་ཡིན་པར་མཚོན་པ་བཞིན་དུ་ཆག་ཤིང་འཆང་བས་བོན་སྟོན་པའི་སྟོན་པའམ་སློབ་དཔོན་ཞིག་ཏུ་ངེས་པའམ་གོ་བའོ། །དེ་ལྟར་གོ་བྱའི་ཆག་ཤིང་ཅན་ནི་སྟོན་པ་གཤེན་རབ་མི་བོ་དང་། བླ་ཆེན་དྲན་པ་ནམ་མཁའ་ལྟ་བུའོ། །དང་པོ་ཡིན་ཏེ། ཀློང་རྒྱས་ལས། ཕྱག་མཚན་རིན་ཆེན་གསེར་གྱི་ཆག་ཤིང་བསྣམས། ཞེས་དང་། གཉིས་པ་ནི། དྲན་པ་གསང་སྒྲུབ་ལས། ཕྱག་ན་གསེར་གྱི་ཆག་ཤིང་བསྣམས། ཞེས་གསུངས། དེའི་དབྱིབས་སྣ་གཉིས་ལ་གཡུང་དྲུང་རེ་ཡོད་པ་དང་། བར་གྱི་ལྕུམ་བཞོགས་དང་ལྡན་པ་དགོས་ཤིང་། རིང་ཐུང་ཚད་དང་རྒྱུ་ནི་མཐའ་གཅིག་ཏུ་མ་ངེས། དབྱིབས་འདི་ལྟར་དགོས་པའི་རྒྱུ་མཚན་ནི། སྟོན་པའི་ཆག་ཤིང་གཏེར་ལས་བྱུང་བ། རྒྱུ་བེེཌཱུརྱ་སྔོན་པོ་ལས་གྲུབ་པ་ཞིག་འཁྲུངས་གཞིས་བྲུ་ཚང་གི་རྟེན་སྒམ་དུ་བཞུགས་པ་མཐོང་བ་དང་། གཞན་པའི་ཡིག་ཆ་འགའ་ལས་ཀྱང་རགས་ཙམ་མཐོང་བ་དང་། ལྷ་བྲིས་པའི་ལག་རྒྱུན་ཡང་འདི་འདྲ་འདུག་པ་འཐད་པར་མངོན་ནོ། །ཁ་ཅིག་གིས། དོན་འདི་ལྟ་བུ་མ་རྟོགས་བཞིན་དུ་“འབྲུ་གནོན་ཆག་ཤིང་ཞེས་པ་མ་དག་པར་འདུག་སྟེ། ཕྱག་ཤིང་ཡིན་པ་འདྲ་འདུག ཅིའི་ཕྱིར་ན་གོང་གི་གོང་གི་འབྲུ་གཟུགས་གོ་བ་མི་འདུག་ཅིང་། ཕྱི་མ་ནི་གད་བྱེད་པའི་ཕྱག་མ་ལ་འགྲིགས་འདུག་པས་འདི་ལྟར་ཡིན་ནོ། །” ཞེས་པ་ནི་གཞུང་ལུགས་ཀྱི་གོ་ཐོས་མེད་བཞིན་དུ་ཚིག་རིས་ཀྱི་རྗེས་སུ་འདེད་པ་རྣམས་ཀྱི་འདོད་ཚུལ་མཆིལ་མའི་ཐལ་བ་རྣམས་སྣང་མེད་རྒྱང་དུ་དོར་དགོས་པར་མཐོང་ངོ་། །འོ་ན་ཁོ་ན་རེ། འདི་བརྡ་མཚོན་བྱེད་ཡིན་ན། མཚན་གཞི་གང་ཞིག་ཡིན་ཞེ་ན། འདུལ་བ་མདོ་ཡི་སྡེ་དང་། ཟབ་དཀར་སྔགས་ཀྱི་སྡེ་དང་། ཡེ་གྲོལ་སེམས་ཀྱི་བོན་དང་གསུམ་སྤྱིར་གཡུང་དྲུང་བོན་ལ་ལྡན་པར་མཚོན། སྒོས་གང་ཟག་གང་གིས་ཆག་ཤིང་འཆང་བ་དེ་ལ་བྱང་ཆུབ་སྒྲུབ་པའི་ཆ་རྐྱེན་དུ་མདོ་སྔགས་སེམས་གསུམ་ཉམས་ལེན་ཚང་ལ་མི་འགལ་བ་དང་། མ་འདྲེས་པར་མཚོན་ནོ། །མཚོན་ཚུལ་ཡང་ཡོད་དེ། གཡུང་དྲུང་གཉིས་ཀྱིས་མདོ་སྔགས་གཉིས་མཚོན་ལ། ལྕུམ་བཞོགས་ཀྱིས་དེ་རྣམས་གནས་ལུགས་བྱང་ཆུབ་སེམས་སུ་ལ་བཟླ་བར་མཚོན་པས་སོ། །སྐབས་འགར་པད་གདན་དང་། དར་དཔྱངས་ཀྱིས་བརྒྱན་པ་ནི་བཀུར་བསྟིའི་ཆ་གཙོ་བོ་ཡིན་ཏེ། དཔེར་ན། རྟེན་གསུམ་ལ་པད་གདན་དང་། ནབ་བཟའ་ཕུལ་བ་བཞིན་ནོ། །འདིས་ཀྱང་ཚོགས་རྫོགས་ཏེ་ཆག་ཤིང་ནི་ལྷ་ཡི་ཕྱག་མཚན་བདེ་བར་གཤེགས་པའི་ཐུགས་རྟེན་ཡང་ཡིན་པས་སོ། །གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། ཁྱད་པར་སྲིད་པ་སྐོས་ཀྱི་ཆག་ཤིང་ནི། །སྡེ་སྣོད་བཅོ་བརྒྱད་གསལ་བའི་གཤེན་རབ་ཀྱིས། །གཤེན་རབ་བདག་བཞིན་ཕྱག་ཏུ་བརྟེན་བྱས་ཤིང་། །བསྟན་པ་ཀུན་གྱི་ཀླད་དུ་འདི་བསྐོར་ན། །གཡུང་དྲུང་བོན་གྱི་རྒྱལ་མཚན་བཙུགས་ནས་ཀྱང་། །རྟག་ཆད་ལོག་ལྟ་ཐེ་ཚོམ་ཟིལ་གྱིས་གནོན། །ཞེས་གསུངས་པའི་ཕྱིར།

(སྤྱིའི་གཟིགས་གྲངས། 74 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །རྫོགས…
error: རྩོམ་འདི་བདག་དབང་ཅན་ཡིན།