ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་ཚང་ཁྲི་བརྟན་ནོར་བུ་རྩེ་དང་གསེར་སྒོ་ཁྲ་མོ།

སྤངས་དང་རྟོགས་པ་མཐར་སོན་ལུང་དང་རིག་པའི་བདག་ཉིད་ཅན། །

མཁས་དང་གྲུབ་པ་བྱེ་བའི་འབྱུང་གནས་གོང་ནས་བརྙེས་ཟིན་པས། །

ཐབས་དང་ཐུགས་རྗེས་མཛད་བཅུའི་འོད་ཆེན་སྐྱ་རེངས་ཤར་བའི་རྒྱུན། །

གནས་གསུམ་བོན་གྱི་མགོན་པོ་དམུ་རྒྱལ་ཐོད་དཀར་སྲས་དེར་འདུད། །

གཤེ༵ན་བསྟན་ཡོངས་རྫོགས་མཁྱེན་རྩེའི་ཕུང་པོ་གཅིག་ཏུ་འདུས་པའི་ཟླ་ཞུན་མས། །

ཀུ༵ན་མཁྱེ༵ན་རྒྱལ་བའི་དགོངས་པའི་བརྒྱུད་འཛིན་པད་དཀར་མུ་ཏིག་ཕྲེང་ལྟར་རྒོད། །

ཡེ༵་ཤེ༵ས་རྒྱལ་བའི་རྣམ་རོལ་ཀུན་མཁྱེན་བསུང་གི་ངད་པ་ཕྱོགས་སུ་འཐུལ། །

བློ༵་གྲོ༵ས་བཟང་པོའི་མཐོང་བྱེད་བསྟན་འགྲོའི་སྤྱི་དཔལ་སྩོལ་མཛད་གང་དེར་འདུད། །

དགེ་བཅུའི་འོད་ཞགས་ཆུང་ནས་ཀུན་བཟང་དགོངས་པར་གཡོ་མེད་ཅིང་། །

བཅུ་རིག་གནས་དང་དཀྱིལ་ཆོག་སྟོང་དང་དྲུག་བརྒྱ་ཐུགས་སུ་ཆུད། ། 

རབ་འབྱམས་བོན་སྒོ་ཡོངས་དང་གསང་མཆོག་ཟབ་མོའི་མངའ་བརྙེས་ཤིང་། །

གཞལ་དཀའི་དྲིན་མཆོག་དམུ༵་དབ༵ང་ཉི༵་མ༵འི་མཚ༵ན་ཅ༵ན་དད་པས་མཆོད། ། །

མཆོག་གྱུར་བསྟན་པའི་བརྒྱུད་འཛིན་བསླབ་གསུམ་གཙང་མའི་ས་བོན་ལས་འཕྲོས་པའི། །

ཐུགས་མཐུན་ཁྲིམས་གཙང་བཀའ་ལུང་མན་ངག་མཚར་སྡུག་རྫོགས་པའི་ཨུ་དུམ་ཝར། །

རླབས་ཆེའི་མཛད་བཟང་རྣམ་དཀར་སྒོམ་རྟོགས་འབྲས་བུའི་ཁུར་གྱིས་ཉེས་དུད་པ། །

མཚུངས་མེད་གཤེན་བླ་མི༵་འགྱུ༵ར་གཙུ༵ག་དབ༵ང་དུས་ཀུན་མཆོད་ཅིང་བསྟོད་པར་བྱ། །

   དེ་ཡང་སྤྱི་ཁོག་ལོ་རྒྱུས་དང་གདན་སའི་གནས་ཀྱི་ཆགས་དབྱིབས། གནས་དེར་ཆགས་པའི་གསས་ཁང་གསེར་སྒོ་ཁྲ་མོའི་ལོ་རྒྱུས་དང་རྟེན་གཙོ་བོ་རྣམས་ངོ་སྤྲོད། རི་རྒྱལ་དགོན་ཁྲི་བརྟན་ནོར་གླིང་གི་ལོ་རྒྱུས་དང་རྟེན་གཙོ་བོ་རྣམས་ངོ་སྤྲོད། དེ་བཞིན་མཁན་རབས་རིམ་བྱོན་བཅས་ས་བཅད་ཀྱི་གྲངས་སུ་བཀོད་པ་ལས། །

དང་པོ། སྤྱི་ཁོག་ལོ་རྒྱུས་དང་གདན་སའི་གནས་ཀྱི་ཆཊ་དབྱིབས་ནི། སྤྱིར་སངས་རྒྱས་ཀྱི་གདུང་རྒྱུད་འཛིན་པ་བསམ་གྱི་མི་ཁྱབ་པ་ཡོད་པའི་ནང་ནས། དགོས་སུ་རྒྱལ་རིགས་དམུ་ཡི་གདུང་རྒྱུད་བྱུང་ཚུལ་ནི། གཡོ་མེད་བོན་སྐུའི་ཐུགས་ལ་གཡོ་བ་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ། གདུང་རྒྱུད་ཀྱི་རྒྱལ་པོ་དབྱིངས་ཀྱི་ལྷ་དྲུག་བྱུང་བའི་ནང་ཚན། གཤེན་ལྷ་དམུ་ཡི་གདུང་རྒྱུད་ནི་དང་ཐོག་དམུ་རྗེ་བཙུན་པོ་དང་ལྷ་མོ་འོད་གསལ་མ་གཉིས་བཤོས་པའི་སྲས་བཞི་བྱུང་སྟེ། དམུ་རྒྱལ་འབུམ་རྗེ་འོད་ཀྱི་འཁོར་ལོ་ནས་བཟུང་རིམ་བཞིན་ལོ་རྒྱུས་ཀྱི་ལམ་འཕྲང་དོག་པོ་དེ་དག་ཕར་བརྒལ་ཏེ། ཕྱིས་དམུ་གཤེན་དཔོན་གསས་ཤེས་རབ་རྒྱལ་མཚན་ཡབ་སྲས་ནས་བཟུང་། ད་ལྟའི་དམུ་རིགས་གཤེན་གྱི་གདུང་འཛིན་གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་ཡབ་སྲས་གསུམ་གདུང་སྲས་་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་དང་གཡུང་དྲུང་རང་གྲོལ་ཉི་མ་རྣམ་གཉིས་ལ་ཐུག་གི་བར་གྱི་དམུ་རིགས་གཤེན་གྱི་གདུང་འཛིན་སྐྱེས་མཆོག་རྣམས་ཀྱིས་བསྐྱངས་པའི་གནས་ཆེན་ཞིག་ཡིན། འདིར་རྩོད་ལྡན་ཚེ་ལོ་བརྒྱ་བའི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་བྱིན་རླབས་པའི་གནས། སྟོད་ཀྱི་གདན་ས་ཆེན་པོ་བྲུ་ཞུ་སྤ་རྨེའུ་སྤྱི་ཕུད་གཤེན་དང་ལྔའི་ཡ་གྱལ། དཔལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་བརྒྱུད་འཛིན་དར་སྤེལ་བྱེད་སའི་ལྟེ་གནས། རིགས་རུས་ཀྱི་རྒྱལ་པོ་དམུ་རིགས་གཤེན་གྱི་གདན་ས་ཆེན་པོ་དེའི་གནས་ཡུལ་ནི། གངས་རིའི་རྭ་བས་བསྐོར་བའི་ཞིང་མཆོག་ཞང་ཞུང་སྒོ་བའི་ས་གསུམ་གྱི་བར་བ། མདོ་སྟོད་སྨད་བར་གསུམ་གྱི་ནང་ཚན། བར་དབུས་གཙང་རུ་བཞི་ཡི་ཡ་གྱལ་གཡས་རུ་འཇེད་གཞུང་ས་ཡི་ཐིག་ལེ། རྟ་ནག་དུང་ཕོར་ཞེས་གཏེར་སྟོན་འགུ་རུ་་རྣོན་རྩེའི་གཏེར་གནས་ཀྱི་ནུབ་རྒྱུད། བཞད་ཀྱི་དཔལ་ལྡན་དར་སྡིངས་སུ་ངོ་མཚར་ཡིད་འོང་ཕུན་གསུམ་ཚོགས་པའི་གླིང་རྩེ་མོ་འཆི་མེད་གྲུབ་པའི་གནས་ཆེན་འདྲ་བའི་བླ་བྲེ་དང་འཕན་གདུགས་དར་པོ་ཆེ་ལ་སོགས་ལང་མ་ལིང་གིས་གཡོ་བ། སྐེད་པ་འཛམ་གླིང་མི་ཡུལ་གནས་སུ་རི་དབང་གཉིས་ཐུག་གླང་པོ་ཆེ་འགྱིང་བ་འདྲ་བའི་སྟེང་ནོར་བུ་བཞག་པ་དང་འདྲ་བས་སྟོབས་ལྡན་གླང་པོ་རིན་ཆེན་དང་གཉིས་སུ་མ་མཆིས། རྩ་བ་མུར་སང་ཀླུ་ཡུལ་དུ་ཟུག་པ་གཡུང་དྲུང་གྱེར་བསྟན་འཕོ་འགྱུར་མེད་པར་བརྟན་ཞིང་། རི་བོ་དེའི་མདུན་གྱི་གྲོང་དཀྱིལ་དུ་ངོ་མཚར་ཁྱད་དུ་འཕགས་པའི་གསས་ཁང་གསེར་སྒོ་ཁྲ་མོ་དང་གཤེན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་བླ་བྲང་ལྷན་དུ་ཆགས་ཡོད་པ་བཅས། སྤྲུལ་བའི་སྐུ་མཆོག་གཤེན་ཆེན་ཀླུ་དགའ་སོགས་སྐྱེས་ཆེན་གོང་མ་རྣམས་ཀྱི་ལུང་གིས་ཟིན་པའི་གནས་མཆོག་དེ་ཡི་ཉེ་འགྲམ་གྱི་ཕྱོགས་བཞིར་གཤེན་གྱི་བླ་རྒྱུད་རིམ་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱིས་གསང་སྔགས་ཀྱི་ཡི་དམ་ཕལ་ཆེར་གྱི་བསྙེན་སྒྲུབ་མཛད་ཅིང་ལྷ་ཞལ་འཁུམས་གནས་ཀྱི་རི་ཁྲོད་བྱིན་ཆེན་བཞི་དང་སྒྲུབ་གནས་བཞི་དུར་ཁྲོད་བཞི་དམུ་དབང་ཉི་མ་རྒྱལ་མཚན་གྱི་ཞབས་རྗེས་བཞི་བཅས་རིག་འཛིན་གོང་མའི་མི་འགྱུར་བའི་བཀའ་རྟགས་རང་བྱོན་དང་ཞབས་རྗེས་སྒྲུབ་གནས་སོགས་མང་དག་ཅིག་ཡོད་དེ། ད་རེས་ས་ཁྱོན་ཆུང་བའི་དབང་གིས་ཚང་མ་བརྗོད་པར་མ་ནུས། །

   གཉིས་པ། གསས་ཁང་གསེར་སྒོ་ཁྲ་མོའི་ལོ་རྒྱུས་ལ། གཙང་གཡས་རུའི་བཞད་དཔལ་ལྡན་དར་སྡིངས་གསེར་སྒོ་ཁྲ་མོ་གཞལ་མེད་ཁང་ནི་། གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་སྟེ་བོད་རབ་བྱུང་བཞི་པའི་ཆུ་ཕོ་འབྲུག་སྤྱི་ལོ་༡༢༣༢ལོར་ས་བཏུལ་རྨང་གཞི་བཏིང་བ་དང་། སྤྱི་ལོ་༡༢༣༣རབ་བཞིའི་ཆུ་མོ་སྦྲུལ་ལོར་ཕྱག་བཏབ་མཛད་པས། དམ་པ་ཁོང་ནི་ལུང་ལས། དམུ་རིགས་གཤེན་གྱི་གདུང་རྒྱུད་ལ། བློ་གྲོས་རིག་པའི་རྩལ་ཅན་དང་། རིག་འཛིན་ཚུལ་འཛིན་རྣམ་གསུམ་འབྱུང་། གསུངས་ལྟར་གཡས་རུ་འཇེད་ཀྱི་དར་སྡིངས་སུ། ཡབ་དམུ་གཤེན་དཔོན་གསས་ཤེས་རབ་རྒྱལ་མཚན་དང་། ཡུམ་ཞུ་བཟའ་ཁྱེའུ་འདྲེན་གཉིས་ལས། སྐུ་མཆེད་གསུམ་གྱི་བར་མར་རབ་བྱུང་གསུམ་པའི་ཆུ་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ་༡༡༩༢ལོར་སྐུ་འཁྲུངས།༼ལོ་རྒྱུས་འགའ་རེར་ཆུ་ཕག་ལོར་སྐུ་བལྟམས་ཞེས༽ཆུང་ནས་ཤེས་རབ་རྩལ་རྫོགས་པས་གཞུང་ལུགས་ཐ་དག་ལན་རེ་ཟུང་རེས་མཁྱེན། གྲུབ་པའི་རྟགས་མཚན་ཞབས་རྗེས་མཁར་འཕུར་སོགས། ཆུང་ངུའི་དུས་ནས་རྨད་བྱུང་ཡ་མཚན་མང་། སུམ་སྟོན་བླ་མ་ལྷ་ལས་རབ་ཏུ་བྱུང་། ཆེར་བསྐྱེད་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་། ཞང་ལོ་བཀྲ་ཤིས་བྱང་ཆུབ་ལ་སོགས་པ། དྲང་སྲོང་ལྔ་བརྒྱའི་དབུས་སུ་བསྙེན་རྫོགས་ཞུས། ཁོང་ནི་རྒྱལ་བ་གཉིས་པ་དངོས་སུ་བྱོན་པ་ཡིན་ཏེ། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཡ་གོང་རྒྱུད་པའི་མཁན་པོ་སྟེ། ཡེ་ཤེས་རྒྱལ་བའི་སྤྲུལ་པ་ནི། གཤེན་སྟོན་ཡེ་ཤེས་བློ་གྲོས་མཚན། རིག་པའི་གནས་ལྔ་མ་བསྒྲིབས་མཁྱེན། སྡེ་སྣོད་རྟོགས་པའི་སེམས་ཅན་འདྲེན། ཞེས་དང་། གཞན་ཡང་ཡིད་ཀྱི་ཁྱེའུ་ཆུང་སྐུ་སྤྲུལ་དངོས་སུ་བྱོན་པ་ལུང་ལས་བཤད་དོ། བུ་སློབ་ཁྲི་ཚོ་རེ་ལ་བོན་ཕྱི་ནང་གསང་གསུམ་གྱི་འཆད་ཉན་མཛད་ཅིང་། གསུངས་པའི་བོན་ལ་ཡང་ཀུན་མཁྱེན་བཀའ་འབུམ་དུ་གྲགས་སོ། དམ་པ་ཁོང་གི་རྣམ་ཐར་ལས། རྒྱལ་བ་གཉིས་པ་དེ་ཉིད་ཀྱིས་གསས་ཁང་གསེར་སྒོ་གཤེན་གྱི་གདན་ས་སོགས་དབུས་གཙང་བྱང་གསུམ་ཁུལ་དུ་དགོན་གནས་ཆེ་ཆུང་སུམ་བཅུ་སོ་གསུམ་བཏབས་བཀོད་མཛད་ཅེས་གསུངས་པ་ལྟར། དེའི་ནང་ནས་གཙོ་བོ་གསེར་སྒོ་ཁྲ་མོའི་ལྷ་ཁང་དབུ་རྩེ་གཙང་ཁང་དང་འཁྱམས་དང་ཀ་བ་སྒོ་རྒྱན་ལ་སོགས་པའི་བཀོད་པ་རྨད་བྱུང་ཡ་མཚན་གྱི་བཟོ་བཀོད་ཁྱད་པར་འཕགས་པ་བཅུ་གསུམ་གྱི་ནང་སྐུ་གསུང་ཐུགས་རྟེན་མཆོད་ཆས་ཀ་གདུང་བཅས་ལ་མཐུ་བྱིན་གྲུབ་རྟགས་ཡ་མཚན་ཁྱད་པར་འཕགས་པ་སྟེ།

གཅིག སྟོན་པ་ཁྲི་གཙུག་རྒྱལ་བའི་ཐུགས་ཀ་རུ། དགྲ་བཅོམ་རྒྱལ་བའི་སྐུ་གདུང་ཤ་རི་རམ་བྱ་ངང་པའི་སྒོང་ང་ཙམ་བཞུགས་པ་དེར། ནུབ་ཕྱོགས་འོལ་མོ་ལུང་རིང་ཞིང་ཁམས་ནས་འོད་ཟེར་རྒྱུན་མ་ཆད་པར་འཕྲོ་བས། སྨོན་ལམ་གང་བཏབ་འགྲུབ་པ་ཁྱད་པར་འཕགས། 

གཉིས། སྟོན་པ་རང་བྱུང་འཁོར་བ་ཀུན་འདྲེན་གྱི་སྙན་མཆོག་སོག་པོ་ཇུན་གར་གྱིས་དམག་དྲངས་ཏེ་འབྲེག་སྐབས། ཨ་ཙ་དམ་ཉམས་ཟེར་བའི་གསུང་བྱོན་པས། གསུང་འབྱོན་གཞན་དང་མི་འདྲ་ཁྱད་པར་འཕགས།

གསུམ། ཙན་དན་གྱི་ཀ་བར་སོག་དམག་གིས་སྟ་རེ་རྒྱག་སྐབས་མ་རུང་བའི་སྒྲ་གྲགས་པ་དང་། ཀ་བ་ནས་ཁྲག་ཟགས་པས། ཀ་ཆེན་དམར་མོ་ཁྲག་འཛག་ཁྱད་ པར་འཕགས།

བཞི། ཙན་དན་གྱི་གདུང་མ་དགུ་ཚིགས་རྒྱལ་མོ་ཞེས། ཀུན་མཁྱེན་ཡེ་ཤེས་བློ་གྲོས་ ཀྱིས་སངས་རྒྱས་ཞིང་ནས་གདན་དྲངས་པ། གསེར་སྒོ་ཁྲ་མོའི་ཤར་ནས་ནུབ་བར་བརྙབས་པ་སྟེ། ཤིང་སྡོང་གཅིག་ལས་འཁྲུངས་པས་ཁྱད་པར་འཕགས།

ལྔ། ཀ་ཆེན་བཀྲ་ཤིས་འོད་འབར། ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་འོག་མིན་སངས་རྒྱས་ཞིང་ཁམས་ནས། སྙན་མཆོག་གཡས་གཟེར་འཕུར་བས་ཁྱད་པར་འཕགས།

དྲུག། སྐུ་ཕྱག་ཕུལ་སྐབས་ཐོད་པ་ཐུག་སའི། ཨལ་མོ་ལི་ཀའི་རྡོ་ལེབ་ལ་འཕྲུལ་ཆེན་ཡི་གེ་ཨ་རང་བྱོན་འཁྲུངས་པ་ཁྱད་པར་འཕགས།

བདུན། གཏེར་བདག་ཨ་འབི་ར་ཡི་གཏེར་རྡོ་ལ། སྨོན་ལམ་གང་བཏབ་འདོད་དགུ་འགྲུབ་པ་ཁྱད་པར་འཕགས།

བརྒྱད། བདེར་གཤེགས་སྐུ་གསུམ་མེ་ལྷ་ཞལ་གཟིགས་མ། སོག་དམག་གང་སར་ཕྱིན་པ་དེ་གར་གཟིགས། སྤྱན་ལ་ཕྱོགས་རིས་མེད་པས་ཁྱད་པར་འཕགས།

དགུ། དགྲ་ཡི་གཡུལ་ངོར། གདུང་མའི་སྟེང་གི་སེང་ཐོད་དཀར་མོ་ཁྱི་ལྟར་ཟུག་པས། སེང་ཐོད་དཀར་མོ་གསུང་བྱོན་ཁྱད་པར་འཕགས།

བཅུ། དམུ་གཤེན་ཉི་མར། མུས་ལུང་སྔགས་ནག་ཝ་མགོ་ཟེར་བས། འབྲོང་རྒོད་མཐུ་རྟགས་སུ་མངགས་པ་དེ། དམ་ལ་བཏགས་པའི་གསོབ་གཟུགས་སྐོར་ལམ་ནང་མ་ནང་ལ་ཡོད་པས། དམ་བཏགས་ལྷ་སྲུང་སྤྱན་གཟིགས་ཁྱད་པར་འཕགས།

བཅུ་གཅིག སྒྲུབ་ཁང་ནང་གི་རྒྱུན་འབར་མར་མེ་ལོ་ཐུབ་ངོ་མཚར་ཆེ་བ་དེ། སོག་དམག་གིས་ཁྱེར་ནས་སོང་སྐབས་རྟ་ནག་དུང་ཕོར་ལར་སླེབས་དུས་སོག་དམག་ལག་ནས་འཕུར་ཤོར་ཏེ། དཀོར་གཉེར་ལ་སྒོ་ཕྱེས་ང་སླེབས་ཡོད་ཟེར་བའི་གསུང་བྱོན་པས། གསུང་འབྱོན་མཁའ་ལ་འཕུར་བ་ཁྱད་པར་འཕགས།

བཅུ་གཉིས། ཚེར་ནག་དྲག་པོའི་ལྷ་རྔ་མི་རྒོད་པགས་གཡོགས་ལ། གསུང་གྲགས་ཕ་མའི་དྲིན་འཁྱེར་ཁྱད་པར་འཕགས།

བཅུ་གསུམ། ཐུགས་ཀྱི་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་ལ། ཀུན་མཁྱེན་ཡེ་བློ་དང་གཤེན་སྟོན་རྣམ་དག་དྲི་མེད་ཀྱིས་མངའ་དབུལ་སྐབས། སྐལ་བཟང་ནས་འབྲུ་འབྱར་བ་ཁྱད་པར་འཕགས།  དེ་ལྟར་གཤེན་གྱི་ཁྱད་འཕགས་བཅུ་གསུམ་མོ། ལུང་ལས། སངས་རྒྱས་རྫུ་འཕྲུལ་རྟགས་ཀྱི་མངོན་ཤེས་འཁྲུངས། འོལ་མོ་ལུང་རིང་བར་པོ་སོ་བརྒྱད་དང་། བྱིན་རླབས་དབྱེར་མེད་གང་མཇལ་རྫོགས་སངས་རྒྱས། གསས་ཁང་ཁྱད་པར་ཅན་ལ་གསོལ་བ་འདེབས། ཞེས་སོ། བར་དུ་ཡིད་སྲུབས་ཇུན་གར་བའི་དཔུང་དམག་གིས་ བསྟན་པར་ཐོ་བརྩམས་པའི་ཚེ། ཁྱད་འཕགས་ཀྱི་རྟགས་མཚན་དུ་མས་དགྲ་དཔུང་ཟིལ་གྱིས་མནན་ཏེ། བར་དུ་གཅོད་པ་མཐར་བསྐྲད་པའི་ལོ་རྒྱུས་དུས་ད་ལྟ་ཡང་གསེར་སྒོའི་ལྷ་ཁང་ནང་གི་ཀ་ཆེན་བཀྲ་ཤིས་འོད་འབར་དང། གསེར་སྒོའི་སྒྲུབ་ཁང་ནང་གི་རྒྱུན་འབར་གྱི་མཆོད་རྐོང་གསུང་འབྱོན་པ་གཉིས་བཅས་དུས་ཀྱི་ རྟེན་སྐལ་དུ་བཞུགས་ཡོད། གསེར་སྒོ་དང་བླ་བྲང་གི་ནང་རྟེན་རྣམས་རང་བློས་གང་དཔོག་ཅིག་འབྲི་བ་ལ། གཙོ་བོའི་ཕུགས་མཇལ་ན། སྟོན་པ་རབ་བདུན་དང་། གཤེན་དམ་པ་རྒྱལ་ཚབ་མན་ཆད་ནས་ཕུན་ཚོགས་བསྟན་འཛིན་ཡན་ཆད་ཀྱི་གསེར་གདུང་ནང་རིག་འཛིན་གོང་མའི་ན་བཟའ་དང་དབུ་སྐྲ་བླ་རབས་སོ་སོའི་རིང་བསྲེལ་དང་། གདུང་རུས་བཅས་བཞུགས་ཡོད། གཤེན་དབང་གྲུབ་རྒྱལ་མཚན་གྱི་ཕྱག་བཟོ་ལས་གྲུབ་པ་སྟེ། བཀའ་སྐྱོང་སྡེ་དྲུག་གི་ཞལ་འབག་ངོ་མཚར་ཆེ་བ།

   དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་དམ་ཉམས་སྐུ་དགྲ་རོང་མཚོ་སྡེ་བ་ཞེས་པ་དེར་བོན་སྐྱོང་དམག་དཔོན་བསྐུལ་བས། དམ་ཉམས་སྐུ་དགྲའི་སྲོག་སྙིང་གསས་ཁང་གསེར་སྒོའི་གྱང་ལ་བལྡབས་པའི་ཁྲག་གི་རྗེས་ཡོད་པ་ངོ་མཚར་ཆེ། ཙན་དན་ཧ་རི་དཀར་པོའི་ཀ་བ་ལ་སྨོན་ལམ་བཏབ་ཚད་འགྲུབ་པའི་བྱིན་ཅན་ལ་ཁྱད་པར་འགོས་ནད་ཐུབ་པའི་ངོ་མཚར་ཆེ། ལྡེབས་རིས་སུ་གསས་ཁང་དེ་བཞེངས་པའི་སྐབས་བྱ་ཁྱུང་གི་གཤོག་སྟེང་དུ་འོག་མིན་གྱི་ཞིང་ཁམས་ནས་ཤིང་ཆ་དྲངས་པ་ལ་སོགས་ངོ་མཚར་གཞན་དང་མི་འདྲ་བའི་བཞེངས་ཚུལ་སྣ་ཚོགས་ཀྱི་ཞིང་བཀོད་བྱིན་རླབས་ཀྱི་གཟི་འོད་འབར་བར་གྲགས། བློ་ལྡན་གྱི་ཟུར་བྱང་ལས། གསས་ཁང་གསེར་སྒོ་ཁྲ་མོ་ལ། གང་མཇལ་ཚེ་འདིའི་ལས་ཉོན་འབྱང། ཞེས་གསུངས། དེ་བཞིན་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་པ་རྫོགས་པའི་སངས་རྒྱས་མཆོག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་རྟེན་སྐལ་དུ་བཞུགས་པའི་ནང་ཚན། སྤྲུལ་བའི་སྐུ་མཆོག་གཤེན་ཆེན་ཀླུ་དགས་ལྷོ་འབྲིག་མཚམས་མཐའ་དཀར་ནས་སྤྱན་དྲངས་པའི་སྐུ་རྟེན་དྲི་མེད་ཤེལ་སྐུ། རྣམ་འདྲེན་གཤེན་རབ་མི་བོ་མཆོག་གི་ཚེམས་དཀར་སུམ་ཅུ་རྩ་གཉིས་ལས་འཕར་ཆུང་རེ་རེ་བྱུང་བའི་ནང་གི་འཕར་ཆུང་མཐོང་བ་རང་གྲོལ་ཞེས། མི་འགྱུར་བའི་རྟགས་སུ་བུ་ག་མཇལ་རྒྱུ་ཡོད་པ་གཡས་རུ་གཙང་གི་རྟ་ནག་དུང་ཕོར་ནས་གཏེར་གཏོན་འགུ་རུ་རྣོན་རྩེས་སྤྱན་དྲངས་གསུངས། ཚེམས་ཆེ་བ་བཞི་ལས་འཕར་ཆེན་བཞི་བྱུང་བའི་ནང་གི་ཁུ་ཚ་ཟླ་འོད་ཀྱི་སྤ་གྲོ་ཕུག་གཅལ་གྱི་གཡས་ངོས་ཕ་བོང་སྡིག་རུ་ཅན་ཐོག་ནས་གཏེར་དྲངས་པའི་འཕར་ཆེན་འོད་འབར་རྒྱང་གྲགས་ལ་མི་འགྱུར་བའི་རྟགས་སུ། འོད་ཟེར་ཉི་མའི་ཟེར་ལྟར་འཕྲོ་བ། རིང་བསྲེལ་སྲན་མ་ཙམ། ས་བོན་ཡིག་འབྲུ་ཨ་ཡོད་པ། ཡོན་ཏན་གྱི་རྟེན་རྣམ་འདྲེན་རྒྱལ་བ་ཉིད་ཀྱི་སྙན་མཆོག་གཡས་པའི་འོད་ཟེར་ལས་འཁྲུངས་པའི་གཤང་དཀར་མོ་ཁྲི་ཆེན་ནི། དབང་ལྡན་གཤེན་སྲས་ཀྱི་མདོ་སྨད་རྒྱའི་མཆོད་རྟེན་དཀར་རུ་ནས་གཏེར་དྲངས་ཞེས་དར་རྒྱས་གསལ་སྒྲོན་ལས་གསུངས། དེའི་དབྱིབས་ནི་མཆོག་ཏུ་གྱུར་བ་མེ་ཏོག་ཨུཏྤལ་གྱི་དབྱིབས་ཡིན། རྟེན་འདིར་གང་ཟག་ལ་ལྟོས་ཏེ་མཇལ་སྣང་མི་འདྲ་བ་མང་བས། ལ་ལར་ནམ་མཁའ་གཡའ་དྭངས་བའི་མདོག་གཞན་ཡང་རྒྱ་དངུལ་གྱི་མདོག ཕྱི་ནང་མེད་པར་འོད་ཟེར་འཕྲོ་བའི་ནང་ཁོང་ཉིད་སྐུ་འཁྲུངས་བའི་འཁྲུངས་སྐར་རྒྱལ་སྟོད་ཀུན་ལ་མཇལ་རྒྱུ་ཡོད་པ་དང་། གསུང་མ་ངེས་སྣ་ཚོགས་སྒྲོག་པ་སོགས་མང་བར་གསུངས། བུ་མཚོ་སྲིད་པའི་རྒྱལ་པོས་གཏེར་ནས་སྤྱན་དྲངས་པའི་སྙན་གོང་གཡོན་པའི་འོད་ཟེར་ལས་འཁྲུངས་པའི་གཤང་དཀར་མོ་ཁྲི་ཆུང་། དམུ་གཤེན་ཉི་མ་རྒྱལ་མཚན་ལ། མུས་ལུང་སྔགས་ནག་གིས་འབྲོང་རྒོད་མཐུ་རྟགས་སུ་བཏང་བ་དེ་བཏུལ་བས་གཤང་ཧོ་མོ་འབྲོང་འདུལ། སྤ་སྟོན་དཔལ་མཆོག་བཟང་པོར་གཟའ་བདུད་སྡེ་བརྒྱད་འཁོར་བཅས་ཀྱིས་ཆོ་འཕྲུལ་བསྟན་པས་ཁོང་གིས་དེ་དམ་ལ་བཏགས་པའི་རྭ་ཐམ་མམ་གཤེན་གྱི་ཐེའུ་དམར་འདི་ཐོད་པར་ཕོག་པ་ཙམ་གྱི་སྟེང་གདོན་གཟའ་འོག་གདོན་ཀླུ་ལ་སོགས་པའི་གདོན་རིགས་རྣམས་ཐུལ་པ་དང་། ངན་སོང་དོང་སྤྲུག་མཐོ་རིས་ཐར་ལམ་འགོད་ནུས་སོ། ཞེས་དང་། སྤྲུལ་པའི་སྐུ་མཆོག་གཤེན་ཆེན་ཀླུ་དགའི་ཐུགས་སྲས་རིན་ཆེན་རྒྱལ་མཚན་གྱི་དབུ་ཡངས་ལས་འཁྲུངས་པའི་སྐུ་ཡི་རྟགས་སུ་བོན་སྐུ་ཀུན་ཏུ་བཟང་པོའི་སྐུ། གསུང་གི་རྟགས་སུ་སྐྱེ་མེད་ཀྱི་ཡི་གེ་ཨ་དཀར་པོ། ཐུགས་ཀྱི་རྟགས་སུ་མཁའ་འགྲོའི་སྐུ་གར་སྟབས་སུ་བཞུགས་པ། འགྲོ་ཀུན་འདྲེན་པའི་རྟགས་སུ་དབུས་མཐིང་གི་བུ་ག་མཇལ་རྒྱུ་ཡོད། ཐུགས་སྲས་རིན་ཆེན་རྒྱལ་མཚན་གྱི་ཞུ་ཐིག་ལས་འཁྲུངས་པའི་ཡབ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་ལ་ཡུམ་མཁའ་ལ་འདུག་མོ་གཉིས་མེད་དུ་འཁྲིལ་བ། དམུ་གཤེན་ཉི་མ་རྒྱལ་མཚན་གྱི་དབུ་ཡངས་ལས་འཁྲུངས་པའི། ཀུན་བཟང་ལུང་ཆེན་གྱི་མཆོད་རྟེན། གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱི་ཨུ་ཡངས་ལས་འཁྲུངས་པའི་རིང་བསྲེལ་ཆེ་བ་ལྕོག་གའི་སྒོང་ང་ཙམ་ལ་ཡིག་འབྲུ་ཨ་དཀར་པོ་འཁྲུངས་པ། རྟེན་སྒོ་བཞི་མའི་ནང་། ཤར་དུ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱི་དབུ་ཡངས་ལས་འཁྲུངས་པའི་ཨ་དཀར་པོ་རིང་བསྲེལ་གྱིས་བརྒྱན་པ། བྱང་དུ་བསྟན་གཉིས་གླིང་པའི་ཡང་སྲིད་མི་ཕམ་འགྲོ་བའི་མགོན་པོའི་སྤྱན་གཡས་ལས་འཁྲུངས་པའི་ཆུ་ཤེལ་ཟླ་བའི་དཀྱིལ་འཁོར་དུང་གི་དབྱིབས་ཅན། ནུབ་ཏུ་མི་ཕམ་འགྲོ་བའི་མགོན་པོའི་དབུ་ཡངས་ལས་འཁྲུངས་པའི་དབལ་ཆེན་གེ་ཁོད་ཀྱི་ས་བོན་ཨེ་མཐིང་ནག ལྷོ་རུ་མི་ཕམ་འགྲོ་བའི་མགོན་པོའི་དབུ་ཡངས་ལས་འཁྲུངས་པའི་མཁའ་འགྲོའི་སྐུ་གར་སྟབས་སུ་བཞུགས་པ། གཤེན་ཆེན་ཀླུ་དགའི་གཏེར་ཕུར་ཏེ། ཤེལ་ཕུར་ནམ་མཁའི་སྙིང་པོ་ཞེས། ཤེལ་གྱི་ཕུར་པ་སོར་བརྒྱད་པ་ལ། བོན་ཐེག་པ་རིམ་དགུ་བྱ་བ་བོན་སྒོ་དྲུག་ཡོད་པ་སོཊ་ནང་རྟེན་བྱིན་ཅན་ཧ་ཅང་མང་བ་དང་། དེ་བཞིན་ལྷ་ཁང་དང་། སྒྲུབ་ཁང་། དབུ་རྩེ་སོགས་སུ་གཤེན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཕྱག་བྲིས་དང་ཕྱག་བཟོ། སྐུ་གཟུགས་ཀྱི་རྟེན་ཆེ་ཆུང་སྣ་ཚོགས་ཡོད་པ་ཚང་མ་འདིར་བརྗོད་མི་ཚར་རོ། ལུང་ལས། གསས་ཁང་གསེར་སྒོ་ཁྲ་མོ་ལ། གང་མཇལ་ཚེ་འདིའི་ལས་ངན་བྱང་བ་དང་། མཆོག་ཐུན་དངོས་གྲུབ་རེ་དོགས་མེད་པར་ཐོབ། ཅེས་སོ། བར་སྐབས་སྤྱི་མཐུན་ལས་ཀྱི་དུས་འགྱུར་ཆེན་པོའི་སྐབས་ངོ་མཚར་ཁྱད་འཕགས་དེ་དག་དང་རྟེན་གསུམ་རྣམས་ཉམས་གུད་དུ་སོང་། སླར་ཆོས་མགོ་དར་བའི་སྲིད་ཇུས་གངས་ལྗོངས་འཛིན་མའི་ཁྱོན་ལ་ཁྱབ་རྗེས། ད་ལྟའི་སྐུ་འཚོ་བཞུགས་ཀྱི་གཤེན་རིན་པོ་ཆེ་ཉི་ཟླ་དབང་གྲགས་མཆོག་གིས་གཙོ་འགན་བཞེས་གནང་བར་བརྟེན། རྗེས་འཇུག་རྣམས་འབད་པ་གཅིག་མཐུན་གྱིས་རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོར་རྨང་གཞི་བཏིང་བ་དང་ལྕགས་རྟ་ལོར་བསྐྲུན་ཟིན་པ་ཡིན། དེང་སྐབས་གསེར་སྒོ་ཁྲ་མོའི་ནང། རྣམ་འདྲེན་སྟོན་པའི་སྐུ་བརྙན། ཤེས་རབ་རྣམ་པར་རྒྱལ་བ། ཤེས་རབ་བྱམས་མ། དེ་བཞིན་མཛད་པ་བཅུ་གཉིས་དང་། སྤྲུལ་པའི་སྐུ་མཆོག་གཤེན་ཆེན་ཀླུ་དགའ་དང་། དམུ་གཤེན་ཉི་མ་རྒྱལ་མཚན་ལ་སོཊ། གཤེན་གྱི་བླ་རྒྱུད་རིམ་བྱོན་གྱི་སྐུ་བརྙན། ཡི་དམ་གསང་མཆོག་མཐར་ཐུག་ལ་སོགས་དང་། གཤེན་གྱི་བཀའ་སྲུང་སྲིད་རྒྱལ་དྲེའུ་དམར་ལ་སོགས་ཀྱི་སྐུ་གཟུགས། དེ་བཞིན་བཀའ་འགྱུར་བསྟན་འགྱུར་བཅས། སླར་ཡང་ཉམས་པ་སོར་ཆུད་དུ་གྱུར། བླ་བྲང་ནང་གཤང་ཁྲི་ལོ་རྣམ་གྲགས་དང་། ཚེམས་དུང་འཕར་ཆེན་འཕར་ཆུང་། ལྷ་བླ་ཡོན་ཏན་རྒྱ་མཚོའི་ཚེམས་ལས་འཁྲུངས་པའི་བོན་སྐུ་ཀུན་ཏུ་བཟང་པོའི་སྐུ། རྡོ་ཆེན་ཨ་མོ་ལི་ཀའི་རྡོ་ལེབ་ལ་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་ཀུན་མཁྱེན་ཡེ་བློ་སྐུ་མཆེད་གཉིས་ཀྱི་ཞབས་རྗེས་ཕར་ནང་ཚུར་ནང་དུ་གསལ་བོ་མཇལ་རྒྱུ་ཡོད་པ། གཤེན་ཉི་མ་དགུང་ལོ་ལྔ་པའི་སྐབས་ཀྱི་ཕྱག་རྗེས། གཤེན་ཁྲི་གཙུག་བསྟན་འཛིན་གྱིས་རྡོ་ལ་ཕྱག་མཛུབ་ཀྱིས་རྗེས་ཡོད་པ། གཤེན་ཉི་མས་རྡོ་ཕ་བོང་ངོས་ཕྱག་མཛུབ་ཀྱིས་ཨ་དཀར་ས་ལེ་བྲིས་ཡོད་པ་སོགས་རྟེན་གསུམ་རྣམས་ད་ལྟ་ཡང་མ་ཉམས་པར་མཇལ་ཆོས་སུ་གྱུར་བ་ཡིན། རྟེན་མཆོག་འདི་རྣམས་མཇལ་ཞིང་གསོལ་བཏབ་ཚེ། ཐེག་ཆེན་ལམ་བགྲོད་དོན་གཉིས་ལྷུན་གྲུབ་བོ། ཞེས་སོ། ལོ་ལྟར་དུས་ཚོགས་ཀྱང་རྩེ་རི་རྒྱལ་དགོན་གྱི་བླ་གྲྭ་རྣམས་འདིར་བོད་ཟླ་༡༡པའི་ནང་ཚོགས་ཏེ། ཁྲོ་བོ་ངོ་མཚར་རྒྱས་བཟློག་གི་གཏོར་ཟོར། རོལ་པ། དབལ་བོན་སྟག་ལྷ་མེ་འབར་གྱི་བསྲུང་བཟློག་བསད་གསུམ། དེ་བཞིན་སྟོང་རྒྱུང་བརྔན་མདོས། སྤྱི་ལྟར་བཀའ་སྲུང་སྲིད་རྒྱལ་དྲེའུ་དམར་ནག་ལ་སོགས་བོན་སྐྱོང་ཡོངས་ཀྱི་སྐང་མདོས། ཁྲོ་བོ་བརྒྱ་བདོན་སོགས་གྲུབ་རྗེས་ཉི་ཤུ་བརྒྱད་ཉིན་ནང་འཆམ་དང་། ཉི་ཤུ་དགུ་ཉིན་གར་འཆམ་དང་འབྲེལ་ཁྲོ་བོའི་ཕྱག་བརྒྱའི་ལག་ལེན་ནང་ལྟར་དགུ་གཏོར་འཆམ་དང་། སྟག་འཆམ། ཤྭ་བའི་འཆམ། སྲིད་རྒྱལ་དུས་དྲུག་ལ་སོགས་འཆམས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་དང་། སྒོས་སུ་དམུ་གཤེན་གདུང་རྒྱུད་ལ་བར་ཆད་རྐྱེན་བགེགས་རྣམས་བཟློག་ཕྱིར་དང་། གནམ་གང་ཉིན་མ་ཡུམ་མཆོད་པ་ཞེས། མཆོད་པ་སྟོང་མཚན་རྒྱས་པ་འདོན་གྱི་ཡོད། དེ་ནི་གཤེན་ཚང་གི་ཡུམ་ཞིག་གནམ་གང་ལ་སྐུ་གཤེགས་པས། དེ་ལྟར་མ་ཡུམ་མཆོད་པ་ཞེས་བརྗོད་སྲོལ་འདུག་སྟེ། ལོ་ལྟར་དགུ་གཏོར་རྗེས་གནམ་གང་ཉིན་ཚོགས་པ་དང་མ་འགྱུར་འགྲོ་ཀུན་བདེ་སྐྱིད་དང་བླ་མེད་གཡུང་དྲུང་གི་སྙིང་པོ་ཐོབ་ཕྱིར་སྨོན་འཇུག་གི་རྒྱས་འདབ་ཀྱི་ཡོད། །

  གསུམ་པ། རི་རྒྱལ་དགོན་གྱི་ལོ་རྒྱུས་ལ། དམུ་རྒྱལ་གཤེན་གྱི་གདན་ས་ཆེན་མོ་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་ནི། གོང་ལྟར་མཁན་རབས་༼༡༽གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ཕྱག་བཏབ་པ་ཞིག་ཡིན་ཞེས་སྐྱེས་ཆེན་དཔྱོད་ལྡན་རིམ་བྱོན་དང་རྒན་རབས་བླ་གྲྭ་རྣམས་ཀྱི་ཞལ་རྒྱུན་རྣ་བར་སོན་པ་དེ་ཡིད་ཡུལ་དུ་འཇགས་པ་ཅི་མཆིས་ཁོ་བོས་ཀྱང་ཕྱར་གྲུ་མཉམ་འདེགས་ཀྱིས་བསམ་སྦྱོར་དཀར་པོས་ཀུན་ནས་བསླངས་ཏེ་ཅུང་ཙམ་དཔྱད་པ་ན། དམ་པ་ཁོང་གི་རྣམ་ཐར་ནང་། དར་སྡིངས་གསེར་སྒོ་གཤེན་གྱི་གདན་ས་སོགས་དགོན་གནས་ཆེ་ཆུང་སུམ་ཅུ་སོ་གསུམ་བཏབ་ཅེས་པའི་ནང་གཤེན་གྱི་གདན་ས་རྩེ་རི་རྒྱལ་དགོན་འདི་ཉིད་འཚུད་འདུག་སྟེ། སྙན་བརྒྱུད་ཀུན་བཟང་ཨ་སྐོར་ལས། རི་རྒྱལ་དགོན་རྩེའི་ཡང་དབེན་དུ། མཁན་ཆེན་བསོད་རྒྱལ་དཔལ་ལ་གསོལ་བ་འདེབས། ཞེས་པ་ལས་ཀྱང་ཟུར་ཙམ་རྟོགས་པ་དང་། གཤེན་ཉི་མའི་རྣམ་ཐར་ལས། དེ་ནས་གདན་སར་ཕེབས་ནས། རི་བོ་གླང་ཆེན་འགྱིང་འདྲའི་གནས་རི་རྒྱལ་དགོན་རྩེར་སྤྲུལ་པའི་གཙུག་ལག་ཁང་ཆེན་མོ་དང་བླ་བྲང་སྤེའུ་གཉིས་བཅས་ནོར་བུ་རྩེ་གསུམ་གྱི་ཚུལ་དུ་བཞེངས་ཞེས་པ་ལས། རྟེན་གཞི་རི་རྒྱལ་དགོན་གོང་ནས་ཡོད་པ་ཤུགས་ལས་བསྟན་པ་ནས་ཀྱང་དམ་པ་འདི་ཉིད་དགོན་འདི་ཕྱག་འདེབས་མཁན་དེ་ཡིན་པ་གསལ་པོར་མངོན། དེ་ནས་རིམ་བཞིན༼༢༽མཁན་ཆེན་བསོད་རྒྱལ་དཔལ་བསྟན་པའི་བདག་པོ་ལྟར་འགྲོ་དོན་མཛད་དེ། སྟོང་རྒྱུང་གི་ཞལ་ནས་ང་ཡི་བྱིན་གྱི་བརླབས་པའི་བུ། གཤེན་གྱི་གདུང་འཛིན་དཔལ་གྱི་མཚན། བསླབ་གསུམ་བདེན་གཉིས་གོང་མ་ཡིས། འགྲོ་བ་མང་པོ་ཐར་པར་འདྲེན། སྐུ་ཚེ་སྨད་ལ་རབ་ཏུ་བྱུང་། ཞེས་སོ། ༼༣༽མཁན་ཆེན་རྣམ་དག་དྲི་མེད་ནི། ལུང་ལས། ཡོངས་སུ་དག་པའི་སྤྲུལ་པ་ལས། གཤེན་ལ་རྣམ་དག་དྲི་མེད་བྱ་བ་བྱུང་། ཞེས་ཁོང་གི་དཀའ་སྐྱོང་སྡེ་བཞིའི་འཆམ་སྐུ་བཞེངས་ནས། ཡེ་ཤེས་པ་བཞུགས་རྟེགས་སུ་རང་འགྲོས་ནུས་པའི་གཟི་འོད་འབར་ཡང་རིགས་ངན་ཁ་ཤས་ཀྱིས་བྱིན་རླབས་ཡོད་མིན་སྨྲ་དུས་ཕྱག་ནས་སྐུ་རྟེན་དང་རྒྱབ་ལོགས་ཀུན་ལ་གཏོར་བས་འབྱར་གཟུགས་མཛད་པར་བྱིན་ཆགས་ཡོད་མེད་ལྟོས་གསུང་བཞིན་དུས་ཕྱིས་བར་དུ་སྣང་ངོ། ༼༤༽མཁན་ཆེན་བདག་པོ་དཔལ་ལྡན་རྣམ་རྒྱལ་ནི། ལུང་ལས། བེེ་རོ་ཙ་ནའི་སྤྲུལ་པ་ལ། གཤེན་ལ་རྣམ་རྒྱལ་མིང་ཅན་བྱུང། ཞེས་དང་། ཁོང་རྒྱ་ནག་ལ་ཕེབས་ནས་ཆེ་རྟགས་སུ་རྒྱ་ནག་གི་ཕྱག་ཐམ་བཞེས་པ་ལ་སོཊ་འགྲོ་དོན་ཕྱོགས་མེད་མཛད་དོ། ༼༥༽མཁན་ཆེན་དབང་གྲུབ་རྒྱལ་མཚན་ནི། དར་སྡིངས་སུ་གཤེན་རྣམ་དག་དྲི་མེད་ལས་རབ་ཏུ་བྱུང་ཞིང་། ཐོས་བསམ་སྒོམ་གསུམ་ལ་བློ་སྦྱངས་འགྲོ་དོན་ཕྱོགས་མེད་དུ་མཛད་པའོ། །༼༦༽མཁན་ཆེན་མཚན་ལྡན་བཟང་པོ་དཔལ་ནི། འབྲིག་མཚམས་གཤེན་གྱི་གདུང་ལས་འཁྲུངས་པ་སྟེ། བཞད་དུ་བྱོན་ནས་དར་སྡིངས་བསྟན་རྒྱུན་བསྐྱངས། སྐུ་ཚེ་མཐར་ཕྱིན་འཕྲིན་ལས་རྒྱ་ཆེར་བྱུང་། དེ་ནས་རིམ་བཞིན་རི་རྒྱལ་དགོན་རྩེ་ཡི། མཁན་བརྒྱུད་ན་རིམ་གཙང་བརྡོལ་མཆེད་བར་དང་། སློབ་བརྒྱུད་ཞང་སྟོན་བསོད་ནམས་རིན་ཆེན་དང་། རོང་སྟོན་ཤེས་རབ་འོད་ཟེར་ལ་སོགས་པའོ། །༼༧༽དེ་རྗེས་མཚན་བརྗོད་པར་དཀའ་བའི་སྐྱེས་བུ་ཆེན་པོ་གངས་ཅན་སྟོན་པའི་རྒྱལ་ཚབ་དམུ་དབང་ཉི་མ་རྒྱལ་མཚན་ཞེས། དཔལ་གསང་མཆོག་རྒྱལ་པོའི་ཐུགས་ཀྱི་སྤྲུལ་པ་བསྟན་དང་འགྲོ་བའི་དོན་དུ་སྐུ་སྐྱེ་བ་བཅུ་དྲུག་བཞེས་པའི་ནང་ཚན། འཁྲུངས་རབ་ལས། གདན་སའི་གནས་སུ་ཉེ་བར་འཁོད་ཅེས་གསུངས་པ་ལྟར། རྒྱལ་འཕགས་གོང་མ་རྣམས་ཀྱིས་བྱིན་གྱིས་རླབས་པའི་གནས་དཔལ་དང་ལྡན་པ་དར་སྡིངས་གཤེན་གྱི་ཕོ་བྲང་ཉམས་དགའ་བ་རུ་ཡབ་དམུ་གཤེན་མཆོག་ལེགས་རྒྱལ་མཚན་དང་། རྟོགས་ལྡན་ནམ་མཁའ་བློ་ལྡན་གྱིས་བྱིན་རླབས་པའི་གསང་ཡུམ་ཨ་ནེ་མཁའ་འགྲོའི་སྤྲུལ་པ་གཉིས་ལས་རབ་བྱུང་དྲུག་པ་ལྕགས་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ༼༡༣༦༠ལོར༽སྐུ་སྐྱེ་བ་མི་རུ་བཞེས། ཆུང་ནས་ཀུན་བཟང་དགོངས་པར་གཡོ་མེད་ཅིང་། དངོས་སྣང་རིག་འཛིན་མཁའ་འགྲོས་འབྲལ་མེད་བཀུར། དགུང་ལོ་གསུམ་ནས་གྲུབ་རྟགས་ངོ་མཚར་བསྟན། ཕྱི་ནང་རིག་གནས་མདོ་སྔགས་གཞུང་བརྒྱར་མཁས། དགོངས་གཏེར་གླེགས་བམ་ཆེན་པོ་བཅུ་གཉིས་བསྩལ། མཆོག་དངོས་ཡི་དམ་ལྷ་དང་གཉིས་སུ་མེད། རྒྱལ་བའི་བསྟན་པ་ཉི་མོར་མཛད་པའོ། །འཁྲུངས་རབ་ལས། དམ་པའི་ཐུགས་རྗེས་ཉེར་བཟུང་ནས་ཞེས། རྒྱས་པ་རྣམ་ཐར་མོས་ལྡན་ཐར་པའི་ལམ་འདྲེན་ནང་གསལ། འདིར་སྤྱི་ལོའི་དུས་རབས་བཅུ་བཞིའི་ནང་སྟེ། དམུ་གཤེན་ཉི་མ་རྒྱལ་མཚན་མཆོག་དགུང་ལོ་སུམ་ཅུ་བཞེས་པའི་ཐོག་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་ཕྱོགས་ཀུན་ནས་རྒྱ་ཆེར་གཏོང་གནང་བཞིན་སྤྲུལ་པའི་གཙུག་ལག་ཁང་ཆེན་དང་། བླ་བྲང་སྤེའུ་གཉིས་བཅས་ནོར་བུ་རྩེ་གསུམ་གྱི་ཚུལ་དུ་བཞེངས་པ་ནས་བཟུང། རིམ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ། སྤྱིར་གླིང་སྟོད་ན་གཤེན་ཚང་གི་རྩེ་བླ་བྲང་། གླིང་དཀྱིལ་ན་སྤྱི་ས་ཞེས་ཚོགས་ཆེན་དབུ་རྩེ་སྒྲུབ་ཁང་སོགས་དང་། གླིང་སྨད་ན་བོད་ཁམས་གྲྭ་ཚང་ཁང་ཚན་གཉིས། གླིང་ཟུར་ན་གཡུ་ཁང་བླ་བྲང་ཞེས་མཁན་རབས་རིམ་བྱོན་རྣམས་ཀྱི་བཞུགས་གནས་དང་སྐུ་འབུམ་རིག་འབྱེད་ཁང་ངམ་སྐུ་འབུམ་གཟིམ་ཤག་ཅེས། གཤེན་མཁས་གྲུབ་རིམ་བྱོན་གྱི་བཞུགས་གནས། དེ་རྣམས་ཀྱི་བར་ན་བླ་བྲང་དང་གྲྭ་ཤག་བསྙེན་སྒྲུབ་ཀྱི་ལྷ་ཞལ་འབྱུང་གནས་མང་པོ་ཞིག་ལས་གྲུབ་པ་ཞིག་ཡིན། གླིང་དཀྱིལ་གཙོ་བོའི་དབུ་རྩེ་ན་རྟེན་གཙོ་བོ་ནི། རྟོགས་ལྡན་ནམ་མཁའ་བློ་ལྡན་གྱིས་རྟ་སྒོའི་གཙང་འགྲམ་ནས་བྱེ་མ་བླངས་ཏེ་གསེར་དུ་འགྱུར་ནས་གཤེན་ཉི་མ་ལ་འཕུལ་བས། གང་གིས་དེའི་གསེར་ཕུད་ལས་བདུད་སྲིན་བགེགས་ཀྱི་ཟིལ་གནོན་དུ་གསང་མཆོག་མཐར་ཐུག་རྒྱལ་པོའི་སྐུ་བརྙན་བཞེངས་སུ་གསོལ་བ་བཞུགས། དེ་བཞིན་འདས་པའི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་དགུང་ལོ་ལྔ་པའི་སྐུ་ཚད་དང་། ད་ལྟ་འདྲེན་པའི་སྟོན་པ་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་དགུང་ལོ་བརྒྱད་པའི་སྐུ་ཚད་ཙམ་ཞིག་ཡོད་པ་དེའི་དབུ་ཡི་གཙུག་གཏོར་ན་རྒྱལ་བ་གཤེན་རབ་ཀྱི་ཤ་རི་རམ་བྱ་ངང་པའི་སྒོ་ང་ཙམ་དང་ཐུགས་ཀ་ན་རྒྱལ་པོ་ཀུན་དགའ་འོད་ཀྱིས་བཞེས་པའི་ནོར་བུ་དཀར་ལ་འཚེར་བ། ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་འོལ་མོ་ལུང་རིང་ནས་སྤྱན་དྲངས་པ་དེ་བཞུགས་པས་རྟེན་འདིར་རྟག་གཟིགས་འོལ་མོ་ལུང་རིང་ནས་འོད་ཟེར་གྱི་ཉག་ཐག་རྒྱུན་མ་ཆད་པར་འཕྲོ་བ་དང་རྒྱལ་ཕུར་འགྲུབ་སྦྱོར་སྐབས་ཐུགས་ཀར་བྱིན་བརླབས་ཀྱི་དྲོད་ནུས་འབར་བས། མར་དང་འཁྱག་པ་བཞག་ཚེ་སྐད་ཅིག་ལ་བཞུར་འགྲོ་བའི་ཁྱད་བོན་ངོ་མཚར་ལྡན་པ་འདི། མཐོང་ཐོས་དྲན་རིག་འདྲེན་པ་སྨོན་ལམ་གང་བཏབ་འགྲུབ་པའི་རྟེན་མཆོག་ཁྱད་པར་ཅན་དང་། སླད་བྱོན་གྱི་སྟོན་པ་ཐང་མ་མེ་སྒྲོན་དགུང་ལོ་བཅུ་བའི་སྐུ་ཚད་བཅས་དེ་གསུམ་གྱི་རྒྱབ་ཡོལ་ལ་ལོ་པཎ་གཤེན་གྱི་མཆོད་རྟེན་དབུ་ལྔ་པ་དེའི་གཟུངས་འཇུག་ཏུ་སྐལ་བཟང་སངས་རྒྱས་སྟོང་གི་སྐུ་བརྙན་བཞུགས་ཡོད་པ། རྟེན་འདི་རྣམས་ཀྱི་ཤར་ན་རྣམ་པར་རྒྱལ་བའི་སྐུ་རྒྱབ་ཡོལ་ཁྲི་དྲུག་བརྩེགས་ཡིན་པ། ནུབ་ན་གཤེན་གསང་བ་འདུས་པའི་སྐུ་རྒྱབ་ཡོལ་ལ་སྟོད་ཀྱི་བླ་མ་ཆེ་དྲུག་བར་གྱི་གདུང་རྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མི་བཞི་ལ་སོགས་པས་བརྒྱན་ཡོད། དེ་རྣམས་ཀྱི་མདུན་དུ་ལྷག་པར་སྟོན་པ་གསུངས་བྱོན་ལ་ཕྱག་གདུབ་ཞབས་གདུབ་གསོལ་ནས་དབུ་རྒྱན་སྒྲོན་མཁར། ང་འདི་ཀ་རང་ལ་ཞོག་ཅིག་གསུང་ནས་གསུང་བྱོན། ཇུན་གར་བའི་དཔུང་དམག་གིས་བསྟན་པར་ཐོ་བརྩམས་སྐབས། བསྟན་འདིར་གནོད་པས་ཁྱོད་ལ་ཉེས་པ་ཤིན་ཏུ་ཆེ་གསུང་ནས་མཐར་བསྐྲད་པ། གནམ་ནས་ཆར་ཆད་རྩི་ཏོག་ལ་སོགས་མེད་པའི་དུས་ཤིག་ཨ་མཆོད་ང་ལྷ་ཁང་སྟེང་དུ་འཁྱོལ་གསུང་ནས་ཆར་འབབ་པ་བྱུང་། རྗེས་སུ་ཆར་མི་འབབ་པའི་དུས་གང་ཉིད་ལ་སྐུ་ཁྲུས་བྱས་ན་ཆར་བབས་པ་ལ་སོགས། ཤིན་ཏུ་བྱིན་ཆེ་བའི་སྟོན་པ་གསུང་བྱོན་དུ་གྲགས་སོ། དེ་བཞིན་བྱམས་མ་གསུང་ བྱོན་མདའ་ཚད་ཙམ་ཞིག་དེ་ནི་སྔར་བོད་རྒྱལ་ཁྲི་རལ་པ་ཅན་གྱི་སྐུ་དུས་ལ་གྲུབ་པ་ཞིག་ཡིན་ཞིང་འབྲིག་མཚམས་གཤེན་གྱི་བླ་བྲང་ནས་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་དགོན་འདིའི་རྟེན་གཙོར་གདན་དྲངས་པ་ཡིན་ཞེས་རྟེན་བཤད་ལས་གསལ། གཞན་ཡང་རྫོགས་སྐུ་མཁའ་འགྱིང་དཀར་པོའི་སྐུ་བརྙན། ཡབ་མཆོག་ལེགས་རྒྱལ་མཚན་གྱི་སྐུ་མདུང་། མཁན་ཆེན་བསོད་རྒྱལ་དཔལ་ལ་སོགས་མཁན་རབས་རིམ་བྱོན་གྱི་སྐུ་གདུང་སོཊ། རྟེན་བྱིན་བསམ་ལས་འདས་པ་རྣམས་སྐྱེ་འགྲོ་དྲག་ཞན་སུ་ཡིན་རུང་མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བར་ནུས། འདུ་ཁང་ནང་གཤེན་གྱི་མཁན་རབས་རིམ་བྱོན་གྱི་གསེར་ཁྲི། ལྡེབས་རིས་སུ་བདེ་གཤེགས་སྟོང་སྐུ། མཛད་པ་བཅུ་གཉིས་དང་ཆོ་ག་བཅུ་གཉིས་སོགས་བཞུགས་པར་གསུངས། སྒྲུབ་ཁང་དུ་དམུ་དབང་ཉི་མ་རྒྱལ་མཚན་མཆོག་ལ་སྔོན་མོ་འབྲུག་མགོ་ཞལ་བསྟན་ཅིང་ཕྲིན་ལས་བསྒྲུབ་པ་ཞལ་གྱིས་བཞེས། ཞལ་གཟིགས་ནང་ལྟར་གྱི་ཞལ་འབགས་གཤེན་ཉི་མའི་ཕྱག་བཟོ་འཁྲུལ་མེད་བྱིན་ཅན་བཞུགས། གཞན་ཡང་མ་རྒྱུད་རྒྱ་བ་རྒྱ་མཚོའི་ཞིང་ཁམས་སུ་འཕེབས་ནས། དབང་བསྐུར་ལུང་བསྟན་ཐོབ་ཚུལ། མཇལ་སྣང་ལུ་གུ་རྒྱུད་ཀྱི་གཏེར་ཕྲེང་། ལྷ་མོ་བཟང་བཟའ་རིང་བཙུན་དང་དྲིས་ལན་མཛད་ཅིང་། གཟུངས་ཐག་ནོར་བུའི་རྟོགས་བསྒྲིལ། དེ་བཞིན་ བཀའ་སྲུང་བོན་སྐྱོང་སྤྱི་ལྟར་ལ་ཁྱད་པར་སྲིད་རྒྱལ་དྲེའུ་དམར་ཅན་དང་། ལྷ་བཙན་དམག་དཔོན། གདོང་ནག་མོ། སྒྲ་ལྷའི་རྒྱལ་མོ། སྒེར་སྲུང་བཙན་རྒྱལ་ཐོག་རྒོད་འབར་བ་བཅས་ཀྱིས་བཀའ་ཉན་བྲན་ལྟར་བསྒྲུབས་པའོ། སྒོ་མཆོར་ཐེམ་ནང་གི་རྡོ་ལ་དམུ་དབང་མཆོག་གི་ཞབས་རྗེས་བཞག་གནང་ཡོད་པས། འདི་ཡན་ལ་འདྲེ་འདོན་མི་ཡོང་བ་དང་། རྣམ་པར་ཤེས་པ་འཛུལ་ཚད་ངན་སོང་དུ་མི་ལྟུང་བ་དམུ་དབང་ཉི་མས་ཞལ་གྱིས་བཞེས་སོ། །

   རྩེ་བླ་བྲང་ཞེས་གཤེན་ཚང་གི་བླ་བརྒྱུད་རིམ་བྱོན་གྱི་བཞུགས་གནས་ཡིན། དེའི་ནང་རྟེན་ནི། བདེར་ གཤེགས་གཙོ་བོ་བཞིའི་སྐུ་བརྙན་དང་། སྲིད་རྒྱལ་དྲེའུ་དམར་གྱི་སྐུ་གཟུཊ་འབྲིག་མཚམས་མཐའ་དཀར་གྱི་གཏེར་མ་ཁྲུ་གང་ཙམ་ཞིག་དང་། གཞན་ཡང་ཙན་དན་ལས་གྲུབ་པའི་དྲེའུ་དམར་གྱི་སྐུ། དམུ་དབང་ཉི་མ་རྒྱལ་མཚན་གྱི་འཁྲུངས་རབས་བཅུ་དྲུག་སོགས་བཞུགས།། ཁམས་པ་གྲྭ་ཚང་གི་ནང་རྟེན་གཙོ་བོ་ནི་དགེ་སྡིངས་མངོན་དགའ་ཕོ་བྲང་ནས་གདན་དྲངས་པའི་སྟོན་པའི་སྐུ་ནམ་མཁར་འཕགས་པ་འདིའི་ལོ་རྒྱུས་ལུང་དང་དཀར་ཆག་ལྟར། ད་དུང་གཤེན་རབ་བྱམས་མའི་སྐུ་དང་གཤེན་ཉི་མའི་འཁྲུངས་རབས་ལྟར་འདྲ་སྐུ་བཅུ་དྲུག་སོགས་མང་ངོ་།། བོད་པ་གྲྭ་ཚང་གི་རྟེན་གཙོ་བོ་ནི། གཤེན་རབ་རྣམ་པར་རྒྱལ་བའི་སྐུ། བྱམས་མ། སྟོན་པའི་སྐུ་བཅས་གསུམ་དང་། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའི་ཚེམས་ལས་འཁྲུངས་པའི་སྐུ་རྟེན་དུ་བོན་སྐུ་ཀུན་ཏུ་བཟང་པོ་རང་བྱོན། གསུང་རྟེན་དུ་སྐྱེ་མེད་ཀྱི་ཡི་གེ་ཨ་རང་བྱོན། ཐུགས་རྟེན་དུ་རིང་བསྲེལ་ཤ་རི་རམ་སྲན་འབྲུ་ཙམ་ཀུན་ལ་མཇལ་བ་ཙམ་གྱི་ངན་སོང་འཁོར་བར་སྐྱེ་མི་སྲིད། ཞེས་དང་། སྤ་སྟོན་དཔལ་མཆོག་བཟང་པོས་གཟའ་བདུད་དམ་ལ་བཏག་སྐབས། གཟའ་བདུད་ཀྱིས་ཐོག་ཕབ་པའི་ཐོག་ལྕགས་དྲན་པ་བདུད་འདུལ་གྱི་སྐུ་གཟུགས་བཅས་བཞུགས།། གཡུ་ཁང་བླ་བྲང་གི་ནང་རྟེན་གཙོ་བོ་ནི། ཁྱུང་པོ་ནང་ཆེན་གྲགས་པས་བཞེངས་པའི་དངུལ་སྐུ་བཅུ་གསུམ་ཡོད་པའི་ནང་ཁྱད་དུ་འཕགས་པ་དངུལ་སྐུ་བཀྲ་ཤིས་འོད་འབར་ཞེས། སྐུ་དེ་རྣམས་བཞེངས་པའི་སྐབས་ཞག་ཅིག་ནང་ཁོང་གིས་མ་བཟོས་པར་རང་བྱུང་དུ་འཁྲུངས་པ་དེ་དང་། སྟོན་པའི་ཚེམས་དུང་འཕར་ཆུང་ཐོས་པ་རང་གྲོལ་ལ་ཡིག་འབྲུ་ཨ་རང་བྱོན་ཡོད་པ། མི་འགྱུར་བའི་རྟགས་སུ་བུ་ག་མཇལ་རྒྱུ་ཡོད། དེ་བཞིན་ཆུ་ཤེལ་ཀླུ་ཡི་གཏེར་ཁ་དང་། དམུ་གཤེན་ཉི་མ་རྒྱལ་མཚན་ལ་བཀའ་སྐྱོང་ཡེ་ཤེས་དབལ་མོས་ལུང་བསྟན་པ་ལྟར་ཁོང་གི་ཕྱག་བཟོས་མ་བརྒྱུད་གསང་མཆོག་མཐར་ཐུག་གི་སྐུ་བརྙན། གཞན་ཡང་རྣམ་པར་རྒྱལ་བ། ཀུན་བཟང་ཨ་སྐོར་སོགས་འབྲིག་མཚམས་ལྷོ་གཏེར་འདི་དག་ལ། ཞལ་མཇལ་གསུང་ཐོས་འཁོར་བའི་གནས་ལས་གྲོལ། ཞེས་དང་། དབུས་མཐིང་ལྷ་ཁང་དུ། དམུ་གཤེན་ཉི་མ་རྒྱལ་མཚན་གྱི་ཕྱག་བཟོས་དབལ་བོན་སྟག་ལྷའི་སྐུ་གཟུགས། གཤེན་ལྷུན་གྲུབ་དཔལ་བཟང་གི་ཕྱག་བཟོས་བསྟན་སྲུང་མ་བདུད་བཙན་རྒྱལ་བཞིའི་སྐུ་གཟུགས་དང་། གྱད་དམག་རྒྱལ་ཆེན་གཟེ་བརྒྱད་སོགས་ཀྱི་སྐུ་གཟུགས་བཞུགས་པར་གྲགས།། སྐུ་འབུམ་རིག་དཔྱད་ཁང་གི་རྟེན་གཙོ་བོ་ནི། སྟོན་པ་ལོངས་སྤྱོད་རྫོགས་སྐུ་དང་། མཁན་རབས་མང་པོའི་བླ་སྐུ་སོགས་མང་ངོ། དེ་བཞིན་གསུང་རབ་གླེགས་བམ་ཧ་ཅང་མང་བའི་ནང་མཁས་གྲུབ་རྣམ་པའི་ཕྱག་བྲིས་དང་། ལྗགས་རྩོམ་མང་པོ་ཡོད་པར་གྲགས། སྤྱིར་དགོན་འདིར་ལྷ་ཁང་ཆེ་བ་བདུན་བརྒྱད་ཙམ་ཡོད་པའི་ནང་རྩ་ཆེའི་གསུང་རབ་སྙན་བརྒྱུད་དང་གཏེར་མ་ལ་སོགས་མང་བ་དང་། མཆོད་རྫས་དང་། རོལ་མོ། དུང། རྒྱ་གླིང་ལ་སོགས་རྩ་ཆེན་ཤིན་ཏུ་མང་བས་འདིར་དེ་ཙམ་འཐུས་པར་བྱས་སོ། །

བཞི་པ། དགོན་འདིའི་མཁན་རབས་རིམ་བྱོན་ནི་དམུ་དབང་ཉི་མ་རྒྱལ་མཚན་ཡན་མཁན་རབས་བདུན་གོང་དུ་བསྟན་ཟིན་ནས། དེ་རྗེས༼༨༽མཁན་ཆེན་ཁྲི་འོད་རྒྱལ་མཚན་ནི། རིམ་གཉིས་མཐར་སོན་བསྟན་འགྲོའི་དོན་ཆེན་མཛད། ༼༩༽མཁན་ཆེན་ཚུལ་ཁྲིམས་འོད་ཟེར་ནི། རྒྱལ་རོང་དུ་འཁྲུངས་དབུས་གཙང་གྲྭ་སར་བྱོན། གཤེན་གྱི་གདན་ས་རྩེ་ཡི་མཁན་པོ་མཛད། མདོ་སྔགས་བརྒྱུད་གཞུང་དོན་མཁས་ཕྱག་བཞེས་སོགས། བསྟན་བཅོས་མང་མཛད་གཤེན་བསྟན་དར་རྒྱས་སྤེལ།༼༡༠༽ལི་ཕྱི་ཧ་རའི་སྤྲུལ་པ་ནི། མཁན་པོ་ནམ་མཁའ་རྒྱལ་མཚན་ཞེས། དྲང་སྲོང་ཁྲིམས་བཞེས་བསླབ་སྡོམ་གྱི། འཆད་ཉན་བསྟན་དོན་རྒྱ་ཆེར་མཛད།༼༡༡༽རྒྱལ་བ་ལྷུན་གྲུབ་གཙུག་ཕུད་འོད་ཟེར་ནི། གྲུབ་མཐའི་རིང་ལུགས་ལྷུན་གྱི་གྲུབ་མཛད་ཅིང་། བསྙན་སྒྲུབ་མཐར་རུ་ཕྱིན་ཏེ་འགྲོ་དོན་མཛད།༼༡༢༽བྷི་མ་མུ་ཏྲའི་སྤྲུལ་པ་སྒོ་ཛོ་བ། བློ་གྲོས་རྒྱལ་མཚན་ཡུལ་ནི་རྒྱལ་རོང་སྟོད། སོགས་ཏིང་སྤོ་ཟ་བྱ་བར་སྐུ་འཁྲུངས་ཤིང་། དགུང་ལོ་ཉེར་ལྔར་ཁྲི་བརྟན་ནོར་རྩེ་ཡི། གསེར་ཁྲིར་ཕེབས་ཤིང་བསྟན་སྤེལ་འགྲོ་དོན་མཛད། སུམ་བཅུ་རྩ་བདུན་ལོ་ལ་དབྱིངས་སུ་གཤེགས།༼༡༣༽ སྟོང་རྒྱུང་སྤྲུལ་བ་རྣམ་དག་འོད་ཟེར་ནི། གཤེན་སྟོན་གཙུག་ཕུད་འོད་དང་རོང་སྟོན་སོགས། བསྟེན་ཅིང་མཁས་གྲུབ་དུ་མའི་མཛེས་རྒྱན་གྱུར། དགོན་རྩེའི་མཁན་བཞུགས་བསྟན་བཅོས་ལྗགས་རྩོམ་མང་།༼༡༤༽མཁན་པོ་རྒྱལ་བ་ཚེ་དབང་ལྷུན་གྲུབ་ནི། བསླབ་གསུམ་ཁྲིམས་གཙང་བཤད་སྒྲུབ་བསྟན་པ་སྤེལ།༼༡༥༽པཉྩ་རྒྱལ་བ་འོད་ཟེར་མེ་ཕག་ལོར་འཁྲུངས། མདོ་སྔགས་ཀུན་ལ་མཁྱེན་སྤྱོད་རབ་ཡངས་ཤིང། རྫོགས་ཆེན་བསྟན་པ་སྤེལ་ཞིང་འགྲོ་དོན་མཛད། ༼༡༦༽མཁན་པོ་ཡོངས་འཛིན་ནམ་མཁའ་དབང་གྲུབ་རྗེ། སྡེ་སྣོད་ཀུན་ལ་མཁས་པ་ཕུལ་དུ་ཕྱིན། བུ་སློབ་སྟོང་ཕྲག་ཚོགས་ལ་བོན་འཆད་ཅིང་། གཤེན་བསྟན་འཛིན་སྐྱོང་སྤེལ་ བའི་འགྲོ་དོན་མཛད།༼༡༧༽མཁན་ཆེན་ཚེ་དབང་མཆོག་ལེགས་རྣམ་རྒྱལ་ནི། བཀའ་ལུང་གང་ལ་ཐུགས་སྦྱོང་བརྩོན་འགྲུས་ལྡན། ལྷག་པར་དགོན་འདིར་མཛད་འཕྲིན་རྒྱས་པར་མཛད། དེ་རྗེས༼༡༨༽མཁན་ཆེན་མི་འགྱུར་གཙུག་ཕུད་དབང་གི་རྒྱལ་པོ་ཞེས། མཚན་གྱི་གྲཊ་སྙན་དབྱར་རྔའི་སྒྲ་ལྟར་སྒྲོགས་པ་དེ་ཉིད་ནི། ཡབ་དམུ་རིཊ་གདུང་རྒྱུད་དམུ་གཤེན་ཚེ་དབང་མཆོག་ལེགས་རྣམ་རྒྱལ་དང་ཡུམ་སྡིངས་ཀ་མ་གཉིས་ལས་རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ༼སྤྱི་ལོ་༡༧༥༧ལོར༽དགེ་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་འཁྲུལ་བ་མེད་པའི་ཤེས་རབ་ཆེ་བ། འདིར་སྣང་སྒྱུ་མར་མཁྱེན་པ། སྔོན་ནས་སྦྱངས་བའི་སྟོབས་དང་ལྡན་པའི་རྟགས་སུ་བོན་ཕྱི་ནང་གསང་གསུམ་སོགས་སྡེ་སྣོད་གང་ལ་ཡང་ཐོགས་པ་མེད་པར་མཁྱེན་ཞིང་། དགུང་ལོ་ཉེར་གཉིས་ལ་སོ་ཐར་གྱི་སྡོམ་པ་དྲང་སྲོང་ཆིག་རྫོགས་སུ་ཞུས་ཏེ། མཚན་མི་འགྱུར་གཙུག་ཕུད་དབང་གི་རྒྱལ་པོ་ཞེས་པ་གསོལ་ཞིང་། བྱེ་བྲག་ཏུ་མཁས་དབང་གཡུང་དྲུང་བསྟན་འཛིན་གྱི་དྲུང་ནས་རིག་པའི་གནས་ལྔ་དཔྱིས་ཕྱིན་པ་བཞེས་ཏེ་མཚན་གཙང་གཤེན་ཞེས་པའི་མི་ཏྲར་གསོལ། དེ་ནས་དགུང་ལོ་ལྔ་བཅུ་རྩ་གཅིག་བཞེས་ནས། བོད་རབ་བྱུང་བཅུ་བཞི་བའི་མེ་མོ་ཡོས་ལོར། ཁྲི་བརྟན་ནོར་བུ་རྩེ་འདི་དམུ་དབང་ཉི་མའི་གདན་ས་བྱིན་རླབས་ཤིན་ཏུ་ཆེ་ཡང་། སྔར་བཅའ་ཁྲིམས་ལྷོད་སྐྱོན་འདུག་པར་དགོངས་ཏེ། དགོན་པར་རྒྱུན་ཇའི་འགན་ཁུར་བཞེས་ནས། བཅའ་ཡིག་སྔ་ཕྱི་རིམ་ཅན་དུ་བསྩལ་ཏེ། དགེ་འདུན་ཐམས་ཅད་བསླབ་ལྡན་གྱི་སྡེ་ལ་བསྒྱུར་ནས་བཅའ་ཁྲིམས་ཀྱང་དམ་པོར་བཀའ་སློབ་གནང་བར་བརྟེན། དེ་ལྟར་བརྒྱུད་པའི་ཁུངས་ལྡན་བྱིན་རླབས་ཟབ་དོན་མངའ་བའི་གཤེན་ཚང་ལུགས་ཀྱི་ཚོགས་ཆེན་གྱི་ཚོགས་འདོན་སོགས་འདོན་པ་འགོ་འཛིན་སྐབས།

ཐོག་མའི་སངས་རྒྱས་རྒྱལ་བ་ཀུན་ཏུ་བཟང་། །

ཐེག་གསུམ་བསྟན་པའི་བདག་པོ་གསང་བ་འདུས། །

གངས་ལྗོངས་བོན་གྱི་འབྱུང་ཁུངས་དམུ་རྒྱལ་གཤེན། །

མི་འགྱུར་གཙུག་དབང་ཞབས་ལ་གསོལ་བ་འདེབས། །

      ཞེས་མདོ་རྒྱུད་ཅི་འདྲ་ཞིག་འགོ་བརྩམས་ཀྱང་། དང་ཐོག་མར་ཁོང་གི་གསོལ་འདེབས་འདོན་པའི་རྒྱུ་མཚན་ཡང་དོན་དེར་ཐུག་འདུག་པ་ནི། ཁོང་གི་རྣམ་ཐར་རྒྱས་པ་ནོར་བུའི་ཕྲེང་བ་ལས་གསལ། དམ་པ་ཁོང་ནི་དམུ་རིགས་གཤེན་གྱི་བསྟན་པ་རིན་པོ་ཆེར་མཛད་རྗེས་ཤིན་ཏུ་ཆེ་ཞིང་བཀའ་དྲིན་རྨད་དུ་བྱུང་བ་ཞིག་ཡིན། དེ་རྗེས༼༡༩༽དྲན་པའི་ཐུགས་སྤྲུལ་ཀུན་དགའ་ཕུན་དབང་ནི། ཐེག་དགུའི་བོན་གྱི་འོད་ཟེར་འབུམ་འཕྲོ་ཞིང་། རྒྱལ་བ་གཤེན་གྱི་བསྟན་པ་རྒྱས་པར་སྤེལ། ༼༢༠༽མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་མཆོག་ཉིད་ནི། རབ་བྱུང་བཅུ་གསུམ་ཆུ་ཡོས་ལོར་སྐུ་བལྟམས། ཆུང་ནས་བློ་རྩལ་ཤེས་རབ་དང་ལྡན་ཞིང། རྗེ་བཙུན་གཙུག་ཕུད་དབང་ལས་རབ་བྱུང་ཁྲིམས། རིམ་རྫོགས་ལ་སོགས་མདོ་སྔགས་དབང་ཁྲིད་ཀུན། ཞུས་ཤིང་གསན་སྦྱང་སྨྲ་བའི་དབང་ཕྱུག་གྱུར། རིག་པའི་གནས་ཆེན་ཀུན་ལ་གསལ་བྱེད་བརྩམས། མདོ་སྔགས་གཤེན་བསྟན་ཉི་མོར་བྱས་ཏེ་སྤེལ།༼༢༡༽མཁན་ཆེན་གཡུང་དྲུང་བསྟན་པ་དབང་རྒྱལ་ནི། འགྲོ་དོན་ཕྱོགས་བཅུར་མཛད་ཅིང་བཀའ་འཁོར་བསྐོར། རྒྱལ་གཤེན་བསྟན་པའི་བདག་ཉིད་ཆེན་པོར་གྱུར།༼༢༢༽མཁན་ཆེན་གཡུང་དྲུང་བསྟན་པའི་རྒྱལ་མཚན་ནི། མཁས་གྲུབ་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་དྲུང། སྒྲ་སྙན་དག་གསུམ་རྩིས་དང་ས་རིས་སོགས། ཕུལ་ཕྱིན་བཞེས་ཏེ་མཁས་པའི་བྱ་བ་ཡིས། བསླབ་གསུམ་རྒྱལ་བསྟན་མཛེས་པའི་དཔལ་དུ་མཛད།༼༢༣༽ཤེས་རབ་སྨྲ་བའི་སེང་གེའི་སྤྲུལ་པ་ནི། གཡུང་དྲུང་རིན་ཆེན་རྒྱལ་མཚན་མཆོག་ཉིད་ཀྱང་། རིག་གཞུང་ཀུན་མཁས་སུམ་ལྡན་སློབ་དཔོན་ཆེ། གོང་མའི་གདན་འཛིན་བཤད་སྒྲུབ་བསྟན་པ་བསྐྱངས།༼༢༤༽དེ་རྗེས་མཁན་ཆེན་ཁྲི་གཙུག་བསྟན་འཛིན་ནི། འགྲོ་མགོན་ཤེས་རབ་གཡུང་དྲུང་སྐུ་མདུན་ནས། ཁྲིམས་ཆེན་ཉིས་བརྒྱ་ལྔ་བཅུ་རྫོགས་པར་བཞེས། བསྲུང་བྱའི་ཁྲིམས་རྣམས་རྨ་མེད་མིག་འབྲས་བཞིན། བསྲུང་བར་མཛད་དེ་བསྟན་པའི་རྒྱན་དུ་གྱུར།༼༢༥༽མཁན་པོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་ནི། མཁར་ཐོག་སྤྲུལ་སྐུ་ཞེས་གྲགས་དགོན་རྩེ་ཡི། ཁྲིར་ཕེབས་འདུལ་རྒྱུད་མ་ཉམས་བརྒྱུད་འཛིན་མཛད།༼༢༦༽ཚེ་དབང་རིག་འཛིན་ཐུགས་ཀྱི་སྤྲུལ་པ་ནི། དམུ་གཤེན་ཆེན་པོ་ཚེ་དབང་རྣམ་རྒྱལ་ཞེས། ཡི་དམ་ཞལ་གཟིགས་མཆོག་ཐུན་གྲུབ་པ་སྙེམས། འགྲོ་དོན་རྒྱ་ཆེན་མཛད་ཅིང་བཀའ་འཁོར་བསྐོར།༼༢༧༽དེ་རྗེས་མཁན་ཆེན་ཡེ་ཤེས་ཚུལ་ཁྲིམས་ནི། སྡོམ་གསུམ་རྣམ་དག་མཆོག་གི་དངོས་གྲུབ་བརྙེས། གོང་མའི་ཁྲིར་ཕེབས་བསྟན་འགྲོའི་མགོན་དུ་གྱུར།༼༢༨༽དེ་རྗེས་མཁན་པོ་ཉི་མ་བསྟན་རྒྱལ་ནི། ཐུགས་རྗེ་ཀུན་ལ་ཁྱབ་པ་ཉི་ཟླ་ལྟར། བྱིན་རླབས་དབྱར་སྤྲིན་འདྲ་བའི་འགྲོ་དོན་མཛད།༼༢༩༽དེ་སློབ་མཁན་ཆེན་མི་འགྱུར་རྒྱལ་མཚན་ནི། འཆད་རྩོད་རྩོམ་པས་རྒྱལ་བསྟན་ཕྱོགས་བརྒྱར་མཛད། དགོན་རྩེའི་ཁྲིར་ཕེབས་འགྲོ་དོན་མཐའ་ཡས་སོ།།༼༣༠༽མཁན་ཆེན་རྗེ་བཙུན་ཤེས་རབ་དབང་ལྡན་ཞེས། ཁྲི་བརྟན་ནོར་རྩེར་ཁྲི་འཛིན་མངའ་གསོལ་ནས། སེམས་ཅན་འབུམ་ཕྲག་དྲོངས་ཏེ་འགྲོ་འདུལ་མཛད།༼༣༡༽མཁན་ཆེན་ཕུན་ཚོགས་བསྟན་འཛིན་རྣམ་རྒྱལ་ཞེས། རྒྱལ་བའི་བསྟན་འཛིན་འབུམ་ཕྲག་དུ་མ་སྤེལ། དགོངས་པ་མཐའ་བྲལ་བོན་ཉིད་ཡེ་སངས་རྒྱས།༼༣༢༽ཐུགས་སྤྲུལ་གཡུང་དྲུང་བསྟན་འཛིན་རྒྱལ་མཚན་ཞེས། རྒྱལ་རོང་དུ་འཁྲུངས་རྩེ་ཡི་མཁན་ཁྲིར་ཕེབས། བསྟན་དོན་གྲུབ་རྗེས་འཇའ་ལུས་འཕོ་ཆེན་བཞེས།༼༣༣༽སྟོང་རྒྱུང་སྔོན་བྱོན་ཡོན་ཏན་ཕུན་ཚོགས་ནི། གནམ་མཚོའི་དོལ་སོགས་སྒྲུབ་གནས་མང་དག་ཏུ། བསྙེན་བསྒྲུབ་མཛད་ཅིང་དབྱིངས་སུ་ཡེ་སངས་རྒྱས།༼༣༤༽རྒྱལ་བའི་རྣམ་སྤྲུལ་བསྟན་འཛིན་རྒྱལ་མཚན་ཞེས། རིག་པའི་གནས་ལ་མཁས་ཤིང་ལྗགས་རྩོམ་མང་། རྩེ་ཡི་གཙུག་ལག་ཁང་ཐོག་གསེར་ཏོག་དང་། གར་འཆམ་ཡོ་ཆས་ལ་སོགས་བསྟན་བཞེངས་མང་། མཐའ་མར་བཅོས་བསྒྱུར་སྐབས་སུ་ཀོང་ཡུལ་དུ། ཁྲིམས་ཀྱི་དཀའ་སྡུག་མྱོང་བཞིན་ཞིང་གཞན་གཤེགས།༼༣༥༽ད་ལྟའི་མཁན་པོ་ཤེས་རབ་ཚུལ་ཁྲིམས་ནི། རབ་བྱུང་བཅུ་དྲུག་ས་ཕོ་སྤྲེལ་གྱི་ལོར། སྐུ་འཁྲུངས་མེ་མོ་ཡོས་ལོར་ཁྲི་གསོལ་མཛད།༼ཁྲི་འཛིན་༣༦༽རྒྱལ་བའི་ཐུགས་སྤྲུལ་གཤེན་གྱི་གདུང་སྲས་དུ། མཁན་ཆེན་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་མཆོག། རབ་བྱུང་བཅུ་བདུན་ཆུ་ཕོ་སྤྲེལ་གྱི་ལོར། སྐུ་བལྟམས་ཆུ་ལུག་ལོ་ལ་གསེར་སྒོ་རུ། ཡབ་སྲས་ལྷན་དུ་ཁྲི་གསོལ་ལེགས་པར་མཛད། ཅེས་རིག་འཛིན་གོང་མའི་རྣམ་སྤྲུལ་སྐྱེས་མཆོག་འདི་རྣམས་ཀྱི་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་གྱིས་སེམས་ཅན་གྱི་འགྲོ་དོན་མཐའ་ཡས་མཛད་དོ། །

    བར་སྐབས་རིག་གསར་གྱི་དུས་འགྱུར་ཆེན་པོའི་ཟང་ཟིང་སྐབས། དགོན་འདིའི་རྩ་ཆེའི་རྟེན་གསུམ་རྣམས་ཀྱི་གཙོས་སྐུ་གདུང་གསུང་རབ་མཆོད་ཆས་རོལ་མོའི་རིགས་རྣམས་ཧ་ཅང་རྩ་ཆེ་ལ་བྱིན་རླབས་དང་ལྡན་པ་རྣམས་ཉམས་ཆགས་སུ་སོང་བ་ནི་བརྗོད་མ་དགོས་སོ། དེང་སྐབས་སྙིགས་དུས་ཀྱི་རྟེན་སྐལ་དུ་གྱུར་བ་ཕྲན་ཙམ་འགྲོ་དོན་མ་རྫོགས་པར་བཞུགས་པ་འདི་རྣམས། སྐབས་དེའི་བསྟན་འཛིན་གྱི་སྐྱེས་བུ་རྣམ་པས་ལོ་ངོ་ཉི་ཤུ་ལྷག་ཙམ་ནང་ངལ་བ་འབུམ་ཁྱད་བསད་ཀྱི་ཁྲག་དང་རྔུལ་ཆུ་ལས་གྲུབ་པ་ཞིག་ཡིན་ཞེས་བརྗོད་ཆོག་ཆོག་ཡིན་ལ། ངེད་དད་ལྡན་སྐྱེ་བོ་ཀུན་གྱིས་དད་གསུམ་གྱི་ཐལ་མོ་སྙིང་ཁར་འབྱར་ཏེ་ཁོང་རྣམས་ལ་གསོལ་བསྟོད་དང་གུས་ཕྱག་ཀྱང་འབུལ་ཆོག་ཆོག་ཡིན་ལ་འབུལ་དང་འབུལ་མུས་ཀྱང་ཡིན། ཕྱིས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱུང་རྗེས་རབ་བྱུང་བཅུ་དྲུག་པའི་ཤིང་གླང་ལོར་སྐབས་དེ་དུས་ཀྱི་སྐྱེས་མཆོག་དམ་པ་སྐྱབས་རྗེ་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་ཐོག་མའི་རྨང་གཞི་བཏིངས་བ་ནས་བཟུང་གཤེན་སྲས་རིན་པོ་ཆེ་ནོར་བུ་དབང་གི་རྒྱལ་པོ་མཆོག་གིས་ཐུགས་བཀོད་དང་རྒྱབ་སྐྱོར་བླ་ན་མ་མཆིས་པའི་ཐུགས་འགན་བཞེས་ཐོག་རི་དགོན་བླ་སློབ་དེ་བཞིན་ཡུལ་སྡེ་མང་ཚོགས་བཅས་ཚང་མས་ལྷག་བསམ་ཟོལ་མེད་ངང་སྤྱི་སྒེར་གང་ཐད་ནས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བསམ་ཡུལ་ལས་འདས་པའི་ད་ལྟའི་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་འདི་ཉིད་ཡང་བསྐྱར་ལྷུན་གྱིས་གྲུབ་པའོ།། དགོན་འདིར་ད་ཡོད་ཀྱི་རྟེན་གཙོ་བོའི་གྲས་ནི། ལུང་ལས། སྐུ་རྟེན་ཞི་བ་ཀུན་སྣང་ཁྱབ་པ་འདིར་གང་མཇལ་བདེ་ཆེན་ཐར་ལམ་འདྲེན་ནུས་སོ། ཞེས་སྐུ་རྟེན་འདི་ནི་རྟག་གཟིགས་འོལ་མོ་ལུང་རིང་དུ་བཟོ་རྒྱལ་གར་མ་ལི་ཤོས་ཕྱག་བཟོས་ལས་གྲུབ་པ་ཞིག་ཡིན་ཞིང་། རྟེན་འདིར་བདག་ཅག་གི་སྟོན་པ་མཆོག་གི་མངའ་དབུལ་གཟུངས་གཞུགས་སོགས་ལེགས་པར་གྲུབ་ནས་ད་བར་ལོ་༡༨༠༡༠ཡས་མས་ཀྱི་ལོ་རྒྱུས་ལྡན། དེ་བཞིན་གཤེན་རབ་མི་བོའི་ཚེམས་དུང་འཕར་ཆུང་ཐོས་པ་རང་གྲོལ། གུ་རུ་རྣོན་རྩེའི་གཏེར་མ་རྫོགས་སྐུ་མཁའ་འགྱིང་དཀར་པོའི་སྐུ། འབྲིག་མཚམས་གཏེར་མ་ཚེ་དབང་བོད་ཡུལ་མའི་སྐུ། འབྲིག་མཚམས་གཏེར་མ་དྲན་པ་ནམ་མཁའི་སྐུ། མཁན་ཆེན་གཡུང་དྲུང་རིན་རྒྱན་གྱི་་དབུ་ཡངས་འདིར་རིང་བསྲེལ་ཆེ་བ་ཕུག་རོན་གྱི་སྒོང་ང་ཙམ་ཆུང་བ་མ་རྒྱུད་ལྷ་གྲངས་དང་མཚུངས་སུམ་བརྒྱ་དྲུག་བཅུ་ཡོད། རྒྱལ་རོང་བྲག་སྟེང་དམལ་མོས་ཕུལ་བའི་དམུ་གཤེན་ཉི་མ་རྒྱལ་མཚན་གྱི་ཕྱག་སིལ། གུ་རུ་རྣོན་རྩེས་ཉིན་གཅིག་ནང་གྲུབ་རྟཊ་མང་པོ་བཞག་པས་མཐའ་མ་རྡོ་ནག་གི་ཚྭ་ཚྭ་བཅས་བཞུགས། དེང་སྐབས་གསར་དུ་བཞེངས་པའི་རྟེན་གཙོ་བོ་ནི། སྟོན་པ་ཁྲི་གཙུག་རྒྱ་བ། སྟོན་པ་སྤྲུལ་སྐུ། སྟག་ལྷ། རྣམ་རྒྱལ། བྱམས་མ། དེ་བཞིན་མཁན་རབས་རིམ་བྱོན་གྱི་སྐུ་གདུང་བཅས་མང་ངོ་། སྒྲུབ་ཁང་ནང་ཡི་དམ་དང་། སྲུང་མའི་སྐུ་གཟུགས་བཅས་བཞུགས་ཡོད། །

   ད་ལྟ་དགོན་འདིར་བསླབ་གཙང་གྲྭ་ཉི་ཤུ་རྩ་ལྔ་ནས་སུམ་བཅུ་ཡས་མས་ཙམ་བཞུགས། ལོ་ལྟར་མདོ་སྔགས་ཀྱི་སྒྲུབ་མཆོད་དུས་ཚོགས་ཀྱང་། སྤྱིར་དུས་རྒྱུན་དུ་གཤེན་ཚང་བླ་བྲང་ནས་རྒྱུན་ཇ་དང་དགུན་དུས་སུ་དགུན་ཐུག་བཅས་རྒྱུན་མ་ཆད་པར་གཏོང་གནང་གི་ཡོད། སྐབས་སྐབས་སུ་གཤེན་ཚང་བླ་བྲང་དང་མཁན་རབས་རིམ་བྱོན་གྱིས་ཨ་མ་ར་ཡའི་སྒྲུབ་ཆེན་ཚོགས་སྣང་གི་ཡོད། སྤྱི་ས་རུ་ཟླ་བ་མང་ཆེ་བའི་ནང་མ་རྒྱུད་ཚེས་བཅུ་ཞེས་པ་དུས་རྒྱུན་དུ་ཚོགས་པ་དང་། བོད་ཟླ་དང་པོའི་ནང་སྲིད་རྒྱལ་་སྟོང་ཚོགས་དང་བོན་སྐྱོང་ཡོངས་ཀྱི་སྐང་མདོས། བོད་སྤྱི་རུ་བོད་ཟླ་གཉིས་པའི་ཉི་ཤུ་གཅིག་ནས་གནམ་གང་བར་གཉུང་གནས་ཉིན་གསུམ་ཞི་ཁྲོ་ཉིན་གསུམ་རྣམ་རྒྱལ་ཉིན་བཞི་དང་རྗེས་སུ་གཞུང་སྐྱང་པ་ཞེས་ཉིན་གཅིག་ཚོགས་སྲོལ་འདུག བོད་ཟླ་བཞི་པའི་ནང་རྣམ་རྒྱལ་སྟོང་མཆོད། བོད་ཟླ་ལྔ་བའི་ཚེས་བཅོ་ལྔ་ནས་རྒྱས་ཚ་ཚུགས་ཏེ་མཆོད་པ་ཀློང་རྒྱས་འདོན་པ། དེ་དུས་མི་སྐྱ་ཕོ་མོ་མང་པོས་དགོན་པ་ནང་ཚ་ཚ་འདབ་ཀྱི་ཡོད་འདུག བོད་ཟླ་དྲུག་པའི་ནང་སྣང་སྲིད་ཞི་བ་དང་མཆོད་གཏོར་སོགས། བོད་ཟླ་བརྒྱད་པའི་ནང་གངས་དཀར་དུས་ཆེན་ཞེས་ཟེར་སྲོལ་ཡོད་པ་དང་དེ་དུས་ཁམས་ཆེན་འདོན་པ། སྤྱི་ས་རུ་བོད་ཟླ་བཅུ་པའི་ཚེས་བཅུ་ནས་མ་རྒྱུད་ཚེས་བཅུ་ཞེས་མ་རྒྱུད་སྒྲུབ་པ་ཚོགས་པ། བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ནས་བཅུ་དགུ་བར་བོད་སྤྱི་དང་ཁམས་སྤྱི་གཉིས་ཀར་དབལ་གསས་སྒྲུབ་པ་ཚོགས་པ། བོད་ཟླ་བཅུ་གཅིག་པའི་ཉི་ཤུ་གསུམ་ནས་གནམ་གང་བར་གསེར་སྒོ་ཁྲ་མོར་དགུ་གཏོར་ཆེན་མོ་ལ་ཁྲོ་བོ་ཁྲག་ཐུང་རོལ་པའི་ཟློག་པ་དང་། བྱད་མ་འབུམ་ཟློག སྟག་ལྷའི་ཟློག་པ། ཕུར་པའི་ཟློག་པ་སོགས་དང་། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ནས་བཅུ་དྲུག་བར་གཤེན་རབ་འཁྲུངས་མཆོད་ལ་ཞི་ཁྲོ་ཚོགས་ཏེ་སྙན་པ་དུས་དྲུག་དུ་བཟུང་བ་དང་དམར་ཆེན་སྟོང་ཟློག་བཅའ་བ་བཅས། ཐུན་མོང་མ་ཡིན་པའི་དམུ་རྒྱལ་གཤེན་གྱི་རིང་ལུགས་བཅའ་འདོན་ཕྱག་རྒྱ། འབུད་རྡུང་འཀྲོལ་གསུམ། གྱེར་དབྱངས་འདུར་གསུམ། བསྐྱེད་རྫོགས་སྒོམ་གསུམ་སོགས་བསྙེན་པའི་གཞི་མ་ནས་ལས་མཐའ་འཕྱོང་ཆེན་བར་གྱི་འཕྲིན་ལས་རིམ་པ་བཅས། མ་ཉམས་པར་བརྒྱུད་འཛིན་དུ་གནས་པ་ནི། རྒྱལ་བ་གཤེན་ཚང་ལུགས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཕུན་ཚོགས་དབང་རྒྱལ་རིན་པོ་ཆེ་ནས་ལོ་མང་རིང་དཀའ་སྤྱད་ཀྱིས་སློབ་སྟོན་གནང་བའི་བཀའ་དྲིན་ཁོ་ནར་བརྟེན་ད་ལྟ་གཤེན་ལུགས་འདི་དར་ཞིང་རྒྱས་པར་གྱུར་དོ། །

སླར་སྨྲས་པ། དམུ་ཡི་གདན་སའི་ལོ་རྒྱུས་རྒྱ་མཚོ་ལས།།

ཆུ་ཐིགས་ཙམ་ལས་དཔོག་པའི་སྣོད་ཆུང་རྐྱེན། །

ཟབ་ཅིང་རྒྱས་པར་བཤད་པའི་སྤོབས་པ་རྨོངས། །

ཉུང་བསྡུས་ཙམ་ཞིག་བཀོད་པར་བྱ་བ་ལ། །

མ་རིག་རྨོངས་པས་ཀུན་ནས་བསླད་ཆེ་བས། །

འགལ་འཁྲུལ་ནོངས་པ་རྒྱལ་བའི་དྲུང་དུ་བཤགས། །

གལ་ཏེ་ལེགས་གྱུར་དགེ་ཚོགས་གང་མཆིས་རྣམས། །

སེམས་བསྐྱེད་ཆེན་པོའི་སྒོ་ནས་འགྲོ་ལ་བསྔོ། །

ཞེས་གཤེན་གྱི་གྲལ་མཐར་གནས་པའི་ལྡན་ཁང་ཉི་མ་འོད་ཟེར་ནས་སྤེལ་བ་དགེ ། །ཟླ་ཚེས། 10-07-05

(སྤྱིའི་གཟིགས་གྲངས། 382 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༡ ༽  རྒྱལ་…
error: རྩོམ་འདི་བདག་དབང་ཅན་ཡིན།