གཤེན་རབ་མྱི་བོ་ཆེ།
རྩོམ་པ་པོ། འཕན་འོ་མཚོ།
༡
བོན་སྐུ་ཡེ་མེད་སྟོང་ཆེན།།
རྫོགས་སྐུ་སྣང་རིག་ཁྱབ་ཆེན།།
སྤྲུལ་སྐུ་སྣང་སྟོང་རོལ་ཆེན།།
སྐུ་གསུམ་འཕྲོ་འདུ་སྒྱུར་ཆེན།།
སངས་ཁྲིའི་ཐུགས་ཀྱི་གཏེར་ཁྱིམ།།
གཏོ་སྒྲོམ་བཀའ་ཡི་ཕྱག་མཛོད།།
ཡིག་ཚང་སྲིད་པའི་ཆག་ཤིང་།།
གཤེན་རབ་མྱི་བོ་ཆེ་ལགས།།
གསས་མཁར་འབུམ་ཁྲིའི་ཀློག་ལྗགས།།
སྟོན་པ་རབས་དགུའི་བརྒྱད་བྱང་།།
བརྒྱ་བའི་རྣམ་པ་འདྲེན་མཛད།།
གསལ་བ་དམུ་རྒྱལ་སྲས་པོ།།
ལེགས་ཉེས་རྩིས་མཐོང་མེ་ལོང་།།
རྒྱུ་འབྲས་རྣམ་འབྱེད་ཐིག་ཤིང་།།
དམུ་རིགས་ཁྱུང་གི་གདུང་ཚ།།
སྟོན་པ་ཁྲི་གཙུག་རྒྱལ་བ།།
བྱམས་བརྩེའི་དྲོད་སྦྱིན་ཁྲི་གདུགས།།
རྟེན་འབྲེལ་ཙ་ཀྲའི་མུ་ཁྱུད།།
དཀའ་ཐུབ་ཀུན་བཟོད་མ་མ།།
མི་མཇེད་ཞིང་གི་འཁོར་སྒྱུར།།
མཚན་དཔེ་རབ་བཞད་ཁྱེའུ་ཆུང་།།
སྟོབས་བཅུ་མངའ་བའི་དབང་ཕྱུག །
དྲུང་མུ་གྱེར་ཙའི་སྒོ་འབྱེད།།
རྩོད་ལྡན་བརྒྱ་བའི་མགོན་པོ།།
༢
གཏུམ་ཆེན་བདུད་རྗེ་ཁྱབ་པས།།
སྒྱུ་འཕྲུལ་ཟོལ་གྱིས་བརྔོད་པའི།།
གཏེར་སྒྲོམ་ཞུན་མའི་མདག་ནས།།
བསྐྱེད་པའི་དཔའ་བོ་འབྲུ་ལྔར།།
འབྱུང་ལྔ་དྭངས་མའི་བཅུད་དང་།།
ཐབས་ཤེས་ཟུང་འཇུག་རྩལ་ལས།།
བཏོད་པའི་འཕྲུལ་ཡིག་བཞི་བཅུ།།
བསྟན་པའི་མུན་སེལ་སྒྲོན་མ།།
སྣང་སྲིད་སྣོད་བཅུད་བཀོད་པ།།
འཕྲུལ་ཡིག་རིས་སུ་ཕབ་མཛད།།
ཤེས་རིག་དར་ལམ་རིང་མོ།།
ཕུག་གི་འོད་ཁྱིམ་དེར་ཐུག །
སྐྱེ་འགྲོའི་སྲོག་དབུགས་ཟ་བའི།།
བདུད་གདོན་བོན་པོ་ཆོམ་ཕབ།།
ཤ་དོད་གཏོར་མ་བསྔོ་བ།།
ཁྲག་ཚབ་གཡུ་ཏི་མཆོད་དོ།།
རི་ཀློང་དབེན་སའི་ཁྲོད་དུ།།
མི་དགེའི་རྩ་བ་མ་རིག །
བདག་འཛིན་གཏིང་གཅོད་གཉན་པོར།།
བྱ་སྤྲེལ་མི་ཡི་དཀའ་སྤྱད།།
༣
འཕྱྭ་གཤེན་མོ་རྩིས་གཏོ་དཔྱད།།
སྣང་གཤེན་ཕྱ་གཡང་དཔལ་བསྐྱེད།།
འཕྲུལ་གཤེན་མདོས་ཡས་རྟེན་འཛུགས།།
སྲིད་གཤེན་འཆི་བསླུ་ཆུང་བཅོལ།།
དགེ་བསྙེན་ཚེས་ལམ་དུས་དག །
དྲང་སྲོང་སྤངས་ལམ་རྣམ་དག །
ཨ་དཀར་བསྒྱུར་ལམ་ཞིང་དག །
ཡེ་གཤེན་གྲོལ་ལམ་ཀ་དག །
པེའུ་ཙེ་བརྒྱད་ཁྲི་བཞི་སྟོང་།།
ཐོག་མ་ཐེག་པ་རིམ་དགུ།།
བར་མ་སྒོ་བཞི་མཛོད་ལྔ།།
མཐའ་མ་ཕྱི་ནང་གསང་གསུམ།།
ལྟ་བ་ཀུན་ཆུབ་རྫོགས་ཆེན།།
སྒོམ་པ་མཉམ་ཉིད་རོལ་ཆེན།།
སྤྱོད་པ་སྙོམས་འཇུག་མཛད་ཆེན།།
གཞི་དབྱིེངས་ཀུན་བཟང་ཀློང་ཆེན།།
༤
ཕྱི་མཛོད་ཡིད་ཀྱི་ཁྱེའུ་ཆུང།།
ནང་མཛོད་རྨ་ལོ་གཡུ་ལོ།།
གསང་མཛོད་ཚངས་པ་ཨ་ཞ།།
དཀོར་མཛོད་ཀོང་ཙེ་འཕྲུལ་རྒྱལ།།
ལེའུ་གཏད་གཏོ་བུ་འབུམ་སངས།།
འཚོ་བྱེད་དཔྱད་བུ་ཁྲི་ཤེས།།
མཐོ་ཐོག་ལུང་འདྲེན་གསལ་བ།།
རྒྱལ་སོབ་མུ་ཆོ་ལྡེམ་དྲུག །
སྔགས་བསྡུ་རྒྱུད་འདྲེན་སྒྲོན་མ།།
ཕྱྭ་འབེབ་འོལ་དྲུག་ཐང་པོ།།
རྩིས་མཁན་ཀོང་ཚ་འཕྲུལ་ཆུང་།།
གདུང་འཛིན་གཡུང་དྲུང་དབང་ལྡན།།
ཕྱི་འཁོར་སེམས་དཔའ་ལྔ་སྟོང་།།
ནང་འཁོར་ཡི་དམ་བརྒྱ་རྩ།།
གསང་འཁོར་ཌཀྐི་སྡེ་ལྔ།།
ཡང་འཁོར་ཐིག་ལེ་ཉག་གཅིག །
མཛད་ཕྲན་སྟོང་ཕྲག་མཐའ་ཡས།།
མཛད་འབྲིང་ཡན་ལག་དྲུག་ཅུ།།
མཛད་ཆེན་ཕྲིན་ལས་བཅུ་གཉིས།།
མཛད་སྙིང་གཞན་ཕན་བྱང་སེམས།།