ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྟོན་པ་གཤེན་རབ་ཀྱི་འདས་མཆོད་ཆེན་མོ།

སྟོན་པའི་འདས་མཆོད།༧སྤྱི་ལོ་༢༠༡༥། ༡༡། ༡༡། བོད་ཟླ་༩། ༣༠། ཉིན་འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་སྟོན་པའི་འདས་མཆོད་འཚོགས་པའི་དུས་ཚིགས་ཡིན་ཞིང་། དེ་ཡང་བསྐལ་ཆེན་དུས་ཀྱི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་འཇིག་རྟེན་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་འགྲོ་དོན་མཛད་དེ། མཐར་ཕྱིན་དགའ་བ་བདེ་ལྡན་གྱི་མཛད་པ་རྫོགས་ནས་གཤེན་ལོ་གྱ་གཉིས་ཐོག་སྐུ་མི་རྟག་མྱ་ངན་ལས་འདས་ནས་ད་བར་མི་ལོ་༩༨༣༢འཁོར་བའི་དུས་དང་བསྟུན། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་དབུ་བཞུགས་ཀྱི་ཐོག དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མང་འདུས་སེམས་དཔའ་རྒྱ་མཚོས་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། ལྷ་རྫས་མར་མེ་བདུག་སྤོས། ཞལ་ཟས་ཡོན་ཆབ། རྔ་གཤང་རོལ་མོའི་མཆོད་པ་དང་། གྱེར་དབྱངས་ངག་གི་མཆོད་པ། དད་གུས་ཤེས་རིག་ཏིང་འཛིན་གྱི་མཆོད་པས་དུས་མཆོད་ཁྱད་པར་ཅན་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། དམིགས་བསལ་དེ་རིང་གི་དུས་འདིར་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ལ་ལྟ་ཀློག་བྱེད་ནས་བཀའ་དྲིན་མཛད་པ་རྗེས་དྲན་ཞུ་དགོས་པ་མ་ཟད། ལྷག་པར་དུ་གཤེན་རབ་འདས་ཁའི་ཞལ་ཆེམས་རྣམས་དྲན་གསོ་བྱེད་དགོས་པའི་སྐབས་མཚམས་ཤིག་ཡིན་པ་སྨོས་མ་དགོས་པ་རེད། དེས་ན་གལ་གནད་ཆེ་བའི་ཞལ་ཆེམས་འགའ་ཞིག་འདིར་བཀོད་ཡོད།

དེ་ཡང་སྟོན་པ་སྐུ་བསྙུང་བའི་ཚུལ་བསྟན་ཏེ་འཁོར་རྣམས་སེམས་ཚབ་ཆེན་པོའི་ངང་ནས་ཅི་ཕན་གང་བསོད་ཀྱི་བཅོས་རིམ་བྱེད་བཞིན་པའི་སྐབས་སུ་གསུངས་པ་འདི་ལྟར།

བདག་ནི་སྤྲོས་པ་མེད་པ་མུ་ལ་མཉམ།།
ཕན་གནོད་གཉིས་ཀྱི་མཐའ་ལས་འདས།།
འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།
མཐའ་ཡས་སེམས་ཅན་ཉོན་མོངས་ལ།།
དད་པའི་སྟོབས་ཀྱིས་ཕན་པར་གྱིས།།
བདག་ལ་ཕན་པ་དེ་ཉིད་དོ།།

སྟོན་པའི་འདས་མཆོད།༣བདག་ནི་ཕྱོགས་དང་རིས་མེད་མཉམ།།
གསད་གསོ་གཉིས་ཀྱི་ཡུལ་ལས་འདས།།
འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།
མཐའ་ཡས་སེམས་ཅན་ཉོན་མོངས་ལ།།
གསོ་བའི་ཡེ་ཤེས་རྩི་རྣམས་ཐོངས།།
བདག་ལ་གསོ་དཔྱད་དེ་ཉིད་དོ།།

སྟོན་པའི་འདས་མཆོད།༤བདག་ནི་སྒྲིབ་ཕྱོགས་མུན་དང་བྲལ།།
གསལ་སྒྲིབ་གཉིས་ཀྱི་མཐའ་ལས་འདས།།
འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།
མཐའ་ཡས་སེམས་ཅན་ཉོན་མོངས་ལ།།
ཤེས་རབ་རྩལ་གྱིས་མུན་སྒྲིབ་སོལ།།
གསལ་བའི་ཐབས་ཀྱིས་ཕན་པར་གྱིས།།
བདག་ལ་གསལ་གདབ་དེ་ཉིད་དོ།།

སྟོན་པའི་འདས་མཆོད།༦བདག་ནི་མི་ཆགས་རྟུལ་ཤུགས་ལྡན།།
ཕྲེང་ཐོགས་འཁོར་བའི་རྗེས་ན་མེད།།
འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།
མཐའ་ཡས་སེམས་ཅན་ཉོན་མོངས་ལ།།
སྙིང་རྗེ་འཕྲེང་བའི་སེམས་ཀྱིས་སྐྱོངས།།
བདག་ལ་བརྩེ་གདུང་དེ་ཉིད་དོ།།
སྟོན་པའི་འདས་མཆོད།༥
ཞེས་པའི་གདམས་ངག་ཟབ་མོ་འདི་ཉིད་མདོ་གཟེར་མིག་གི་ལེའུ་བཅུ་བདུན་པ་གཤེན་རབ་མྱ་ངན་འདས་པའི་སྐོར་ལས་བཤུས་སོ།།

ཏི་སེའི་བུ་ནས་༢༠༡༥། ༡༡། ༡༡། ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 180 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།