ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེར་འདས་མཆོད་ཕུལ་བ།

2༄༅། །ཉིན་འདི་ནི་སངས་རྒྱས་མྱ་ངན་ལས་འདས་ནས་མི་ལོ་ ༩༨༣༢ ཡིན་པ་དང་། གཤེན་རབ་མི་བོའི་རྗེས་སུ་འཇུག་པ་དག་གིས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་དང་། མཛད་པའི་འཕྲིན་ལས་རྣམས་རྗེས་སུ་དྲན་པ་དང་། སྐུ་གསུང་ཐུགས་གསུམ་གྱི་རྟེན་དུ་བཞེངས་པའི་མཆོད་ཡུལ་རྣམས་ཀྱི་མདུན་དུ་དཀྱིལ་འཁོར་ཞལ་དབྱེ་བ་དང་། མཆོད་པ་རྣམ་ལྔ་གཙོས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་ཚོགས་འབུལ་བ། ཆོ་གའི་གཞུང་བསྲང་བ་བཅས་ལོ་བསྟར་རྗེས་དྲན་འདས་མཆོད་འབུལ་བཞིན་པ་ལགས་ན། དེ་རིང་སྟེ་ཕྱི་ལོ་ ༢༠༡༥ ཟླ་བ་ ༡༡ ཚེས་ ༡༡ ཉིན་མོར་ཕ་རན་སི་གཤེན་བསྟན་དར་རྒྱས་གླིང་དུ་སངས་རྒྱས་རྗེས་དྲན་གྱི་འདས་མཆོད་འཚོགས། འདི་ལོར་སྒོམ་གྲྭ་ལོ་རིམ་གཉིས་པ་བྲུ་རྒྱལ་ཕྱག་ཁྲིད་ཀྱི་དངོས་གཞིའི་སྡེ་ཚན་ནས་ཉམས་ལེན་གནང་མཁན་རྣམས་དུས་ཚོད་ཀྱི་བཅས་མཚམས་གྲུབ་པ་དང་། སྟོན་པའི་འདས་མཆོད་གཉིས་སྟབས་གཅིག་ཏུ་ཁེལ་བ་མ་ཟད། དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༡༨ ཟླ་ ༡༡ ཚེས་ ༡༡ འཁོར་དུས་ ༡༡ ཐོག་འཛམ་གླིང་དམག་ཆེན་དང་པོ་མཚམས་འཇོག་བྱས་པའི་ཉིན་མོ་ (Armistice) ཡིན་པ་བཅས་དུས་ཚོད་གཅིག་ཏུ་ཁེལ་བ་དང་བསྟུན་ཉེ་སྐོར་ཡུལ་མི་ཁྱིམ་མཚེས་རྣམས་དང་ལྷན་དུ་མཛད་སྒོ་སྟབས་བདེ་ཞིག་ཀྱང་འཚོགས་པ་རེད། འདི་ནི་འཛམ་གླིང་དམག་ཆེན་དང་པོ་དང་། གཉིས་པའི་སྐབས་སུ་རྐྱེན་ལམ་དུ་སོང་བའི་འདས་པོ་རྣམས་ཀྱིས་གཙོས་ད་སྔོན་འཛམ་གླིང་འདིར་སྡེ་འཁྲུག་དུག་མཚོན་དང་། ནད་དང་མུ་གེ་སོགས་ཀྱིས་ཤི་བ་རྣམས་ལ་དྲན་གསོའི་འདས་མཆོད་སྨོན་ལམ་ཞིག་དང་། གསོན་པོ་རྣམས་ཞི་བདེ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་ཆེད་དུ་དམིགས་པ་ཞིག་རེད།

སྒོམ་གྲྭ་བ།༢༠༡༥    ཐོག་མར་སྔ་ཞོགས་བླ་གྲྭ་སྟོན་འཁོར་རྣམས་ཀྱིས་བསང་གསོལ་གྲུབ་རྗེས་སྒོམ་གྲྭའི་མཚམས་ཐོ་བཀྲོལ་ཞིང་རྗེས་བྱ་སྨོན་ལམ་དང་བཅས་འདི་ལོའི་སྒོམ་སྒྲུབ་ཉམས་ལེན་གྱི་བཅས་མཚམས་ཁ་དགེ་བཀྲ་ཤིས་ངང་མཇུག་བསྡུ་བྱས།

Shenten3

དེ་རྗེས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་སྟོན་པའི་འདས་མཆོད་སྒྲུབ་པའི་དབུ་མགོན་དུ་ཕེབས་ཞལ་བསྐྱངས་པ་དང་། དེ་བཞིན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་དང་། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ། ཡེ་ཤེས་གསལ་གླིང་གི་དབུ་འཛིན་མཁན་པོ་སོགས་བླ་གྲྭ་རྣམས་བཞུགས་གྲལ་དུ་འཁོད་ནས་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་གཞུང་བསྲངས་ཤིང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཕུལ། བཀྲ་ཤིས་སྨོན་ལམ་དང་ཞབས་བརྟན་གསོལ་འདེབས་ཀྱིས་མཐར་བརྒྱན་ཏེ་ཆོ་གའི་སྔོན་དངོས་རྗེས་གསུམ་ལེགས་པར་བསྒྲུབས།

    Shentenཉིན་རྒྱབ་ཉེ་སྐོར་ཡུལ་མིའི་ཆོས་དཔོན་དང་། སྡེ་དཔོན་གྱིས་གཙོས་ཁྱིམ་མཚེས་མི་གྲངས་ཉིས་བརྒྱ་ལྔ་བཅུ་ཡར་ལྷག་གནས་གཅིག་ཏུ་འདུས་འཛོམས་བྱུང་། དེ་ནས་མང་ཚོགས་རྣམས་མཆོད་རྟེན་གྱི་མདུན་ངོས་སུ་བཞུགས་གྲལ་འཁོད་མཚམས་མཁན་རིན་པོ་ཆེ་མཆོག་གིས་ཐོག་མར་མཛད་སྒོའི་ངོ་སྤྲོད་ཞུས། དེ་རྗེས་སྐྱ་སེར་འདུས་མང་ཡོངས་ཀྱིས་ཕྱག་ཏུ་སྒྲོན་མེ་རེ་བསྣམས་ནས་མཆོད་རྟེན་གྱི་མདུན་ངོས་སུ་སྐུ་བཞེངས་གནང་སྟེ། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་གྱི་མར་མེ་སྨོན་ལམ་དལ་བུའི་དབྱངས་ལ་བསྐྱོན་ནས་འཛམ་གླིང་ཞི་བདེ་དང་། སྐྱེ་འགྲོ་བདེ་སྐྱིད་ཡོང་བའི་གསོལ་བ་སྨོན་ལམ་བཏབས།Shenten2

    དེ་རྗེས་སྐྱ་སེར་འདུས་པ་ཀུན་འདུ་ཁང་ནང་དུ་བཞུགས་གྲལ་བསྒྲིགས་ནས་ཞབས་སྟེགས་སུ་འཁོད་མཚམས་མཁན་རིན་པོ་ཆེ་མཆོག་གིས་བོན་གྱི་རིག་གཞུང་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་རིན་ཐང་ཆེ་བ་བསྩལ་བ་མ་ཟད་ཡུལ་མི་རྣམས་ལ་འབྲས་སིལ་དང་། བཞེས་ཏོག་སོགས་གཏང་རག་གི་མཆོད་པ་སྟབས་བདེ་ཞིག་ཀྱང་ཕུལ།

Shenten6 ཉེ་སྐོར་ཡུལ་གྱི་ཆོས་དཔོན་དང་སྡེ་དཔོན་གཙོས་ཡུལ་མི་ཁྱིམ་མཚེས་རྣམས་ཀྱིས་དགའ་གུས་ཡིད་རངས་དང་སྦྲགས་ལེགས་གསོའི་བྱ་བ་བྱིན་ཅིང་གཤེན་བསྟན་དར་རྒྱས་གླིང་གི་ཕྱི་ནང་ཁོར་ཡུག་ལ་མཚམས་གཟིགས་དང་བཅས་ཕྱི་དྲོའི་འཁོར་དུས་དྲུག་པ་ཙམ་གྱི་བར་ཞི་བདེའི་དབུགས་དབྱུང་བར་མཛད་དོ།།

དགོང་མོའི་ཆར་བླ་གྲྭ་སྟོན་འཁོར་ཐུན་མོང་ནས་སྟོན་པ་སངས་རྒྱས་ཀྱི་གསོལ་འདེབས་དལ་བུའི་དབྱངས་བཞིན་གཤེན་བསྟན་དར་རྒྱས་གླིང་གི་ཕྱི་ནང་ཁོར་ཡུག་ཀུན་ཏུ་སྒྲོན་མེ་དང་གློག་མཆོད་ཉིན་མོའི་སྣང་བ་ལྟར་མཛད་དེ་འདས་མཆོད་བསྒྲུབས་པའི་གནས་ཚུལ་དུ།

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་༢༠༡༥ཟླ་༡༡ཚེས་༡༡་དགོང་མོར་བྲིས།

(སྤྱིའི་གཟིགས་གྲངས། 66 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྤྱི་ལོ་༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།