ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་།

སྐབས་འདིར་རྒྱ་ཆེའི་ཤེས་ལྡན་མི་སྣ་ཁག་གིས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གི་ངོ་བོ་དང་། དེ་ནས་བསྐྲུན་པའི་དཔེ་ཆའི་སྐོར་གང་དང་གང་ཞིག་ཡོད་པ་རོབ་ཙམ་མཁྱེན་རྟོགས་ཡོང་བའི་ཆེད་དུ་འདིར་གསལ་བཤད་རགས་ཙམ་བྱ་བར་འདོད། དཔེ་མཛོད་ཁང་འདི་ནི་ཕྱི་དབྱིབས་ཀྱི་ཆ་ནས་བཤད་ན་རྒྱ་ཆེ་རྒྱུ་ཆུང་རྒྱུ་མེད་པ་ཞིག་ཡིན་ནའང་། འདིའི་ནང་བཞུགས་པའི་དཔེ་ཆ་ནི་ཐུན་མང་སྣ་འཛོམ་དང་ཧ་ཅང་དཔུང་འཐུག་པ་ཞིག་ཡིན། དེ་ཡང་གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར། དེ་བཞིན་ཆོས་པའི་བཀའ་བརྟེན་དང་། གྲུབ་མཐའ་སོ་སོའི་གསུང་འབུམ། བླ་མའི་རྣམ་ཐར། གཞུང་ལུགས་ཁག་གིས་གཙོས་ཡིག་ཆ་སྣ་ཚོགས་དང་། དེ་མཚུངས་དབྱིན་བོད་གཉིས་གཙོས་སྐད་རིགས་མི་འདྲ་བའི་ཐོག་ཏུ་འཁོད་པའི་དཔེ་དེབ་སྟེ་ཆོས་ལུགས་ཀྱི་སྐོར་དང་། རྒྱལ་རབས་སྐོར། རིག་གནས་སྐོར། ཡུལ་སྲོལ་སྐོར། ཚན་རིག་སྐོར་སོགས་དཔེ་དེབ་སྣ་འཛོམ་དང་གྲངས་འབོར་གང་མང་མང་བཞུགས་ཡོད། དེབ་དང་དཔེ་ཆའི་རིགས་གསར་དུ་ཐོན་རིམ་བཞིན་སློབ་གཉེར་བ་དང་ཉམས་ཞིབ་པ་རྣམས་ཀྱི་མཐུན་རྐྱེན་ཆེད་འཚོལ་སྒྲུབ་བྱས་དང་བྱེད་བཞིན་ཡོད་པ་ནི་དཔེ་མཛོད་ཀྱི་དགོས་མཁོའི་ཆ་རྐྱེན་ཞིག་ཀྱང་ཡིན་པ་རེད།

      དེ་མིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་གསུང་ཁྲིད་སྒྲ་ཕབ་བརྙན་ཐག་དང་། བརྙན་གཟུགས་སུ་ཕབ་པ་གྲངས་མང་དང་། རིས་མེད་མཁས་པ་རྣམས་ཀྱིས་གསུང་ཁྲིད་བརྡ་སྤྲོད་སྐོར་དང་། གསོ་རིག་སྐོར། གཞུང་ལུགས་སྐོར་སོགས་ཀྱི་སྒྲ་ཐག་དང་འོད་སྡེར། དེ་བཞིན་གཅེས་སུ་འོས་པའི་བརྙན་འཕྲིན་འོད་སྡེར་དང་། ལོ་རྒྱུས་ལྡན་པའི་འདྲ་པར་དང་རི་མོ་སྣ་ཚོགས་བཅས་ཉར་ཚགས་བྱས་ཡོད། ཕྱི་ལོ་ ༡༩༩༨ ལོ་ཙམ་ནས་བཟུང་དཔེ་མཛོད་ཁང་འདི་དང་ཉི་ཧོང་ཞིབ་འཇུག་ཚོགས་པ་ (National Museum of Ethnologue Osaka) གཉིས་མཉམ་འབྲེལ་ལས་དོན་གྱི་འབྲས་བུ་རུ་བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག (A catalogue of the new collection of Bonpo katen texts-indices) ཞེས་པ་ཤོག་གྲངས་ ༡༦༩༢ ཡོད་པའི་བོད་ཡིག་གི་དེབ་གཅིག་དང་། (A catalogue of the new collection of Bonpo katen texts-indices) ཞེས་པའི་བརྟེན་འགྱུར་གྱི་དཀར་ཆག་དབྱིན་ཡིག་ཐོག་འོད་སྡེར་དང་མཉམ་འབྱར་ཅན་ཤོག་གྲངས་༣༡༨ཡོད་པ་ཞིག་དང་། (A lexicom of Zhangzhung and Bonpo terms) ཞེས་པའི་ཞང་བོད་བརྡ་རྙིང་ཚིག་མཛོད་ཤོག་གྲངས་ ༣༢༣ ཡོད་པ་ཞིག བོན་གྱི་ཞལ་ཐང་མི་འདྲ་བ་ཁ་གྲངས་ ༤༩ ཙམ་སྤུས་བཞེངས་བྱས་ནས་བསྐྲུན་པའི་ཐང་ཀའི་དེབ་ (Bonpo thanka from khyungpo) ཞེས་པ་གཅིག་དང་། བོན་གྱི་དཀྱིལ་འཁོར་རྣམ་གྲངས་ ༡༣༡ ཙམ་སྤུས་བཞེངས་བྱས་ནས་བསྐྲུན་པའི་དེབ་ (Mandalas of the Bon religion) ཞེས་པ་གཅིག ཁུ་བྱུག་སྔོན་མོའི་གསུང་སྙན་ (Blue cuckoo) ཞེས་པ་བོན་གྱི་ཡིག་རྙིང་ཁག་མང་པོ་ཕྱོགས་བསྒྲིགས་བྱས་པའི་དེབ་གཅིག དེ་མཚུངས་མདོ་གཟེར་མིག་དང་། མདོ་འདུས་བཅས་ཕྱོགས་བསྒྲིགས་ཞུས་པ་དང་། གོང་གསལ་གྱི་དཔེ་ཚོགས་དེ་དག་ནི་ཉི་ཧོང་ནས་དཔར་སྐྲུན་འགྲེམ་སྤེལ་དང་ཉར་ཚགས་གནང་ཡོད་པ་མ་ཟད་ད་དུང་མདོ་དྲི་མེད་གཟི་བརྗིད་ལྟར་ཅིར་ཡང་སྤྲུལ་པའི་མཆོད་རྟེན་བརྒྱ་དང་ཉི་ཤུའི་ཁོངས་ནས་དངོས་སུ་ཐིག་ཚད་ལག་ལེན་གསལ་བའི་མཆོད་རྟེན་བརྒྱ་དང་བཅོ་བརྒྱད་ཐམ་པ་རས་གཞིའི་ཐོག་བྲིས་ཏེ་ད་ལྟ་ (Osaka) འགྲེམ་སྟོན་ཁང་དེར་བཤམས་ཡོད་པ་རེད། 

ཕྱི་ལོ་ ༢༠༠༤ ཚུན་ཆད་ནས་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས་པའི་དེབ་གྲངས་ནི། ༡ ༽  གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་འདོན་རྩ་གཞུང་ཕྱོགས་བསྒྲིགས་དང་། ༢ ༽  རྫོགས་པ་ཆེན་པོའི་ཆ་ལག་གལ་པོ་རྩོད་པའི་བོན་སྡེ་ཕྱོགས་བསྒྲིགས། ༣ ༽  སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས་ཀྱི་གཞུང་ཆ་ལག་དང་བཅས་པ། ༤ ༽  འཕན་ཡུལ་འབུམ་གྱི་ཡང་སྙིང་སྤྲོས་བྲལ་དབུ་མའི་བོན་སྡེ་ཕྱོགས་བསྒྲིགས། དེབ་ཕྲེང་ལྔ་པ་ ༠༥ ནས་བཅུ་བདུན་ ༡༧ ༽  བར་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བཅུ་གསུམ་དང་། ༡༨ ༽  རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་སྟོད་ཆ། ༡༩ ༽  རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་སྨད་ཆ། ༢༠ ༽  སྤྱི་རྒྱུད་ཆེན་མོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་གསུང་པོད། ༢༡ ༽  བླ་མེད་རྫོགས་པ་ཆེན་པོའི་བཀའ་སེམས་སྨད་སྡེ་དགུའི་སྐོར། ༢༢ ༽  སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས་ལས། གསང་སྔགས་སྤྱི་སྤུངས་ཁྲོ་བོའི་རྒྱུད་དྲུག ༢༣ ༽  ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ། ༢༤ ༽  ཕུར་པའི་དོན་འདུས་རྩ་བའི་འགྲེལ་ཆེན། ༢༥ ༽  རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་སྟོད་ཆ། ༢༦ ༽  རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་སྨད་ཆ། ༢༧ ༽  གཡོར་མེའི་ཨ་ཁྲིད་དང་གགས་སེལ་ཆ་ལག་སྐོར། ༢༨ ༽  ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད། ༢༩ ༽  བྱང་སེམས་གབ་པ་དགུ་སྐོར་གྱི་འགྲེལ་བཞི་རིག་པའི་རྒྱ་མཚོ། ༣༠ ༽  ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་འགྲོ་མགོན་ཅན། ༣༡ ༽  གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད།༼   འདི་སྔར་གྱི་གསུང་འབུམ་ཁོངས་སུ་ཡོད་ཀྱང་བསྐྱར་སྐྲུན་ཞུས་པ་ཞིག་རེད། ༽  ༣༢ ༽  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བཅུ་བཞི་པ།༼   འདི་སྔར་གྱི་དེབ་ཕྲེང་བཅུ་གསུམ་ནང་འདུས་མེད། ༽   ༣༣ ༽  རྫོགས་ཆེན་མུ་མེད་བདལ་པ་དང་ཨ་གསལ་ཉམས་ལེན་ལྔ་སྐོར་མན་ངག་གནད་དོན་བཞི་པ་བཅས། ༣༤ ༽  གཡུང་དྲུང་བོན་གྱི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་ཀུན་འདུས། ༣༥ ༽  ཀློང་ལས་ཅིར་ཡང་སྤྲུལ་པའི་མཆོད་རྟེན་གྱི་དེབ། ༣༦ ༽  སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས་ཀྱི་གཞུང་དང་ཆ་ལག་བཅས་པ།༼   འདི་སྔར་བསྐྲུན་ཟིན་པ་ཞིག་ཡིན་ཡང་རྫོགས་ཟིན་ནས་སླར་ཡང་བསྐྱར་སྐྲུན་ཞུས་པ་ཞིག་ཡིན། ༽  ༣༧ ༽  རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་སྟོད་ཆ། ༣༨ ༽  རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་སྨད་ཆ། ༣༩ ༽  མ་ཏྲི་རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་གཞུང་ཆ་ལག་དང་བཅས་པ། ༤༠ ༽  མཛོད་ལྷ་འགྲེལ་སྟོད་ཆ། ༤༡ ༽  མཛོད་ལྷ་འགྲེལ་སྨད་ཆ། ༤༢ ༽  ཀུན་བཟང་མཉམ་ཉིད་ཀྱི་རྒྱུད་སོགས་སྔགས་རྫོགས་ཀྱི་རྒྱུད་སྡེ། ༤༣ ༽  གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད། ༤༤ ༽  གསང་ཐུས་ཐིག་ལེའི་བཀོད་པ། ༤༥ ༽  དྲན་པ་གསེར་གདམས། ༤༦ ༽  གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་བྱུང་རིམ་གཟུར་གནས་དགྱེས་པའི་འབེལ་གཏམ། ༤༧ ༽  ཨ་དཀར་པ་འཆི་མེད་བློ་གསལ་ལགས་ཀྱིས་དད་སྦྱིན་གནང་བའི་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བཅོ་ལྔ་པ་བཅས་སོ། །

དེར་མཚུངས་དཔེ་མཛོད་ཁང་འདི་ནས་དཔེ་རྙིང་གི་དཔེ་གཟུགས་སུ་དཔར་སྐྲུན་ཞུས་པ་ཁག་ཅིག་སྟེ། ཡོངས་འཛིན་སྨྲ་བའི་དབང་པོའི་གསུང་འབུམ་པོད་བཅུ་བཞི་ཐམ་པའི་བདག་ཉིད་ཅན་ཞིག་སི་ཁྲོན་ནས་ཚར་གྲངས་ཅིག་སྟོང་ཐམ་པ་དཔར་བ་དང་། ཞིང་གཤེགས་དམ་པ་དམར་ཚ་རིན་ཆེན་རྒྱལ་མཚན་ནང་མིས་དད་སྦྱིན་བྱས་ནས་དཔར་སྐྲུན་ཞུས་པ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་། ཉམས་རྒྱུད་རྒྱས་པ་སྐྱ་སྨུག་གཉིས། འབྲིང་པོ་སོར་བཞག་བཅས་ཀྱི་གསུང་པོད་དང་། སློབ་གཉེར་བ་བློ་གྲོས་བཟོད་པའི་ནང་མིས་དད་སྦྱིན་བྱས་ནས་པར་སྐྲུན་ཞུས་པ་བོན་སྐྱོང་སྒྲུབ་སྐོར་པོད་གཅིག་བཅས་སོ། །

      གོང་གསལ་ལྟར་དཔེ་ཆ་དང་དེབ་ཕྲེང་འདི་དག་ནི་ནང་ནས་སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས་ཞེས་པའི་དེབ་ཕྲེང་ཉེར་གཅིག་གི་བདག་ཉིད་ཅན་དང་། ཐང་ཀའི་དེབ་ཆེན་གཅིག མཆོད་རྟེན་གྱི་དེབ་གཅིག་བཅས་ཁྱོན་བསྡོམས་དེབ་ཕྲེང་ ༢༤ ཉེར་བཞི་ཙམ་ནི་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དཔེ་མཛོད་ཁང་གིས་པར་སྐྲུན་ཞུས་པ་ཞིག་ཡིན་ལ་དེ་མིན་དཔེ་ཆ་དང་དེབ་ཕྲེང་རྣམས་ས་གནས་མི་འདྲ་བ་ཅི་རིགས་ནས་དཔེ་སྐྲུན་འགྲེམ་སྤེལ་གནང་བ་ཞིག་ཡིན། ལས་དོན་དེ་དག་ནི་སྐྱབས་རྗེ་མཁན་སློབ་རྣམ་པའི་བཀའ་དགོངས་གཞིར་བཟུང་ནས་ངེད་ཅག་ལས་དོན་སྒྲུབ་མཁན་རྣམས་ཀྱིས་དགོན་གྱི་ཉིན་ཚོགས་ཀྱི་དུས་ཚོད་རིང་མིན་ཐུང་མིན་ཁོ་ནར་བེད་སྤྱོད་དེ་བོན་གྱི་དཔེ་དཀོན་རིགས་དང་ལྷག་པར་དུ་སྔགས་རྫོགས་གཉིས་ཀྱི་དཔེ་རྙིང་ཁག་གང་ཐུབ་ཅི་ཐུབ་ཀྱིས་སྲུང་སྐྱོབ་ཀྱི་ལས་འགན་ཁུར་དུ་བླངས་པའི་བྱས་རྗེས་ཤིག་ཡིན་པ་ལས་ཚོང་དོན་དང་མ་རུང་བའི་ཀུན་སློང་ཞེ་ཐོག་ཏུ་མེད་པས་དཔེ་གཟིགས་གནང་མཁན་རྣམས་ཀྱིས་ཀྱང་དེ་ལུགས་ཐུགས་དབུས་སུ་འཇོག་པར་འཚལ། ལྷག་དོན་པར་སྐྲུན་དང་ཞུ་དག་གི་ལས་རིགས་འདི་ཉིད་ཧ་ཅང་རྙོག་འཛིང་ཅན་ཞིག་ཡིན་སྟབས་དཔེ་ཆ་རེའི་དབུ་གཞུང་མཇུག་གསུམ་ཆ་ཚང་ལ་ལས་དཀའ་བྱེད་མཁན་གཏན་འཇགས་དང་གཏན་ཁེལ་ཞིག་མེད་པས་ལེའུ་ཚན་རེ་ལའང་མི་སྣ་མང་པོས་ལག་པ་འཇུ་དགོས་པ་དེ་འདྲ་བྱུང་ཡོད་པ་མ་ཟད་གློག་ཀླད་ལ་ཉམས་མྱོང་ཞན་ཁར། ལས་ཡུན་ཡང་གོང་ཞུས་ལྟར་ཉིན་ཚོགས་སྐབས་དང་དེ་མིན་སོ་སོས་དང་བླངས་དང་དོ་སྣང་གང་གནང་བ་དེ་ལས་དུས་ཚོད་ངེས་ཅན་ཞིག་མེད་སྟབས་ཞག་གྲངས་ཟླ་གྲངས་གི་བར་གསེང་བསྟུད་པ་དང་། མཐའ་ན་ལོ་འཁོར་མོའི་ནང་དཔེ་ཆ་རེ་ལ་འཇུས་ནས་ཞུ་དག་པ་སོ་སོའི་བསམ་ཚོད་དང་བློ་ལ་འབབ་མིན་གྱིས་ཡང་བསྐོར་བསྐྱར་སྐོར་གྱིས་དཔེ་བསྡུར་བྱས་པ་དེ་འདྲ་ཡང་བྱུང་ཡོད། མཐར་མཇུག་ལས་དོན་གེགས་མེད་གྲུབ་ཡོད་ཀྱང་དཔེ་སྐྲུན་བྱེད་མཁན་དང་དཔེ་སྐྲུན་བྱ་སའི་བར་ཐག་ཧ་ཅང་འགྱངས་ཆེ་བས་ངེད་ཚོས་ཡང་ཡང་དཔྱད་ཞིབ་བྱེད་པའི་གོ་སྐབས་དབེན་པ་དང་། དམིགས་བསལ་ད་རེས་པར་སྐྲུན་ཞུས་པའི་དེབ་ཕྲེང་བཅུ་གཅིག་ནས་ཉེར་གཅིག་བར་གྱི་དཔེ་ཚོགས་འདི་ཉིད་གྲ་སྒྲིག་ཟིན་ནས་ད་བར་ཕལ་ཆེར་ལོ་འཁོར་གཉིས་ནས་གསུམ་བར་དུ་ངང་སྒུག་ཞུས་པ་ལས་ཁ་སང་དེ་རིང་གཞི་ནས་པར་སྐྲུན་ཞུ་ཐུབ་པ་བྱུང་བ་ལགས། 

གཞན་དུ་ད་རེས་དགོངས་སེལ་ཞུ་དགོས་པ་ཞིག་ལ་དཔེ་ཚོགས་འདིའི་དཔེ་འཇུག་བྱེད་མཁན་དང་ཞུ་དག་པ་རྣམས་ཀྱི་མཚན་ཐོ་ཆ་ཚང་སྔ་ས་ནས་བསྐུར་ཏེ་ཁོང་ཚོར་འཕྲོད་ཡོད་ཀྱང་དངོས་སུ་དཔར་སྐྲུན་ཟིན་པའི་དཔེ་དེབ་བཅུ་པོ་ཆ་ཚང་ལ་བསྐྱར་སྐྲུན་ཞུ་རྒྱུའི་དཔེ་དེབ་རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་ལས་མི་རྣམས་རིགས་འགྲེས་ཀྱིས་བཀོད་ནས་ནོར་འཁྲུལ་ལམ་ཞན་ཆ་ཞིག་ཀྱང་ཞོར་ལ་ཐོན་འདུག ཚུལ་དེ་རིགས་ནི་ཤིན་ཏུ་མི་འོས་པ་ཞིག་ཡིན་སྟབས་ངེད་ཚོས་དཔེ་དེབ་རེའི་མཇུག་ཏུ་ལས་མི་རྣམས་ཀྱི་མཚན་ཐོ་རེ་གསར་དུ་བཏགས་པའི་ཐབས་ལམ་ཙམ་ལས་གཞན་པའི་ཡོ་བསྲང་གནང་རྒྱུ་ཧ་ཅང་འཕྱིས་ཚར་བའི་རང་བཞིན་དུ་གྱུར། དེ་དང་དེ་བཞིན་དཔེ་ཚོགས་རྣམས་ཀྱི་མགོ་མཇུག་བར་གསུམ་ལ་མ་འགྲིགས་པ་དང་མི་འོས་པའི་ཞན་ཆ་གང་ཡོད་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་པའི་རྒྱ་ཆེའི་མཁྱེན་ཡངས་ལྡན་པ་རྣམས་ལ་དགོངས་སེལ་ཞུ་རྒྱུ་མ་ཟད་མ་འོངས་པར་བཀའ་སློབ་ལམ་སྟོན་ཅི་ནས་ཡོད་པ་ཞུ། ལས་དོན་འདི་དག་གི་རིང་སྔ་འཕྱི་བར་གསུམ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྣམས་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

        སླད་མ་འོངས་པར་ཡང་དཔེ་མཛོད་ཁང་འདིར་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་རིག་དངོས་སྲུང་སྐྱོབ་ཆེད་ཞང་བོད་ལོ་རྒྱུས་ཞིབ་འཇུག་གི་སྡེ་ཚན་གསར་འཛུགས་དང་མི་སྣ་བསྐྱེད་བསྲིང་། རྒྱལ་རབས་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་བཅས་ཀྱི་དཔེ་དཀོན་རིགས་རྣམས་པར་དུ་བསྐྲུན་ཏེ་ཞང་བོད་ཀྱི་ལོ་རྒྱུས་དང་། བོན་ཞིབ་འཇུག་གི་མཐུན་རྐྱེན་ཇེ་ཚང་དུ་གཏོང་རྒྱུ་བཅས་ཀྱི་ལས་འཆར་ཡོད་པ་བཅས།

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་ཕྱི་ལོའི་ ༢༠༡༣ ཟླ་ ༡༡ ཚེས་ ༠༧ ཉིན་ཕུལ།

(སྤྱིའི་གཟིགས་གྲངས། 262 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 &nbs…
error: རྩོམ་འདི་བདག་དབང་ཅན་ཡིན།