ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མིག་སུ་ཀོ་ནང་ལོགས་སུ་བཞུགས་པའི་གཡུང་དྲུང་ཡོངས་རྫོགས་ཀྱི་མཆོད་རྟེན་ཆེན་མོའི་མཛད་སྒོ།


      ཕྱི་ལོ་༢༠༡༠།༡༡།༣༠།ཉིན་མེག་སི་ཀོ་(Mexico)ཁྱུང་རྫོང་ཚོགས་པ་ནས་ཇི་ལྟར་གྲ་སྒྲིག་ཞུས་པ་བཞིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་གཙོས་སྟོན་འཁོར་ལྷན་མིག་སི་ཀོ་(Mexico)རྒྱལ་ས་ནས་ཐད་འཕུར་གནམ་གྲུ་བརྒྱུད་(Valle de Bravo)ལ་ཆིབས་སྒྱུར་བསྐྱངས་ཤིང་དད་སྦྱིན་ལི་ཡུང་གིས་སྣེ་ལེན་ཟབ་རྒྱས་ཞུས། ཕྱི་ལོ་༢༠༡༠།༡༢།༠༡།ཉིན་སྟོན་འཁོར་ལྷན་གཡུང་དྲུང་ཡོངས་རྫོགས་ཀྱི་མཆོད་རྟེན་ཆེན་མོའི་དྲུང་དུ་དངོས་སུ་ཞབས་ཕེབས་ཏེ་རྟེན་གྱི་གཟུངས་འཇུག་རྣམས་ལ་བྱིན་དབབ་པ་དང་། བཞུགས་སུ་གསོལ་བ། བཀྲ་ཤིས་པ་བཅས་ཀྱི་སྒོ་ནས་མཛད་འཕྲིན་བསྐྱངས། 

      ཕྱི་ཚེས་༢།༣།ལ་ཡོངས་འཛིན་སྟོན་འཁོར་ལྷན་གྱིས་དངོས་གཞི་རབ་གནས་ཀྱི་མཛད་འཕྲིན་དབུ་བཙུགས་ཏེ་དབང་ལྡན་དུས་ཀྱི་འཁོར་ལོ་དང་། རྟེན་གསུམ་རབ་ཏུ་གནས་པའི་དཀྱིལ་འཁོར་ཞལ་ཕྱེས་ཤིང་བདེར་བར་གཤེགས་པའི་ཐུགས་རྟེན་གཡུང་དྲུང་ཡོངས་རྫོགས་ཀྱི་མཆོད་རྟེན་ཆེན་མོའི་ཕྱི་ནང་ཁོར་ཡུག་ཀུན་ལ་ཁྲུས་གསོལ་བ་དང་། མངའ་དབུལ་བ། ཞལ་བསྲོ་བ་སོགས་དངོས་གཞི་རིམ་པ་བདུན་གྱི་སྒོ་ནས་གཞུང་བསྲངས་ཏེ་རབ་གནས་བྱིན་རླབས་བཀའ་དྲིན་ཆེ་བསྐྱངས་གནང་།

      མཆོད་རྟེན་འདི་ཉིད་ཀྱི་ཞེང་ཚད་ལ་མིས་ཊར་(mt)ཉི་ཤུ་དང་རྔམ་ཚད་ལ་མིས་ཊར་(mt)༣༦ཙམ་དང་། མཆོད་རྟེན་གྱི་བུམ་པའི་བྲེ་ཡི་མན་ཐོག་རྩེག་མཐོ་རྔམ་ཅན་གྱི་ཁང་བཟང་གསུམ་ལས་གྲུབ་པ་ཞིག་ཡིནཔས། ནུབ་གླིང་གི་ཁུལ་དུ་བཞུགས་པའི་བོད་ལུགས་ཀྱི་མཆོད་རྟེན་ཆེ་ཤོས་དེ་ཆགས་ཡོད་འདུག དེ་ལྟར་བོན་གྱི་མཆོད་རྟེན་ཆེན་མོ་འདི་ཉིད་ཇི་ལྟར་བཞེངས་སྐྲུན་གནང་བའི་ཚུལ་ནི་ཐོག་མར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གི་ཐུགས་དགོངས་དང་འཆར་འགོད་བཀའ་སློབ་བཅས་གཙིགས་སུ་བཟུང་ནས་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གིས་ཤེས་འཇོན་དང་ཐབས་མཁས་ལྷག་བསམ་བཅས་ལ་བརྟེན་ནས་(Mexico)ཁྱུང་རྫོང་ཚོགས་པ་ཁག་གིས་ལོ་ངོ་བཅུ་གྲངས་ནང་དཀའ་སྤྱད་འབད་བརྩོན་དང་མི་རྒྱུ་ནུས་གསུམ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། བོན་གྱི་བླ་གྲྭ་དགེ་བཤེས་དུ་མས་ཕྱར་གྲུ་མཉམ་འདེགས་གནང་བའི་རྒྱུ་མཚན་བཅས་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པ་རེད།

      བླ་མ་བསྟན་འཛིན་དབང་རྒྱལ་ཁོང་གི་མི་ཚེའི་ལོ་རྒྱུས་མདོར་བསྡུས་བོན་སྒོའི་དེབ་ཕྲེང་ལས་འཁོད་གསལ་ལྟར་ཡིན་པས་སྐབས་འདིར་གསལ་བཤད་ཀྱི་སྤྲོས་པ་བསྐྱུངས་ཤིང་། དམིགས་བསལ་ཁོང་གི་ཕྱག་ལས་གནང་ཕྱོགས་ཐད་ཅུང་ཙམ་སྨོས་ན། ཕྱི་ལོ་༡༩༩༠ནང་སྐོར་ནས་བཟུང་ཐོག་མར་ཁོང་གིས་ཨ་རིའི་ནང་ལིག་མིན་རྐྱ་(Ligminch Intitute)ཞེས་བོད་དང་བོན་གྱི་ཤེས་ཡོན་རིག་གནས་དང་གཙོ་བོ་སྔགས་རྫོགས་ཉམས་ལེན་གནང་སའི་ཚོགས་སྡེ་དེ་ཉིད་དབུ་འཛུགས་གནང་སྟེ་དེ་ནས་ད་བར་ཨ་རི་(America)གཙོར་བྱས་འཛམ་གླིང་གི་རྒྱལ་ཁབ་ཁག་མི་འདྲ་བ་དུ་མའི་ནང་དུ་ཁྱུང་རྫོང་ཞེས་པའི་མཚན་ཅན་གྱི་ཚོགས་སྡེ་༣༥ཙམ་དང་། བྱམས་མ་གླིང་ཞེས་པའི་གཙོ་ཁག་ཚོགས་པ་བཞི་བཅས་བཙུགས་གནང་བ་མ་ཟད་གཉིད་ལམ་དང་འབྱུང་ལྔའི་སྐོར་སོགས་དེབ་ཕྲེང་སྣ་ཁ་མི་འདྲ་བ་བཅོ་ལྔ་ཙམ་ཞིག་དབྱིན་སྐད་དུ་ལྗགས་རྩོམ་གནང་ཡོད། དཔེ་དེབ་དེ་དག་ཕལ་ཆེ་བ་འཛམ་གླིང་ཤར་ནུབ་ཀྱི་སྐད་རིགས་མི་འདྲ་བ་ཉི་ཤུའི་སྟེང་ཕབ་བསྒྱུར་ཞུས་ཏེ་འགྲེམས་སྤེལ་གནང་ཡོད་པས་འཛམ་གླིང་གི་མཁས་དབང་དུ་མ་དང་ཤེས་ཡོན་པའི་སྡེ་ཁག་དུ་མས་ཧ་ཅང་འདེང་འཇོག་ཆེན་པོ་ཐོབ་ཡོད་པ་རེད། སྐད་རིགས་དེ་དག་གི་ནང་དུ་ཁ་ཆེའི་སྐད་ཡིག་གི་ཐོག་ཏུའང་བསྒྱུར་བསྐྲུན་གནང་བའང་ཡོད།

      བཤད་མ་ཐག་པའི་ཚོགས་པ་དེ་དག་གི་ནང་དུ་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ཁོང་གིས་ལོ་རེ་དང་ཟླ་རེ་ཞག་རེ་བཞིན་དལ་ཁོམས་མེད་པར་འཁོར་གྱི་སློབ་ཚོགས་རྣམས་ལ་ཞང་བོད་ཀྱི་ཤེས་རིག་སྤྱི་དང་བྱེ་བྲག་ཏུ་སེམས་ཀྱི་ཉམས་ལེན་གནང་ཕྱོགས་ཐད་སློབ་པ་དང་སྤེལ་བ་བཅས་ཐར་ལམ་བཀྲིད་དྲངས་ཀྱི་ཚུལ་དུ་བོན་གདམས་འཆད་ཁྲིད་རྒྱུན་མར་གནང་བཞིན་འདུག ད་ལན་མཆོད་རྟེན་འདི་ཉིད་བཞེངས་སྐྲུན་གནང་བའི་དགོས་ཕན་གཙོ་བོ་ནི། རྒྱལ་བའི་བཀའ་དྲི་མ་མེད་པ་ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་ལས། ནགས་ཚལ་ལྗོན་ལ་བཞེངས་པ་ན། །འཕན་ཕྱུག་གཡང་གི་མངའ་ཐང་བསྐྱེད།

      ཅེས་པའི་ལུང་དོན་ལྟར་བཞེངས་པ་ཞིག་ཡིན་འདུག་པས་འདི་འདྲའི་སངས་རྒྱས་ཀྱི་རྟེན་ཁྱད་པར་ཅན་ལ་བརྟེན་ནས་ཕྱི་རབས་རྗེས་འཇུག་པ་རྣམས་ཀྱིས་སངས་རྒྱས་ཀྱི་མཛད་འཕྲིན་རྗེས་སུ་དྲན་པ་དང་། དེ་ལྟར་རྟེན་མཆོག་ཁྱད་པར་ཅན་ལ་ཕྱག་སྐོར་མཆོད་འབུལ་བྱས་པའི་བསོད་ནམས་ཀྱི་དགེ་བས་སྤྱིར་ན་འཛམ་གླིང་ཞི་ཞིང་བདེ་བ་དང་། སྐྱེ་འགྲོ་བདེ་ཞིང་སྐྱིད་པ། བཙན་ཕྱུག་འཕན་དར་འཛོམས་པ། དེ་ལ་བརྟེན་ནས་བྱམས་དང་སྙིང་རྗེ་ཆེན་པོ་རང་རྒྱུད་ལ་སྐྱེ་ཤིང་གཞན་རྒྱུད་འདུལ་བའི་ཐར་པའི་ལམ་སྣེ་རེག་པ་སོགས་འདི་ཕྱིའི་དོན་གཉིས་ཀྱི་དགེ་ཕན་བསམ་གྱིས་མི་ཁྱབ་པ་ཡོད་པ་ནི་བོན་གྱི་རྒྱུད་ལུང་ཁག་ལས་ཇི་ལྟར་གསུངས་པ་བཞིན་ཡིན་པས་འདིར་ཞིབ་བཤད་ཀྱི་དགོས་པ་ཆུང་ངོ་། །

      ཕྱི་ཚེས་༣གྱི་དགོང་མོར་ནང་པའི་ཆོས་ལུགས་ཁག་མི་འདྲ་བ་ལྔ་ཙམ་གྱི་མི་འཐུས་གདན་འདྲེན་དང་གོ་སྒྲིག་ཞུས་འདུག་པ་ལྟར་ཁྱུང་རྫོང་ཚོགས་པའི་ཚོགས་ཁང་ཆེན་མོའི་ནང་དུ་དད་ལྡན་སློབ་མ་སུམ་བརྒྱ་ལྷག་ཙམ་ཞིག་ལ་བླ་མ་བསྟན་འཛིན་དབང་རྒྱལ་གཙོར་བྱས་ཏེ་ཆོས་བརྒྱུད་མི་འཐུས་སོ་སོས་སེམས་ཀྱི་ཞི་བདེ་སྒྲུབ་ཚུལ་ཐད་ཉམས་མྱོང་སྤེལ་རེས་ཀྱི་མཛད་སྒོ་སྟབས་བདེ་ཞིག་ལེགས་སྒྲུབ་ཞུས།

      ཕྱི་ཚེས་༤ཉིན་མཆོད་རྟེན་སྒོ་འབྱེད་ཀྱི་དངོས་གཞིའི་མཛད་སྒོ་ཆེན་མོ་དབུ་ཚུགས་ཏེ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་། བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་བཅས་རྣམ་པ་གསུམ་གཙོར་བྱས་པའི་འཛམ་གླིང་ཤར་ནུབ་ཁག་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་ཏེ།

      ཀུན་གྲོལ་འཕྲིན་ལས་ནམ་མཁའ་དབང་རྒྱལ་རིན་པོ་ཆེ་དང་། ཁ་ན་ཌ(Canada)བཞུགས་པའི་བོན་གྱི་དགེ་བཤེས་གཡུང་དྲུང་། བླ་མ་ཁྱིམ་གསར་རིན་པོ་ཆེ། དགེ་བཤེས་བསྟན་འཛིན་སྦྱིན་པ། དགེ་བཤེས་བསྟན་འཛིན་ཡེ་ཤེས། གཤེན་གྱི་རྣལ་འབྱོར་བ་དྲང་སྲོང་སངས་རྒྱས་སྨོན་ལམ། ལྷ་རིས་སྐལ་བཟང་ཉི་མ་སོགས་བླ་སྤྲུལ་དགེ་བཤེས་ཁག་དང་།

      དེ་མིན་ནུབ་གླིང་ཁུལ་དུ་ཡོད་པའི་བོན་ཚོགས་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་ནང་པའི་ཆོས་ཚོགས་ཁག་ནས་ཕེབས་པའི་འཐུས་ཚབ་རྣམ་པ་གཙོས་མི་གྲངས་སྟོང་ཕྲག་ལྷག་ཙམ་ཞིག་འདུ་འཛོམས་གནང་འདུག

      ཐོག་མར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་རྣམ་གཉིས་གཙོས་བླ་སྤྲུལ་དགེ་བཤེས་རྣམས་དུང་དང་སྤོས་སྣེས་སྤྱན་དྲངས་ཏེ་མཆོད་རྟེན་གྱི་མདུན་ངོས་སུ་ཇི་ལྟར་གྲ་སྒྲིག་གནང་བ་བཞིན་རང་རང་གི་བཞུགས་གདན་དུ་འཁོད་མཚམས་(Mexico)བོན་ཚོགས་ཀྱི་ཚོགས་གཙོས་(Carlos Madero)སྐུ་མགྲོན་ལྷན་རྒྱས་ལ་དགའ་བསུ་ཞུས་ཤིང་གསུང་བཤད་གནང་བ་དང་། དེ་ནས་རིམ་པས་ལིག་མིན་རྐྱའི་བོན་ཚོགས་ཀྱི་ཚོགས་གཙོ་(Gabriel Rocco)དང་། (Mexico)སྤྲུལ་སྐུ་འཇིགས་མེད་རྡོ་རྗེའི་ཡབ་(Jorge Valles)བཅས་ཀྱིས་རང་རང་གི་ཚོར་སྣང་དང་འབྲེལ་བའི་གསུང་བཤད་ཞིབ་རྒྱས་གནང་། དེ་རྗེས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་མཆོད་རྟེན་གྱི་ངོ་བོ་དང་། བཞེངས་སྐྲུན་གནང་བའི་དགེ་མཚན་བཅས་བཀའ་སློབ་སྙིང་བསྡུས་གསུངས་མཚམས་བླ་གྲྭ་རྣམས་ཀྱིས་དབང་ལྡན་དུས་ཀྱི་འཁོར་ལོའི་བཀྲ་ཤིས་དང་། མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་ཀྱི་མར་མེའི་སྨོན་ལམ། བོན་བསྟན་རྒྱས་པའི་སྨོན་ལམ་བསྟན་འབར་མ་བཅས་གྱེར་དབྱངས་གནང་བཞིན་མཆོད་མེ་ལག་ཏུ་བརྒྱུད་ནས་མཆོད་འབྲུ་དང་མེ་ཏོག་སིལ་མ་གཏོར། དེ་ནས་བླ་གྲྭ་སྟོན་འཁོར་ལྷན་སྐུ་བཞེངས་གནང་སྟེ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། བླ་མ་བསྟན་འཛིན་དབང་རྒྱལ་རྣམ་གཉིས་ནས་སྒོ་འབྱེད་རྟེན་འབྲེལ་གྱི་དར་མཚོན་གཅོད་བྲེག་གནང་།

      དེ་རྗེས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མཆོད་རྟེན་གྱི་སྒོ་ཆེན་ཐོད་དུ་མར་གྱི་སྲུང་བྱུག་པ་དང་། དེ་ནས་བླ་སྤྲུལ་དགེ་བཤེས་མི་མང་ལྷན་གྱིས་དུས་གཅིག་ཏུ་ཀི་བསྭོ་ལྷ་རྒྱལ་འཐེན་ཞིང་ཕྱེ་མར་ནམ་མཁར་གཏོར། དེ་རྗེས་སྐྱབས་རྗེ་ཡོངས་རིན་པོ་ཆེ་མཆོག་མཆོད་རྟེན་གྱི་ཚོགས་ཁང་ཆེན་མོའི་ནང་གདན་འདྲེན་ཞུས་ཞིང་ཁྲི་ལ་བཞུགས་སུ་གསོལ་ཏེ། བླ་གྲྭ་རྣམས་ཀྱིས་ཞབས་བརྟན་གསོལ་འདེབས་དང་ཚེ་སྙིང་དབྱངས་རྟ་ལ་འགུག་བཞིན་དད་ལྡན་སྐུ་མགྲོན་ལྷན་རྒྱས་ཀྱིས་མཇལ་ཞུ་ཁ་བཏགས་དང་གསོལ་འདེབས་བྱིན་རླབས་ཞུས་མཚམས་མཛད་སྒོའི་རྟེན་འབྲེལ་འདི་ཉིད་མགོ་མཇུག་བར་གསུམ་དུ་ཁ་དགེ་བཀྲ་ཤིས་དང་རྒྱལ་ཁའི་ངང་མཇུག་གྲུབ་པའོ།། ཕྱི་ཚེས་༠༧ཉིན་གྱི་དགུང་མོར་བླ་མ་བསྟན་འཛིན་དབང་རྒྱལ་གཙོས་བོན་ཚོགས་ཁག་གི་གཙོ་གནད་མི་སྣ་རྣམས་ཀྱིས་༧ཡོངས་འཛིན་སྟོན་འཁོར་ལྷན་(Mexixo)གནམ་ཐང་བར་སྐྱེལ་མ་ཞུས་ཤིང་ཕྱི་ཚེས་༠༨ཉིན་སྟོན་འཁོར་རྣམས་(France)རྒྱལ་ས་(Paris)བརྒྱུད་གཤེན་བསྟན་དར་རྒྱས་གླིང་དུ་བདེ་གནས་ངང་ཞབས་སོར་འཁོད་པའི་གནས་ཚུལ་དུ་ཁྱུང་གསས་པས་བྲིས།

(སྤྱིའི་གཟིགས་གྲངས། 134 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །ཕྱི་ལ…
error: རྩོམ་འདི་བདག་དབང་ཅན་ཡིན།