ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དཔེ་གོ་ལྡེ་སྐལ་བཟང་གི་མཚམས་སྦྱོར།

རྩོམ་པ་པོ། རླུང་གྲོགས།

P1010088༄༅། །རྒྱལ་བའི་བཀའ་རིན་པོ་ཆེ་ལ་མདོ་འབུམ་རྒྱུད་མཛོད་བཞི་ཕྱེས་པའི་ནང་ནས་ཟབ་མོ་མདོ་ཡི་ཁོངས་སུ་གཏོགས་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་གསུང་པོད་བརྒྱད་པ་དང་དགུ་པ་གོ་ལྡེའི་བསྐལ་བཟང་གི་མཚམས་སྦྱོར་ཉུང་བསྡུས་ཤིག་སྟེ། གཞུང་འདི་ནི་གོ་ལྡེ་འཕགས་སྒོམ་གཡུང་དྲུང་ཡེ་ཤེས་ཀྱིས་གོ་ཡི་ཕ་བང་གཡག་རོ་འམ་བསེ་འབྲུག་བྲག་ནས་གཏེར་དུ་བཞེས་པ་ཞིག་ཡིན་ལ། དེ་ནི་ཐོག་མར་འོལ་མོ་ལུང་རིང་གསང་བའི་གནས་ཁྲི་སྨོན་རྒྱལ་བཞེད་དགའ་བའི་གསས་ཁང་དུ། རྣམ་པ་ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རབ་མི་བོ་ཡིས། ཞུ་འཁོར་གཤེན་བརྒྱད་དང་མུ་ཆོ་ལྡེམ་དྲུག །འཕྲུལ་དགའ་གཙུག་ཕུད།  ལྷ་བུ་ཀུ་བྱི་མང་ཀེ། ཀླུ་མོ་གང་ག་འོད་ཀྱི་མདངས་ལྡན་མ་སོགས་ལ་གསུངས་སོ། །གཤེན་རབ་ཉིད་ཀྱིས་བསྐལ་སྲིད་གྲངས་མེད་ཀྱི་སྲིད་པ་གཏན་ལ་དབབ་པར་དགོངས་ནས་ཐུགས་ཡེ་མཁྱེན་གྱི་ཏིང་ངེ་འཛིན་ལ་བཞུགས་ཏེ། བསྐལ་སྲིད་ཐུགས་ལས་ས་ལེ་གསལ་ལོ། །འོད་ཟེར་འབུམ་ཕྲག་སྟོང་གསུམ་དུ་སྤྲོས་པའི་དུས་སྟོང་གསུམ་གྱི་ལྷག་མཐོང་ནས་མངོན་ཤེས་ཕྲའུ་ཅན་གྱི་སེམས་ཅན་དང་། སེམས་དཔའ་རྣམས་ཟིལ་གྱིས་མནན་ཏེ། དཔེར་ན་ཉི་མས་སྐར་མ་ཟིལ་གྱིས་མནན་ཏེ། སྐར་མས་མི་གསལ་བ་ལྟར་ཟིལ་གྱིས་མནན་ནོ། །ཞེས་ཆེ་བའི་ཡོན་ཏན་དང་སྐུ་ཡི་ཆ་ལུགས་སོགས་ཞིབ་པར་བསྟན་འདུག་ཀྱང་འདིར་ཚིག་དུམ་འགའ་ཙམ་ལས་མ་དྲངས་པས་ཞིབ་པར་གཞུང་ལ་གཟིགས་པར་འཚལ། མཚན་གྱི་རྣམ་གྲངས་ཡང་འགའ་ཞིག་སྟེ། རྗེས་སུ་འདོགས་པ་ནི་གོ་ལྡེའི་བསྐལ་བཟང་འགྲོ་བ་འདྲེན་པའི་མདོ་ཞེས་གསུངས་པ་འདིའོ། །གཞན་ཡང་། གཡུང་དྲུང་ལྷ་ཡི་སྐད་དུ། ཧ་ར་སླི་མིན་སད་དོ་དན་ཏ་སྨར། གྱེར་ཞི་ཏན་ཏྲ་ཁོད་དོ་སྨར་སྤུངས་ནི་སྤུངས་སོ། ཁེར་མིན་ཏན་ཏྲ་སྨར། གང་ཟག་མི་ཡི་སྐད་དུ། ཡེ་ཤེས་ཉི་མ་ལྷ་ཡི་རྒྱུད།བོན་ཉིད་འགྲོ་འདུལ་སྟོན་པའི་རྒྱུད། གཤེན་རབ་རྣམ་སྤྲུལ་བཀོད་པའི་རྒྱུད། ཡང་དག་གཤེན་གྱི་སྐད་དུ། ཡེ་གཤེན་ཐུགས་རྗེ་འགྲོ་འདུལ་བས། ཡེ་ཤེས་གཤེན་རབ་སྟོང་རྩ་གཉིས་ཀྱིས། འགྲོ་བ་ཐུགས་རྗེས་འདྲེན་པའི་མདོ་ཞེས་བྱ་བ་སོགས་མཚན་གྱི་རྣམ་གྲངས་སོ།།

གཞན་ཡང་བཀའ་འགྱུར་དཀར་ཆག་འགའ་ཞིག་ལས་བསྐལ་བཟང་སྡེ་གསུམ་ལས་གོ་ལྡེ་བསྐལ་བཟང་དང་གླིང་གཤེན་བསྐལ་བཟང་གཉིས་མ་གསལ། འོན་ཀྱང་ད་བཞུགས་ཀྱི་བཀའ་འགྱུར་རིན་པོ་ཆེ་རུ་བསྐལ་བཟང་སྡེ་ལྔ་ཚང་པར་འདུག་ལ། འདིར་གོ་ལྡེ་བསྐལ་བཟང་དང་དྲུང་མུ་བསྐལ་བཟང་གཉིས་ནི་ཚིག་སྦྱོར་དང་བརྡ་འགྲོས་ཅུང་ཙམ་མི་མཐུན་པ་ལས་སྤྱི་ཁོག་གཅིག་པར་འདུག་གོ ། བདུད་འདུལ་བཀའ་འགྱུར་དཀར་ཆག་ལས་འདི་གཉིས་གཏེར་སྙན་ཙམ་མ་གཏོགས་གཅིག་མཚུངས་སུ་གསུང་ཡོད་པར། སྟེང་དགོན་ཅན་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་བསྐལ་བཟང་གི་མཇུག་བྱང་དུ་གསལ། གོང་དེ་སྙན་བརྒྱུད་དང་འདི་ནི་གཏེར་མ་ཡིན་པས་སྙན་བརྒྱུད་ཀྱི་བདེན་དཔང་གཏེར་མས་བྱས་པ་ནི་དཔེ་རྒྱུན་འདི་དག་རྣམ་པར་དག་པ་འདུག་པའི་རྒྱུ་མཚན་ལེགས་པར་སྣང་། བསྐལ་བཟང་འདི་གཉིས་སྙན་དུ་བརྒྱུད་ས་དྲུང་མུ་ཧ་ར་དང་། གཏེར་སྟོན་གཡུང་དྲུང་ཡེ་ཤེས་གཉིས་ཀྱི་མཚན་ནི་སྐད་རིགས་མི་འདྲ་བ་ཙམ་ལས་གཅིག་པ་འདུག་སྟེ། བོད་སྐད་དུ་གཡུང་དྲུང་ཡེ་ཤེས་ཞེས་པ་དེ་ཞང་ཞུང་སྐད་དུ་དྲུང་མུ་ཧ་ར་ཞེས་པའོ། །གཞན་ཡང་བླ་མ་གཅིག་ཡིན་མིན་ནི་མ་ངེས་སོ། །འདིར་གོ་ལྡེ་ཞེས་པ་ནི་ཡུལ་མིང་སྟེ་ཁམས་སྡེ་དགེའི་ཁུལ་དམེ་ཤོད་ཡུལ་གྱི་ས་ཆ་ཧོ་བ་ལུང་པའི་གཡས་ཕྱོགས་གོ་ར་སྒང་གི་སྡེ་ལ་གོ་ལྡེ་ཟེར་བ་ནི་གཤེན་སྲས་ལྷ་རྗེའི་རྣམ་ཐར་ཡུལ་མིའི་ངག་སྒྲོས་ལས་གསལ། གོ་ལྡེ་འཕགས་པ་ལ་ཡང་གཅིག་ཏུ་མ་ངེས་ཏེ་གཤེན་སྲས་ལྷ་རྗེ་དང་གཡུང་དྲུང་ཡེ་ཤེས་གཉིས་ཀ་ལ་གོ་ལྡེ་འཕགས་པ་ཟེར་ཞིང་བླ་མ་དེ་གཉིས་ཀྱི་གཏེར་གནས་གཅིག་པ་ཡང་འདུག་གོ །

གཞུང་འདི་ལས་བྱུང་བའི་དམིགས་གསལ་གྱི་སྒྲ་བཤད་འགའ་ཞིག་ཟུར་དུ་ཕྱུང་ན། མ་འགག་ཚིགས་སུ་འབྱུང་བའི་ཡིག །ཕྱོགས་མེད་ཀུན་ལ་སྤྲོས་པའི་གེ། ཧུཾ་ནི་དབང་དུ་བསྡུད་པའི་སྒྲ། ཨཱོྃ་ནི་རྩ་གདན་བདེ་བཀྲོལ་སྒྲ། བྷྱོ་ནི་ལས་མཁན་བསྐུལ་བའི་སྒྲ། ཨ་ལི་གཟུངས་སྡེ་བཀྲོལ་བའི་སྒྲ། ཀི་ལི་མདོ་འབུམ་བཀྲོལ་བའི་སྒྲ།   རྒྱུད་ནི་ཐམས་ཅད་འབྱུང་བའི་སྒྲ། ལུང་ནི་དབང་རྒྱུད་འཕེལ་བའི་སྒྲ། བཀའ་ནི་གསུང་ལས་བཀྲོལ་བའི་སྒྲ། མན་ངག་བདེན་དོན་བཀྲོལ་བའི་སྒྲ། ཞེས་སོགས་མང་ངོ་།།

གཞུང་འདི་ལ་པོད་གཉིས་དང་ལེའུ་ཉི་ཤུ་ཡོད་པས། གཞུང་འདིའི་བསྟན་དོན་ངེས་པའི་ཕྱིར་ལེའུ་གྲངས་རྣམས་ནི་ཁ་གསལ་བཀོད་ན་འདི་ལྟ་སྟེ།

པོད་ཀ་པ།༽ གླིང་བཞི་འཁོར་འདས་ཀྱིས་སྲིད་ལུགས་བསྐལ་སྲིད་ས་གཅོད་བསྟན་པའི་ལེའུ༼༡༽།། ཞུ་བ་པོ་མུ་ཆོ་ལྡེམ་དྲུག །ཁམས་གསུམ་འཁོར་བའི་སེམས་ཅན་འཁྲུལ་ཅིང་སྲིད་ཐབས་བསྟན་པའི་ལེའུ།།༼༢༽ མུ་ཆོ་ལྡེམ་དྲུག །བོན་ཉིད་ངང་ལས་ཡེ་ཤེས་མ་གཡོས་ཏེ། རྫོགས་སྐུར་སྤྲུལ་ལུགས་འཆད་པའི་ལེའུ།།༼༣༽ འཕྲུལ་དགའ་གཙུག་ཕུད། སྐུ་གསུམ་འདྲེན་པའི་དོན་སྤྲོས་ཤིང་སྤྲུལ་པའི་ལེའུ།།༼༤༽ གཏོ་བུ་འབུམ་སངས། སྤྲུལ་པའི་སྐུ་ལས་ཚིག་དང་ཡི་གེར་སྤྲོས་པའི་ལེའུ།།༼༥༽ ལྷ་བུ་ཀུ་བྱི་མང་ཀེ།དབྱིངས་དང་ཡེ་ཤེས་ཐབས་དང་ཤེས་རབ་ཚུལ་བསྟན་པའི་ལེའུ།།༼༦༽ གཏོ་བུ་འབུམ་སངས། བསྐལ་བཟང་གཤེན་རབ་སྟོང་རྩ་གཉིས། གླིང་གར་འབྱོན་པ་དོན་ཆད་ཅི་ལ་དགོངས་ནས་པ་བསྟན་པའི་ལེའུ།༼༧༽ ཡིད་ཀྱི་ཁྱེའུ་ཆུང་།  མཛད་པ་བཅུ་གཉིས་བཀོད་བྱང་སྤྱི་ལ་སྡོམ་བསྟན་པའི་ལེའུ།།༼༨༽ གསལ་བ་འོད་ལྡན།  བོན་གྱི་སྤྲོས་བསྡུ་རྩ་བ་ལས། རྩེ་གཅིག་གིས་ལུགས་བསྟན་པའི་ལེའུ།།༼༩༽ གསལ་བ་འོད་ལྡན།  ལྷ་གཤེན་སྲིད་པ་གསུམ་གསུམ་སྟོང་རྩ་གཉིས་ཀྱིས་མཚན་གྲངས། ཡབ་ཡུམ་མཚན་མཁན་དང་ཞིང་ཁམས་སྐུ་ཚེ་གདུལ་བྱ་བསྟན་པའི་ལེའུ།།༼༡༠༽༼འདིའི་སྟོད་ཀ་པ་དང་སྨད་ཁ་པ་ཡིན༽གཏོ་བུ་འབུམ་སངས།

པོད་ཁ་པ།༽ ལྷ་གཤེན་སྲིད་པའི་བསྟན་པ་རྫོགས་ནས་འཁོར་བ་དོང་སྤྲུག་མཛད་ཚུལ་བསྟན་པའི་ལེའུ་།།༼༡༡༽གཏོ་བུ་འབུམ་སངས། ཕ་རོལ་ཕྱིན་བཅུའི་དོན་བསླབ་ཐབས་ཀྱི་ལེའུ།།༼༡༢༽ གཏོ་བུ་འབུམ་སངས།  གཤེན་རབ་སྟོང་དང་རྩ་གཉིས་ཀྱིས་མཚན་དང་དཔེ་བྱེད་ཡོན་ཏན་འབྱུང་གནས་ཞུས་པའི་ལེའུ།།༼༡༣༽གཏོ་བུ་འབུམ་སངས། མཆོད་འབུལ་སྒྲུབ་པ་བསྟན་པ་དང་། སྔགས་དང་གཟུངས་གྱིས་ལས་རིམ་བསྟན་པའི་ལེའུ།།༼༡༤༽ཡིད་ཀྱི་ཁྱེའུ་ཆུང་།  བདག་མེད་སྦྱངས་ནས་ལྷ་གཤེན་སྲིད་པ་ཐམས་ཅད་ཀྱི་ཡོན་ཏན་མཚན་དཔེ་ཐུགས་རྗེ་བསྒྲུབས་པའི། ཐབས་བསྟན་པའི་ལེའུ།།༼༡༥༽གཏོ་བུ་འབུམ་སྲས།  བཀུར་ཏི་ཕུད་དུད་ཡོན་ཏན་གྱི་ལེའུ།།༼༡༦༽ཡིད་ཀྱི་ཁྱེའུ་ཆུང་། གཤེན་རབ་སྟོང་དང་རྩ་གཉིས་ཀྱིས་མཚན་དང་དཔེ་བྱེད་ཡོན་ཏན་བསྒྲུབས་པའི་ལེའུ།།༼༡༧༽ཚངས་པ་གཙུག་ཕུད།  དོན་གཉིས་མཐར་ཕྱིན་ཡིད་བཞིན་སྨོན་ལམ་གྱི་ལེའུ།།༼༡༨༽ མུ་ཆོ་ལྡེམ་དྲུག ། འཁོར་འདས་ཀྱི་བོན་སེམས་སུ་འདུས་ཅིང་། ལྷ་གཤེན་སྲིད་པའི་ཐིག་ལེར་འདུས་པའི་ལེའུ།།༼༡༩༽ ཡིད་ཀྱི་ཁྱེའུ་ཆུང་།  རྒྱུད་ཡོངས་སུ་གཏད་ནས་འཁོར་གྱིས་བསྟོད་ཅིང་ཡིད་རང་ཕུལ་བའི་ལེའུ༼༢༠༽ཡིད་ཀྱི་ཁྱེའུ་ཆུང་སོགས་ལ་གསུངས།

སྐབས་འདིར་གསལ་བའི་ལེའུ་གྲངས་ཉི་ཤུ་ཐམ་པ་ངེས་ཀྱང་། ཞུ་བ་པོ་དེ་དག་ནི་དེ་ཙམ་གྱི་མ་ངེས་ལ། འདི་ནི་གཙོ་བོ་ལེའུ་རེ་རེའི་ནང་གི་ཞུ་འཁོར་དང་པོ་དེ་བཀོད་པ་ལས། ལེའུ་རེ་རེས་ནང་ཞུ་འཁོར་གཅིག་གི་མ་ངེས་པ་དུ་མ་འདུག་གོ །

གཞུང་འདིའི་ནང་དུ་གཡུང་དྲུང་ལྷ་ཡི་སྐད་དང་བོད་སྐད་ཤན་སྦྱར་ཅན་དག་དབུ་ཡི་མཚན་དོན་བསྟན་པའི་སྐབས་བཤད་ཟིན་ལ། གཞན་ཞང་བོད་ཀྱི་སྐད་ཤན་སྦྱར་འགའ་ཞིག་གོང་གི་སྒྲ་བཤད་ལས་བསྟན་ཟིན་པའི་འདིར་མ་དྲངས། དེང་དུས་ཀྱི་བརྡ་སྤྲོད་དང་མི་མཐུན་པའི་བརྡ་རྙིང་འགའ་ཞིག་འདུག་པའི་འདིར་མཚན་གཞི་ཙམ་བཀོད་ན། སེམས་ཅན་གྱི་བློ་ལ༼གློ༽ ཕྲག་བརྒྱ་ལ་༼འཕྲག༽ བརྡ་སྤྲོད་ལ་༼བརྡའ༽ མིག་ལ་༼དམིག༽ མི་མཇེད་ལ་༼མི་བཅེད༽ཡི་གེ་ལ་༼ཡིག་གེ༽ བཞད་བགད་༼བཞེད་བརྒད༽  རིང་བསྲེལ་ལ་༼རིང་སེལ༽  སོགས་མང་ངོ་།།

འདིའི་ལེའུ་བཅུ་བདུན་པ་ལས་འཁོར་འདས་ཀྱི་འགྲེས་རྐང་ཡང་སྤྲོས་འདུག་སྟེ །དཔེར་ན་གཟུགས་ཀྱི་རང་བཞིན་ཞེས་པ་ནས་བླ་ན་མེད་པ་ཡངས་དག་པར་རྫོགས་པའི་འབྲས་བུའི་རང་བཞིན་ནི་དམིགས་སུ་མེད་པའི་ཤེས་རབ་ཀྱི་རྩལ་རྣམས་ཡོངས་སུ་སྦྱོངས་པར་བྱའོ། ཞེས་སོགས་སྤྲོས་སོ།། འདིའི་གཏེར་སྲས་དང་བརྒྱུད་རིམ་སོགས་གཞུང་འདིར་མ་གསལ་ལ། གཞན་ནས་ཀྱང་མ་མཐོང་པས་ཚོད་འབྲི་བྱས་མེད་དོ།། རླུང་གྲོགས་པས་ ༡༠༡༦  ༡ ༡༨ ཉིན་མཇུག་རྫོགས་པར་བྱས་སོ།།

ཏི་སེའི་བུས་མཐུན་སྦྱོར་ཞུས།

(སྤྱིའི་གཟིགས་གྲངས། 59 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།