ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དཔེ་དྲི་མེད་གཟི་བརྗིད་པོད་དང་པོའི་མཚམས་སྦྱོར།

རྩོམ་པ་པོ་ཞང་ཚུལ་མི།

བཀའ་འགྱུར་པོད་གྲངས་༡༤།ནས་ ༢༥་བར་འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོའམ། བསྡུས་མིང་དུ་མདོ་དྲི་མེད་གཟི་བརྗིད་ཅེས་པའི་དཔེ་ཆ་འདི་ཉིད་ནི། བཀའ་འགྱུར་མདོ་སྡེའི་ཁོངས་སུ་བྱོན་པའི་་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་ནང་ནས། རྒྱས་པ་ལེའུ་དྲུག་ཅུ་རེ་གཅིག་དང་པུ་ཏི་བཅུ་གཉིས་ཀྱི་བདག་ཉིད་ཅན་དེ་ཡིན། སྤྱིར་མདོ་འདི་ཉིད་ནི་གཤེན་རབ་མི་བོ་ཆེའི་སྐུ་ཚེའི་ལོ་རྒྱུས་རྒྱས་ཤོས་དང་ནང་དོན་འཐུས་སྒོ་ཚང་ཤོས་དེ་ཡིན་སྟབས། དད་ལྡན་སྐྱེ་བོ་རྣམས་ཀྱིས་བྲང་གི་ཐལ་མོ་ཟུམ་ས་ཞིག་དང་། བོད་རིག་པའི་ཉམས་ཞིབ་པ་ཚོས་སྙུག་ཁ་རིང་དུ་བསྲིང་ས་ཞིག་ཀྱང་ཆགས་ཡོད། བརྡ་ཆད་ཚིག་འགྲོས་ཀྱི་ཐད་ནས་ཀྱང་གནའ་ཉམས་དོད་པོ་ཡོད་ལ། ནང་དོན་བརྗོད་བྱའི་སྐོར་ནས་གནའ་དུས་བོད་རང་གི་ཡུལ་སྲོལ་གོམས་གཤིས་འཚོ་བའི་གནས་བབ་སོགས་རྒྱ་ཆེར་སྟོན་པའི་ཐུན་མིན་གྱི་ཁྱད་བོན་དུ་མ་དང་ལྡན་པའི་གལ་ཆེའི་དཔེ་རྙིང་ཞིག་ལགས། མདོ་སྡེ་འདི་ཉིད་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཙམ་དུ་ཁམས་ཁྱུང་པོར་སྐུ་འཁྲུངས་(༡༣༦༠-༡༤༠༦)པའི་སྤྲུལ་སྐུ་བློ་ལྡན་སྙིང་པོས་སྙན་རྒྱུད་ཡིག་གེར་ཕབ་པ་ཞིག་ཡིན་ལ། སྤྱིར་མདོ་སྡེ་འདི་ཉིད་ལ་པོད་བཅུ་གཉིས་དང་ལེའུ་དྲུག་ཅུ་རེ་གཅིག་ཡོད་ཀྱང་། ད་ལན་མཚམས་སྦྱོར་ཞུ་བྱ་ནི་པོད་དང་པོའི་སྐོར་གྱི་ནང་དོན་ལེའུ་ཡིན་སྟབས་གཤམ་ནས་ལེའུ་ཚན་རེ་རེའི་མཚམས་སྦྱོར་གསན་གཟིགས་མངའ་བར་མཁྱེན།

གཟི་བརྗིད་པོད་དང་པོ་འདི་ནི་ལེའུ་བཞི་ཡི་བདག་ཉིད་ཅན་ཞིག་ཡིན། ལེའུ་དང་པོ་འདུས་པ་རིན་པོ་ཆེ་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ཞེས་བྱ་བའི་སྐོར་དེ་ཡིན། ལེའུ་ཚན་དེའི་ནང་དུ་བདེར་གཤེགས་སྟོང་རྩ་གཉིས་བྱུང་ཚུལ་དང་། སྟོན་པ་རབས་དགུའི་ནང་ཚན་ཁྲི་རབས་གོང་མ་རྣམས་ཀྱིས་ལྷ་གཤེན་སྲིད་པ་གསུམ་དང་ཟུང་དུ་འབྲེལ་ནས་བསྟན་འགྲོ་རིམ་བཞིན་རྫོགས་རྗེས་རྣམ་འདྲེན་བརྒྱད་པ་གཤེན་རབ་མི་བོ་ཆེ་ལ། སྟོན་པ་ས་སྟོང་དཔལ་འབྱོར་གྱིས་ཚེ་ལོ་བརྒྱ་པའི་སྟོན་པ་ཕེབས་དགོས་པའི་བཀའ་ཕབས་པ་ལྟར། གཤེན་རབ་མི་བོ་གནས་རིགས་ཆེན་པོ་བཞི་ནས་བབས་ཏེ་གཟུགས་ཁམས་དང་སུམ་ཅུ་རྩ་གསུམ་བཅས་ཀྱི་གནས་སུ་རིམ་བཞིན་ལྷ་རྣམས་ལ་བོན་འཁོར་བསྐོར་ཚུལ་གསལ་པོར་འཁོད་ཡོད། ལེའུ་ཚན་དེའི་ནང་དུ་སྟོན་པས་གཟུགས་མེད་གཟུགས་ཁམས་འདོད་ལྷ་སོགས་འཇིག་རྟེན་གྱི་ལྷ་རིགས་ཀུན་ལ་དགེ་བ་བཅུ་དང་ཕར་རོལ་ཕྱིན་པ་བཅུ་སོགས་ཀྱི་བོན་འཁོར་བསྐོར་ཚུལ་ཞིབ་པོར་འཁོད་པ་ལ་གཞིགས་ན། ཕྱིས་བརྩམས་ས་ལམ་དང་ཕར་ཕྱིན་གྱི་བཀའ་བརྟེན་ཁག་ནས་ཁམས་གོང་མ་གཉིས་ཀྱི་ལྷ་རིགས་ཕལ་ཆེར་ལ་ཐར་ལམ་སྐྱེ་བའི་རྟེན་མི་རུང་ཚུལ་གསུངས་པ་ནི། སླར་ཡང་དཔྱད་ཞིབ་བྱེད་དགོས་པའི་ཚོད་དུ་འདུག་གོ། མདོར་ན་ལེའུ་ཚན་དེའི་ནང་དུ་གཤེན་རབ་མི་བོས་རྩ་གསུམ་ཡན་གྱི་ལྷ་རིགས་ཀུན་བོན་འཁོར་བསྐོར་ཚུལ་རྒྱས་པོར་གསལ་ཡོད།

ལེའུ་གཉིས་པ་འདུས་པ་རིན་པོ་ཆེ་རྒྱུད་དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་ལྷ་མིན་བོན་འཁོར་བསྐོར་ཚུལ་སྐོར་ཞེས་པའི་ནང་དུ། གཤེན་རབ་མི་བོ་ཆེ་རི་རབ་ཀྱི་ཁ་ཁྱེར་ལ་བྱོན་ནས་འཇིག་རྟེན་གྱི་ལྷ་མཐུ་རྩལ་ཅན་རྣམས་དམ་ལ་བཏག་ཚུལ་དང་། ལྷ་མིན་གྱི་སྡེ་ལ་ཚད་མེད་བཞི་དང་ཕར་ཕྱིན་བཅུ་སོགས་བོན་འཁོར་རྒྱ་ཆེར་བསྐོར་ཚུལ་འཁོད་ཡོད།

ལེའུ་གསུམ་པ་སངས་རྒྱས་ཀྱི་བསྟན་པ་ཆག་ཕེབས་པའི་མདོ་ཞེས་པའི་ནང་དུ་། རྟག་གཟིགས་འོལ་མོ་ལུང་རིང་གི་ཡུལ་གྲུ་ཆགས་ཚུལ་ཞིབ་པོར་འཁོད་པ་དང་། ཡུལ་གྲུ་དེ་ལ་དབང་བསྒྱུར་བྱེད་པའི་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་གི་གྲོང་དང་གྲོང་རྡལ་དག་གི་བཀོད་པ་སོགས་ཉམས་དགའ་བ་དང་བག་གྲོ་བའི་ཚུལ་དུ་གནས་ཡོད་ཚུལ་གསལ་བ་དང་། རྟགས་གཟིགས་འོལ་མོ་ལུང་རིང་དེ་ཉིད་ལ་བོད་དང་རྒྱ་གར་རྒྱ་ནག་ཁྲོམ་དང་གེ་སར་ཧོར་སོགས་ཡུལ་གྲུ་གཞན་གྱིས་སོ་སོའི་ཐུན་མིན་གྱི་ཐ་སྙད་རེ་བཏགས་ཚུལ་དང་ཡུལ་དེ་ཉིད་ནི་ཀུན་གྱིས་དགའ་དད་མོས་གསུམ་བྱེད་ནས་ཁྱད་དུ་འཕགས་པའི་ཡུལ་ཞིག་ཏུ་བརྩི་ཚུལ་བཅས་འཁོད་ཡོད།

ལེའུ་བཞི་པ་གཤེན་རབ་སྐྱེ་བ་བཞེས་པའི་མདོ་ཞེས་པའི་ནང་དུ། སྟོན་པ་གཤེན་རབ་མི་བོ་རི་རབ་ཀྱི་རྩེ་ནས་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཐུགས་ལ་བཀྲམ་ནས་མི་ཡུལ་དུ་འགྲོ་དོན་ཕེབས་ཚུལ་དང་། ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ནས་སྐུ་བལྟམ་ཚུལ་སོགས་འཁོད་པ་དང་། མཚན་མཁན་བྲམ་ཟེས་མཚན་རྒྱས་པར་བརྟགས་ནས་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་ཞེས་པའི་མཚན་གསོལ་ཚུལ་གྱི་ལོ་རྒྱུས་བཅས་འཁོད་ཡོད། མདོར་ན་ལེའུ་ཚན་དེའི་ནང་དུ་སྐུ་བལྟམ་ནས་མཚན་གསོལ་བ་ཡན་གྱི་ལོ་རྒྱུས་གསལ་ཙམ་ལས་མི་ཡུལ་དུ་མཛད་པ་ཆེ་ཕྲ་གང་ཞིག་བསྐྱངས་ཚུལ་སྐོར་གསལ་མེད་པ་རེད། ད་ལན་ཁོ་བོས་དཔེ་ཆ་འདི་ཉིད་མཚམས་སྦྱོར་བྱེད་སྐབས་གཞུང་རང་གི་ཚིག་འགྲོས་དང་བསྟུན་ནས་བྲིས་པ་ནི་གཟིགས་མོ་བ་ཡོངས་ལ་དཔེ་འདི་ཉིད་ཀྱི་ནང་དོན་བརྡ་སྦྱོར་རྒྱུད་ལོན་ཡོང་བའི་ཆེད་དུ་གཙོ་བོར་བྱས་ནས་བྲིས་ཁུལ་ཡིན། ཞང་ཚུལ་མི་ནས༢༠༡༦།༩།༢༣ཉིན།

(སྤྱིའི་གཟིགས་གྲངས། 65 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ལོ་ཤས་སྔོན…
error: རྩོམ་འདི་བདག་དབང་ཅན་ཡིན།