ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པའི་མཇུག་སྒྲིལ་གནས་བསྡུས།

ཟླ་འདིའི་སྤྱི་ཚེས་ ༡༤ ཉིན་སྔ་དྲོའི་ཕྱག་ཚོད་ ༧།༥༠ ཐོག་མཁན་སློབ་རྣམ་པས་དབུས་པའི་ཚོགས་བཅར་བ་ཡོངས་གཙུག་ལག་ཁང་དུ་འཛོམས་ཏེ་བགྲོ་གླེང་ཉིན་གཉིས་པའི་ཚོགས་ཐུན་དང་པོ་འགོ་འཛུགས་ཞུས། ཚོགས་ཐུན་དང་པོའི་གཙོ་སྐྱོང་བ་སྨན་དགེ་གནམ་གསས་གྲགས་པ་མཆོག་གིས་བགྲོ་གླེང་གཙོ་སྐྱོང་གནང་སྟེ། སྨན་པ་བཀའ་བཅུ་པ་དགེ་བཤེས་ཁྲི་གཙུག་ཡོན་ཏན་ལགས་ཀྱིས་༼ གཉིད་ཀྱི་ཞིང་ཁམས་ནས་རྨི་ལམ་བརྟག་ཐབས་གླེང་བ་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་བ་དང་། དེ་རྗེས་སློབ་གཉེར་བ་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་༼ བོན་ཆོས་དར་ཡུལ་གྱི་འདུ་གནས་གལ་ཆེན་གཙང་སྟོད་བྱེ་མ་གཡུང་དྲུང་གི་སྐོར་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་བྱས། དེ་རྗེས་བཀའ་རམས་པ་གཡུང་དྲུང་གཙུག་ཕུད་ལགས་ཀྱིས་༼ སྔགས་ཨ་དཀར་བའི་ལུགས་ཀྱི་བསྐྱེད་རིམ་སྐོར་རོབ་ཙམ་གླེང་བ་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་།

དེ་རྗེས་ཧིན་དྷུ་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་རྔ་བ་ཀུན་བཟང་སྒྲོན་མ་ལགས་ཀྱིས་༼ ལམ་རིམ་སུམ་བརྒྱ་པ་དང་དེའི་འགྱུར་སྐོར་གླེང་བ་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་མཇུག་གྲུབ་རྗེས་སྔ་དྲོའི་གསོལ་ཇའི་བར་གསེང་དུས་ཡུན་སྐར་མ་ ༣༠ རྗེས། སླར་ཡང་ཕྱག་ཚོད་ ༡༠།༣༠ ཐོག་འབུམ་རམས་པའི་ཞིབ་འཇུག་སློབ་མ་རྔ་བ་ཀུན་བཟང་སྒྲོན་མ་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། རྩ་འཛིན་སློབ་དཔོན་དགེ་བཤེས་ཁྲི་ལྡེ་ཚུལ་ཁྲིམས་ལགས་ཀྱིས་༼ སྔགས་ནང་པའི་རྫོགས་རིམ་ལས་འཕྲོས་པའི་སྒྱུ་ལུས་སྐོར་ཅུང་ཙམ་གླེང་བ་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་མཇུག་གྲུབ་པ་དང་། དེ་རྗེས་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ལས་ཐོག་པ་གཙུག་ཕུད་རྒྱལ་མཚན་ལགས་ཀྱིས་༼ བདེན་གཉིས་ཀྱི་དབྱེ་གཞིའི་སྐོར་གླེང་བ་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་མཇུག་གྲུབ་རྗེས་ཉིན་གུང་བཞེས་ལག་གི་བར་གསེང་དང་། སླར་ཡང་ཉིན་རྒྱབ་ཕྱག་ཚོད་ ༢ ཐོག་གཙུག་ལག་ཁང་དུ་འཛོམས་ཏེ་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ནས་བགྲོ་གླེང་གནང་མཁན་རྣམས་ལ་༼ བགྲོ་གླེང་མཉམ་ཞུགས་ཀྱི་ཕྱག་འཁྱེར་ ༽དང་མགུལ་དར་བཅས་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་བསྩལ་གནང་མཛད། བགྲོ་གླེང་གོ་སྒྲིག་པ་ཚུལ་ཁྲིམས་རབ་བརྟན་ལགས་ནས་བོན་རིག་པའི་བགྲོ་གླེང་མཇུག་བསྡུའི་གཏམ་བཤད་གནང་བ་དང་། དེ་རྗེས་ཕྱོགས་ཁག་ནས་ཕེབས་པའི་བགྲོ་གླེང་གནང་མཁན་དང་མཁན་སློབ་རྣམ་པ་བཅས་དྲན་རྟེན་སྐུ་པར་བླངས་ཏེ་བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པ་དེ་རྒྱལ་ཁའི་ངང་ནས་མཇུག་གྲུབ་པའི་གནས་བསྡུས་སུ།  

ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༡༤ ཉིན་ཞང་ཚུལ་མི་ནས། 

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 828 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།