ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་སྡེ་ལྷན་འཛོམས་ཐེངས་བཞི་པའི་སྤྲོ་ཚོགས་ཆེན་མོའི་གནས་བསྡུས།

བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་འདི་ནི་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཞི་རིམ་སློབ་གྲྭའི་རྩེད་ཐང་དུ་བོན་པོ་ཚོགས་པས་གྲ་སྒྲིག་འཐུས་ཚང་གནང་ནས་འཚོགས་པ་ཞིག་རེད། ཐོག་མར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་ཕྱི་ལོ་ ༢༠༡༧ ལོར་བལ་པོའི་མངའ་ཁོངས་སུ་འཁོད་པའི་གཡུང་དྲུང་བོན་གྱི་སྡེ་དགོན་གཉིས་ཀྱི་སྐྱ་སེར་རྣམས་མཉམ་འཛོམས་ཀྱི་སྤྲོ་ཚོགས་ཐེངས་དང་པོ་འཚོགས་ཐུབ་པ་བྱུང་ཡོད། དེ་ཡང་དེང་རབས་ཀྱི་གཞོན་སྐྱེས་རྣམས་ས་ཕྱོགས་གང་སར་འཐོར་ནས་གནས་སྡོད་བྱས་ཡོད་པའི་དབང་གིས་རང་གི་ཕ་མེས་ཀྱི་གལ་ཆེའི་སྲོལ་རྒྱུན་རིག་གཞུང་རྣམས་བརླག་ཉེན་ཆེ་བའི་རྒྱུ་མཚན་ལ་བརྟེན། དུས་ཚིགས་ཁྱད་པར་ཅན་དང་བསྟུན་ནས་མི་མང་རྣམས་མཉམ་འཛོམས་ཡོང་བའི་འབད་བརྩོན་གནང་སྟེ། མེས་པོས་བཞག་པའི་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། མི་རྣམས་ཕན་ཚུན་ངོ་ཤེས་འབྲེལ་འདྲིས་མཐུན་ལམ་རོགས་འདེགས་ཡོང་བ་སོགས་ཀྱི་ཆེད་དུ་དམིགས་པ་ཞིག་རེད། ཉེ་བའི་ཕྱི་ལོ་ ༢༠༡༩ ནས་ད་བར་ནད་ཡམས་གདུག་པ་ཅན་གྱི་དབང་གིས་མཉམ་འཛོམས་ཀྱི་གོ་སྐབས་མ་ཐོབ་ཀྱང་སྐབས་འདིར་ལོ་གསར་སྤྲོ་ཚོགས་ཐེངས་བཞི་པ་དངོས་སུ་འཚོགས་ཐུབ་པ་བྱུང་བ་འདི་ནི་ཡམས་ནད་རྗེས་ཀྱི་མཉམ་འཛོམས་ཐེངས་དང་པོ་དེ་ཆགས་ཡོད། དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༦ དང་ཧོར་ཟླ་ ༡༢ པའི་ལུགས་རྙིང་ལོ་གསར་ཚེས་ ༥ ཉིན་སྔ་དྲོ་ཕྱག་ཚོད་ ༩ དང་སྐར་ ༣༠ ཐོག་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་དང་བོན་འབངས་རྣམས་ལྷན་དུ་འཛོམས་ཤིང་ཐོག་མར་བཀྲ་ཤིས་པའི་ཕྱེ་མར་གསོལ་བ་དང་། དེ་རྗེས་མཛད་སྒོའི་འབྲེལ་མཐུད་པ་སློབ་གཉེར་བ་ཚུལ་ཁྲིམས་རབ་བརྟན་དང་། ཕྱག་རོགས་ཟུང་ནས་མཛད་རིམ་ངོ་སྤྲོད་དང་སྦྲགས་འདུས་མང་རྣམས་བཞུགས་གྲལ་དུ་འཁོད་དེ་མཉམ་མེད་ཆེན་པོའི་གསོལ་འདེབས་བདེ་ཆེན་རྒྱལ་པོ་དང་། སྐྱབས་སེམས། མཛད་བཅུའི་གསོལ་འདེབས། ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་གསོལ་འདེབས་བཅས་ཞལ་འདོན་གནང་བ་དང་། དབྱངས་སུ་གྱེར་བའི་སྟ་གོན་གྲུབ་མཚམས་ལྷན་རྒྱས་སྐུ་བཞེངས་གནང་སྟེ། བསྟན་པ་རྒྱས་པའི་སྨོན་ལམ་གྱིས་མཚམས་སྦྱར། དེ་རྗེས་བོན་པོ་ཚོགས་པའི་ཚོགས་གཞོན་དགེ་བཤེས་ཚུལ་ཁྲིམས་རྣམ་དག་དང་། དྲུང་ཆེ་ཨམ་བྷ་དྷུར་གཉིས་ནས་བྱོན་པ་ལེགས་གསོལ་གྱི་གསུང་བཤད་དང་འཚམས་འདྲི་ཞུས། དེ་ནས་མཛད་སྒོའི་དབུ་མགོན་དུ་གདན་དྲངས་པའི་༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེས་གསུང་བཤད་བཀའ་དྲིན་ཆེ་བ་བསྩལ་ཏེ། ལོ་གསར་གྱི་ངོ་སྤྲོད་གནད་སྨིན་གནང་བ་དང་། དེ་ཡང་ཆོས་ལུགས་ལོ་རྒྱུས་དང་འབྲེལ་བ། རིག་གཞུང་དང་མཐུན་པ། མི་རིགས་ཀྱི་ཁྱད་བོན་ཡོད་པ་སོགས་གནད་ཆེའི་དགོས་དོན་མང་པོའི་ཐོག་ནས་གསུང་བཤད་གལ་ཆེ་གནང་། དུས་མཚུངས་སེར་སྐྱ་འདུས་མང་ཡོངས་ལ་རྟེན་འབྲེལ་ཟས་ཀྱི་ཐོག་མ་འབྲས་སིལ་དང་། གསོལ་ཇ་འདེགས་འབུལ་ཞུས།

དེ་ནས་དངོས་གཞིའི་སྤྲོ་ཚོགས་ཀྱི་མཛད་རིམ་ལྟར་རིག་གཞུང་འཁྲབ་སྟོན་གནང་མཁན་ལ་ཚོགས་སྡེ་ཁག་སྟེ། ཀླུ་བྲག་ཕྱྭ་སྲས་ཀེང་ཙེའི་སློབ་གྲྭ་དང་། སྐྲེ་བ་ཞང་ཞུང་རིག་གནས་མཐུན་ཚོགས། དོལ་པོ་ཚ་དགའི་སློབ་གྲྭ། བོན་བུ་ཁྱིམ་ཁང་སློབ་ཟུར་ཚོགས་པ། དོལ་པོ་ཏ་པི་ཧྲི་ཙའི་སློབ་གྲྭ། ཁྲི་བརྟན་ནོར་བུ་རྩེ་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ། ཤྲི་ལི་གྷུ་རིས་གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭ། བྱི་ཅིར་སྨུག་པོ་རོང་སློབ་གྲྭ། ཌོར་ཐང་ནོར་འཛིན་གླིང་གཞོན་ནུ་ལྷན་ཚོགས། ལྗག་འདུལ་ཀ་ཡི་གྷ་གང་། དོལ་པོ་རྟ་རབ་སློབ་གྲྭ། ཁྲི་བརྟན་ནོར་བུ་རྩེའི་གཞི་རིམ་སློབ་ཆུང་སོགས་ཚོགས་སྡེ་མི་འདྲ་བ་བཅུ་ཕྲག་ལྷག་ནས་སྔ་ཕྱི་དྲོ་གཉིས་ལ་བོད་གཞས་དང་། བལ་གཞས། ཧིན་དྷིའི་གཞས་སོགས་གཞས་སྣ་ཉི་ཤུ་ལྷག་ཙམ་འཁྲབ་སྟོན་དང་གཟིགས་འབུལ་ཞུས།

དེ་མིན་སྒེར་ནས་བལ་གཞས་དང་རྐྱང་གཞས་གཏོང་མཁན་ཡང་མང་པོ་བྱུང་ཡོད། ཉིན་གུང་ཕྱག་ཚོད་ ༡ པོའི་ཐོག་གསོལ་ཚིགས་རྒྱས་འབུལ་དང་། ཉིན་རྒྱབ་ཕྱག་ཚོད་ ༢ པ་ནས་རྩེད་རིགས་སྣ་ཚོགས་གཟིགས་འབུལ་ཞུས་པ་མ་ཟད། དེ་མུས་གོང་གསལ་ལྟར་གཞས་སྣ་འཁྲབ་སྟོན་མུ་མཐུད་ནས་གནང་། དེའི་རྗེས་རྒྱན་ཤོག་འཐེན་པ་སོགས་སྤྲོ་ཚོགས་ཀྱི་གོ་རིམ་བསྟར་ཆགས་སུ་སྤེལ་ཏེ། རྒན་དར་གཞོན་གསུམ་མི་མང་རྣམས་ཀྱིས་རིག་གཞུང་གི་བག་ཆགས་དང་། མཐུན་ལམ་གྱི་འབྲེལ་ཐག སྤྲོ་སྣང་གི་ཚོར་བ་བཅས་ལ་ལོངས་སུ་སྤྱོད་པའི་སྐལ་པ་བཟང་པོ་ཐོབ་ཡོད། ཕྱི་དྲོ་ཕྱག་ཚོད་ ༥ པ་ནས་༧གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྤྱི་གཉེར་ཆེན་མོ་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་དགོང་དྲོའི་བཞེས་ལག་གྲུབ་པ་དང་དུས་མཚུངས་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་ཆེན་མོ་ཐེངས་བཞི་པ་དེ་ཉིད་ཁ་དགེ་བཀྲ་ཤིས་ངང་ནས་མཇུག་བསྡུ་ཞུས་པའི་གནས་ཚུལ་དུ། 

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༦ ཉིན།

པར་པ་ཁྱུང་ཐོག་རྒོད།

 

(སྤྱིའི་གཟིགས་གྲངས། 844 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་རིང་ནི་…
error: རྩོམ་འདི་བདག་དབང་ཅན་ཡིན།