བོན་སྤྱི་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ནས་གདུང་སེམས་མཚོན་པའི་གསུང་འཕྲིན།
རང་རེའི་བོད་གངས་ཅན་ལྗོངས་ཀྱི་ཁྱད་ནོར་རིག་གནས་སྤྱི་དང་། ཁྱད་པར་དུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་བཀའ་དྲིན་བླ་མེད་དུ་ཆེ་བའི་རྗེ་དྲིན་ཆེན་རྩ་བའི་བླ་མ་༧སྨན་རིའི་སློབ་དཔོན་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་རྒྱལ་སྲས་གཡུང་དྲུང་སེམས་དཔའི་སྐུ་རུ་བཞེངས་ཏེ་བསྟན་དང་འགྲོ་དོན་བསམ་བཞིན་དུ་བྱོན་ནས་འདི་ལོ་དགུང་གྲངས་བརྒྱར་ཕེབས་པའི་བརྒྱ་སྟོན་རྟེན་འབྲེལ་ཞུ་བའི་བསྐལ་བཟང་གི་བྱེད་སྒོ་རྣམ་བཞག་ཁག་ཆ་ཚང་མཇུག་ལེགས་པར་གྲུབ་ནས།
དེ་རིང་ཕྱི་ལོ་༢༠༢༥ཟླ་༦ཚེས་༡༢ཉིན་གྱི་སྔ་དྲོར་ཆུ་ཚོད་༧།༤༥ཐོག་དེ་རིང་དགུང་གྲངས་བརྒྱ་དང་གཅིག་བཞུགས་རྗེས་སུ། བལ་ཡུལ་དུ་རིན་པོ་ཆེ་མཆོག་གི་ཕྱག་བཏབ་མཛད་པའི་དབེན་གནས་བྱེ་མ་རི་ཁྲོད་དུ། ༧སྐྱབས་རྗེ་མཆོག་གི་ཐུགས་དམ་རྫོགས་པ་ཆེན་པོ་ཉམས་སུ་ལེན་བཞིན་ཐུགས་དམ་རྩེ་གཡོ་མེད་ངང་དུ་དགོངས་པ་བོན་དབྱིངས་སུ་མྱ་ངན་འདས་ཚུལ་བསྟན་འདུག །
རིན་པོ་ཆེ་མཆོག་གི་སྐྱབས་འོག་ཏུ་གནས་པའི་དད་ལྡན་བོན་འབངས་ཡོངས་ཀྱིས་ཁོང་གིས་རྗེས་བཞག་མཛད་པའི་བཀའ་སློབ་ལམ་སྟོན་ཉམས་ལེན་རྣམས་རྗེས་སུ་བཟུང་ཞིང་། ༧སྐྱབས་རྗེ་རྩ་བའི་བླ་མའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་རྣམ་དཀར་དགེ་བའི་ལས་གང་ཐུབ་གནང་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་ཡིད་སྐྱོའི་གནས་ཚུལ་དུ།
གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ནས། ཕྱི་ལོ་༢༠༢༥ ཟླ་༦ ༡༢ཉིན་ཕུལ།