ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཆོད་གཏོར་བདུད་རྩིའི་ཆུ་རྒྱུན།

༄༅། །མཆོད་གཏོར་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། བླ་མ་རྣམས་དང་ཡི་དམ་ལྷ། སྐྱོབས་པའི་མགོན་ལ་ཕྱག་འཚལ་ལོ། གཙང་མའི་བདུད་རྩིའི་ཆུ་རྒྱུན་ལས། ཉམས་སུ་བླང་ལུགས་འདི་ལྟར་ཏེ། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། དམ་བཅའ་དང་ནི་ཡོ་བྱད་རྫས། སེམས་བསྐྱེད་འགྲོ་བ་ཇི་སྙེད་པ། སྡུག་བསྔལ་ཀུན་ལས་སྒྲོལ་བའི་ཕྱིར། རྣམ་དག་མཆོད་གཏོར་ཉམས་སུ་ལེན། སྙམ་པའི་འདུན་པ་སྔོན་དུ་བཏང༌། དམ་བཅའ་དུས་དྲུག་དུས་བཞི་དང༌། ནང་ནུབ་ལ་སོགས་གང་ལྕོགས་ལ། སྟོན་པ་ལྷ་དང་དཔོན་གསས་ཀྱི། སྤྱན་སྔར་དད་པས་ཁས་བླངས་བྱ། ཡོ་བྱད་རྫས་ནི་རབ་ཉིད་དུ། སྨན་སྤོས་འབྲུ་དང་རིན་པོ་ཆེ། དཀར་མངར་མེ་ཏོག་དར་ཟབ་སོགས། ཇི་སྙེད་བརྩོན་འགྲུས་དད་པས་བསོགས། འབྲིང་ནི་སྨན་ལྔ་སྤོས་ལྔ་སོགས། འབྱོར་ཚད་ཉིད་དུ་ཤེས་པར་བྱ། དངོས་གཞི་ལ་ཡང་རྣམ་པ་གསུམ། འགོད་ཅིང་བཤམས་དང་བྱིན་གྱིས་བརླབས། དངོས་སུ་ཐིམ་པར་བསྔོ་བའོ། བཤམས་ཐབས་ཁྲི་གདན་རིན་ཆེན་ལ། སྣོད་ནི་རིན་ཆེན་ཤིང་རྫ་སོགས། གྲངས་ནི་དགུ་བདུན་ཡན་ཆད་དོ། རབ་འབྲིང་ཐ་གསུམ་གང་འབྱོར་རོ། བྱིན་གྱིས་རླབས་པའི་རིམ་པ་ནི། ལུས་ནི་ཆ་ལུགས་ལྔ་ལྡན་བཅའ། ངག་ཏུ་གསལ་བ་དགུ་འཛབ་བགྲངས། ཡིད་ཀྱིས་ཏིང་འཛིན་རྣམ་གསུམ་བསྒོམས། སྟོན་པ་ཐུགས་རྗེ་ཆེ་མངའ་བའི། མཆོད་སྦྱིན་ཀུན་ཚིམ་བདག་ཉིད་ཅན། སྐྱོབས་པའི་མགོན་ལ་ཕྱག་འཚལ་ལོ། གཙང་མའི་བདུད་རྩི་དག་པའི་ཆུ། ཡོ་བྱད་མ་ལུས་མཆོད་པའི་རྫས། སྐྱོན་མེད་ཡིད་འོང་མཛེས་པར་བཤམས། དག་པ་གསུམ་གྱི་སྒོར་ཞུགས་ནས། ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། ཨཿདེ་འོད་དུ་ཞུ་བ་ལས། བདག་གི་མདུན་གྱི་བར་སྣང་ལ། ཡི་དམ་ཀུན་བཟང་གཤེན་ལྷ་འོད་དཀར་ནི། གཙོ་ལ་འཁོར་གྱིས་བསྐོར་བར་བསམ། སྙིང་པོ་འདི་བརྗོད་དེ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཨ༔ གནས་ལུགས་མཐའ་བྲལ་མ་རྟོགས་པའི་སེམས་ཅན་ཐམས་ཅད་འཁོར་བ་ལ་འཁྱམས་ཤིང༌། སྡུག་བསྔལ་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། སྡུག་བསྔལ་དང་བྲལ་བར་གྱུར་ཅིག བདེ་བ་དང་ལྡན་པར་གྱུར་ཅིག བདེ་བ་དེ་དང་རྒྱུན་དུ་མི་འབྲལ་བར་གྱུར་ཅིག ཆགས་སྡང་གི་ཉོན་མོངས་པ་དང་བྲལ་བར་གྱུར་ཅིག ཨ་དཀར་བདག་གི་ཐུགས་ལས་ཨ་དཀར་པོ་གཅིག་མདུན་གྱི་བར་སྣང་ལ་འཕྲོས། སལེ་འོད་ཨ་དེ་ལས་འོད་ཟེར་ཕར་འཕྲོས་སྣོད་བཅུད་ལ་ཕོག་པས། ཕྱི་སྣོད་ཐམས་ཅད་ལྷ་ཡི་གཞལ་ཡས་ཁང༌། ནང་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར། ཨ་ཡཾ་ཨཱོྃ་འདུ་འོད་ཟེར་རྣམས་ཚུར་འདུས་ཨ་ལ་ཐིམ། ཨ་ཡེ་ཤེས་ལྔ་ལྡན་གྱི་ཨཱོྃ་གཅིག་ཏུ་གྱུར། ཨཱོྃ་བདག་གི་ཐུགས་ཀར་འདུས་པས། བདག་རྒྱུད་ཀྱི་དུག་ལྔ་བདུད་ལྔ་བཅོམ་ནས་སྐུ་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་དུ་གྱུར། ཨཱོྃ་འོད་དུ་ཞུ་བ་ལས། བདག་ཉིད་ཀུན་བཟང་གཤེན་ལྷ་འོད་དཀར་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་རྒྱན་བཅུ་གསུམ་གྱིས་བརྒྱན་པ། མཁྱེན་བརྩེ་ཐུགས་རྗེའི་བདག་ཉིད་དང་ལྡན་པ་གཅིག་ཏུ་གྱུར། ཕྱག་རྒྱ་ཨ་ལྟར་བཅའ་ལ་སྔགས་འདི་བརྗོད། མུ་ཡེ་ཨ་དཀར་ཨ་ནི་ཨཱ། ཞེས་བརྗོད་པས། མདུན་གྱི་བར་སྣང་ལ་གཞལ་ཡས་ཁང་ལྷ་ཡི་ཕོ་བྲང་ཆེན་པོ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྩེ་མོ་ཅོག་བར་འཁྱམས་ཡ་གད་ཟ་ར་ཚགས་དང་དར་བུ་ཁད་དང་བཅས་པ། ཉམས་དགའ་བ་ཡིད་དུ་འོང་བ། དྲི་མ་མེད་པའི་དབུས་སུ་ཀུན་ཏུ་བཟང་པོ་ལ་སྲི་ཞུའི་མགྲོན་ནི། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བསྐོར་བ། དེའི་ཕྱི་རིམ་དུ་ཡོན་ཏན་གྱི་མགྲོན། བཀའ་སྐྱོང་བོན་སྐྱོང་ནོར་ལྷ་དཔལ་མགོན་དང་བཅས་པ་རྣམས་ཀྱིས་བསྐོར་བ། དེ་ཡི་ཕྱི་རིམ་དུ་ལན་ཆགས་ཀྱི་མགྲོན་ནི། བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཀྱིས་བསྐོར་བ། དེའི་ཕྱི་རིམ་དུ་སྙིང་རྗེའི་མགྲོན་ནི་རིགས་དྲུག་སེམས་ཅན་བར་དོ་དང་བཅས་པ་རྣམས་ཀྱིས་བསྐོར་བར་གྱུར། ཕྱག་རྒྱ་བདུད་རྩིའི་བུམ་པ་ལྟར་བཅའ་ལ་སྔགས་འདི་བརྗོད་དོ། ན་མ་ཨ་དཀར་ཀྴ་ཡ་ཤག་སལེ་སང་ངེ་ཡེ་སྭཧཱ། ཞེས་བརྗོད་པས། མཆོད་རྫས་ཀྱི་མི་གཙང་བ་སྨ་སྨེ་ཉམས་གྲིབ་ཐམས་ཅད་དག་པར་གྱུར། ཕྱག་རྒྱ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྔགས་འདི་བརྗོད་དེ། ཨ་ཨཱོྃ་ཧཱུཾ་རཾ་ཛ་དེ་ཤོ་བྲུཾ་འོད་དུ་ལཾ་ལཾ་ཡེ་སྭཧཱ། ཞེས་བརྗོད་པས། སྣོད་རྒྱ་ཆེ་ལ་དཔང་མཐོ་བ་ཉམས་དགའ་བ་ཡིད་དུ་འོང་བ་དྲི་མ་མེད་པ། བཅུད་ནི་དྭངས་མ་མཆོད་འབུལ་གྱི་ལྷ་མོ། ཁུ་བ་བདུད་རྩིའི་ངོ་བོ། རྩིགས་མ་འདོད་པའི་ཡོན་ཏན་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པར་གྱུར་ནས། དྭངས་མས་རྒྱལ་བ་མཆོད་པས་མཉེས། ཁུ་བས་དམ་ཅན་ཐུགས་དམ་བསྐངས། རྩིགས་མས་ལྷ་སྲིན་གདུག་རྩུབ་ཞི་ཞིང་འགྲོ་དྲུག་སྦྱིན་པས་ཚིམ་པར་གྱུར། ཞེས་བརྗོད་པས། ཨ་ཨཱོྃ་ཧཱུཾ་མི་མངོན་པའི་དབྱིངས་ནས་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡི་གེ་འབྲུ་གསུམ་བདག་གི་གནས་གསུམ་དུ་ཐིམ་པས། སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར། ཞེས་བརྗོད་ཅིང་བསྔོ་བའི་ཚིག་བཤད་འདི་སྐད་དོ། ཨཱོྃ་དེ་བཞིན་ལྷུན་གྱིས་གྲུབ་པའི་སྟོབས་མཆོག་དང༌། བདག་ཉིད་ཏིང་འཛིན་རིག་པའི་མཐུ་སྟོབས་ཀྱིས། སྣང་སྲིད་འཇིག་རྟེན་ལྷ་ཡི་གཞལ་ཡས་ཁང༌། དུས་གསུམ་བདེར་གཤེགས་ཐུགས་རྗེའི་མངའ་བདག་དང༌། གཙང་རིགས་མགོན་པོ་སྐྱོབས་པའི་དམ་ཚིག་ཅན། ལན་ཆགས་མགྲོན་གྱུར་བགེགས་རིགས་དམན་པའི་ཚོགས། ཁམས་གསུམ་རྒྱུ་དྲུག་སེམས་ཅན་མ་ལུས་པ། དུས་གསུམ་རྒྱལ་བའི་ཞིང་ཁམས་མན་ཆད་ནས། ན་རགས་དམྱལ་བའི་འཇིག་རྟེན་ཡན་ཆད་དུ། ཇི་སྙེད་གནས་ཤིང་མགྲོན་དུ་གྱུར་པ་ལ། མཆོད་པའི་ལོངས་སྤྱོད་རིན་ཆེན་གཏེར་གྱིས་བཀང༌། ཇི་སྙེད་དབང་པོ་ལྔ་ཡི་སྤྱོད་ཡུལ་དུ། འདོད་ཡོན་རྣམ་ལྔ་མཆོད་པའི་སྤྲིན་དཔུང་འཁྲིགས། ཕྱི་ནང་སྣོད་བཅུད་ཟད་མེད་ཕྱུང་བུས་བཀང༌། ལོངས་སྤྱོད་རོལ་པའི་མཆོད་པ་འདི་འབུལ་གྱིས། ཟད་མེད་རྒྱན་གྱི་མཆོད་པ་བཞེས་སུ་གསོལ། འགྲོ་དྲུག་སེམས་ཅན་ཐུགས་རྗེས་ཟིན་གྱུར་ཅིག མགོན་པོ་མཉེས་ནས་བཀྲ་ཤིས་བདེ་ལེགས་སྨོན། བུ་ལོན་ལན་ཆགས་སྙིང་ཁྲིན་བྱང་གྱུར་ཅིག རྒྱུ་དྲུག་འཁོར་བ་དོང་ནས་སྤྲུགས་པར་ཤོག ཀུན་ཀྱང་བླ་མེད་འབྲས་བུ་ཐོབ་པར་ཤོག། ཨ་ཨཱོྃ་ཧཱུཾ་རཾ་ཛ་དེ་ཤོ་ཐོར་ཐོར་ཐིམ་ཐིམ་ཡེ་སྭཧཱ། ཞེས་བརྗོད་ལ་སེ་གོལ་གཏོག་པའོ། །མཆོད་གཏོར་བདུད་རྩི་ཆུ་རྒྱུན་འདི་ནི་ཁུ་ཚ་ཟླ་འོད་ཀྱིས་སྤ་གྲོ་ནས་གཏེར་ནས་གདན་དྲངས་པའོ།།

ལན་ཆགས་གཏོར་མ་བཞུགས་སོ།

      བདག་སོགས་དྲིན་ཆེན་ཕ་མས་གཙོར་བྱས་པའི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས། མཐོ་བའི་མཁར་ཕབ་པའི་ལན་ཆགས། དམའ་བའི་ཡུལ་འཕྲོག་པའི་ལན་ཆགས། མི་རྟ་གྲི་རུ་བསད་པའི་ལན་ཆགས། བསད་བསད་པའི་ཚེ་ཡི་ལན་ཆགས། བརྡུངས་བརྡུངས་པའི་ན་ཚའི་ལན་ཆགས། འཕྲོག་འཕྲོག་པའི་རྒྱུ་ཟས་ནོར་གྱི་ལན་ཆགས། ལན་ཆགས་མ་ཁེལ་བ། བུ་ལོན་མ་སོད་པ་ཐམས་ཅད་ལ། བདག་གིས་དམིགས་མེད་ཀུན་ཁྱབ་ཀྱི་མཆོད་སྦྱིན་རྒྱ་ཆེན་པོ་འདི་བསྔོས་པས། ལན་ཆགས་ཁེལ་བར་གྱུར་ཅིག བུ་ལོན་སོད་པར་གྱུར་ཅིག སྡིག་སྒྲིབ་དག་པར་གྱུར་ཅིག ནད་གདོན་ཞི་བར་གྱུར་ཅིག རྐྱེན་ངན་ཟློག་པར་གྱུར་ཅིག བར་ཆད་སེལ་བར་གྱུར་ཅིག སྒྲིབ་གཉིས་བྱང་བར་གྱུར་ཅིག ཚོགས་གཉིས་རྫོགས་པར་གྱུར་ཅིག འབྲས་བུ་བོན་གྱི་སྐུ་བདེ་བ་ཆེན་པོ་ཐོབ་པར་གྱུར་ཅིག རེག་པ་ཙམ་གྱིས་འཚང་རྒྱ་བར་གྱུར་ཅིག། དེ་ནས་བཤལ་ཆུ་བསྔོ་སྟེ། ཨཱོྃ་གཏོར་གཞོང་བཤལ་བའི་བཤལ་ཆུ་འདིས། ངན་སོང་གསུམ་ལ་གནས་པ་ཡི། ཡི་དྭགས་བཀྲེས་ཤིང་སྐོམས་པ་དང༌། སེར་སྣའི་མདུད་པས་བཅིང་བ་དང༌། ཁས་ཞན་དབང་ཆུང་སྡེ་རྣམས་ལ། བདུད་རྩིའི་ཆར་དུ་འབབ་གྱུར་ཅིག ནད་ཀྱི་བསྐལ་པ་གཅིག་པ་ལ། སྨན་དང་རྩི་རུ་འགྲུབ་གྱུར་ཅིག མུ་གེའི་བསྐལ་པ་གཉིས་པ་ལ། ཟས་དང་སྐོམ་དུ་འགྲུབ་གྱུར་ཅིག མཚོན་གྱི་བསྐལ་པ་གསུམ་པ་ལ། སྐྱབས་དང་མགོན་དུ་འགྲུབ་གྱུར་ཅིག ཅི་འདོད་ཡིད་བཞིན་འཕྲད་ནས་ཀྱང༌། དགོས་འདོད་རེ་བ་སྐོང་བར་ཤོག། ཨ་དཀར་ཨ་རྨད་དུ་ཏྲི་སུ། ནག་པོ་ཞི་ཞི་མལ་མལ། པྲེ་དུ་ཏྲི་དུ་ནག་པོ་ར་ས་ཡ་ན་ཐིམ་ཐིམ་ཡེ་སྭཧཱ། ཞེས་བསྔོའོ། དབྱེ་བསྡུ་ནི། སྙིང་རྗེའི་མགྲོན་ནི། ཅི་འདོད་ཡིད་བཞིན་འཕྲད་ཅིང་དགོས་འདོད་རེ་བ་བསྐངས་ནས་ཀྱང༌། སོ་སོ་རང་རང་གི་གནས་སུ་ཁྲོམ་གྱེས་པ་ལྟར་དུ་སོང༌། ལན་ཆགས་ཀྱི་མགྲོན་ནི། གནོད་པའི་ཡིད་དང་བྲལ་ཞིང་སྐྱོབས་པའི་སེམས་དང་ལྡན་ནས་རང་རང་གནས་སུ་བྱེར། ཡོན་ཏན་གྱི་མགྲོན་ནི། ཐུགས་དམ་བསྐངས་ནས་བསྟན་པ་སྲུང་བའི་ལས་ལ་གཤེགས། ཡེ་ཤེས་སེམས་དཔའ་འགྲོ་དོན་མཐར་ཕྱིན་ནས་མི་མངོན་པའི་དབྱིངས་སུ་གཤེགས། དམ་ཚིག་སེམས་དཔའ་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ། གཙོ་བོ་ཡང་ཡི་གེ་ཨ་རུ་གྱུར། ཨཿབདག་གི་ཐུགས་ཀར་འདུས་པས། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། བདག་དང་གཞལ་ཡས་ཁང་འབྱུང་བ་རིམ་བརྩེགས་དང་བཅས་པ་འོད་དུ་ཞུ་ནས། ནམ་མཁའི་ངོགས་ལྟར་གསལ་བར་གྱུར་ཅིག། དེ་ནས་བཀྲ་ཤིས་ནི། ཨེ་མ་ཧོ། སྐྱེ་མེད་ཡུམ་ཆེན་ཡེ་གཤེན་སྒོ་མར་བཅས། པདྨའི་ཀློང་གི་བཀྲ་ཤིས་ཀུན་འབྱུང་བ། རྣམ་དག་ཡུམ་སྲས་བཀྲ་ཤིས་གང་ལེགས་པ། དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག ཡེ་ཤེས་རིགས་ལྡན་འགྲོ་དོན་ལྷུན་གྱིས་གྲུབ། ཕྲིན་ལས་རྣམ་བཞིའི་བཀྲ་ཤིས་ཀུན་འབྱུང་བ། ཆབ་གཏོར་ལྷ་ལྔའི་བཀྲ་ཤིས་གང་ལེགས་པ། དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག གསུང་མཆོག་ངེས་པ་མན་ངག་ལྷ་ཁྲིམས་བོན། ལས་སྤྱོད་དག་པའི་བཀྲ་ཤིས་ཀུན་འབྱུང་བ། འཕན་ཡུལ་བོན་སྒོའི་བཀྲ་ཤིས་གང་ལེགས་པ། དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག སྟོན་པའི་ཐུགས་སྤྲུལ་འགྲོ་བའི་དོན་ལ་བྱོན། མཆོད་སྦྱིན་རྒྱས་པའི་བཀྲ་ཤིས་ཀུན་འབྱུང་བ། ཐང་མ་འོད་རྒྱལ་བཀྲ་ཤིས་གང་ལེགས་པ། དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག ཚེ་དང་ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་ཏེ། འཇིག་རྟེན་བདེ་སྐྱིད་བཀྲ་ཤིས་ཀུན་འབྱུང་བ། དཔལ་མགོན་རྣམས་ཀྱི་བཀྲ་ཤིས་གང་ལེགས་པ། དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག མཆོད་གཏོར་རྫོགས་སོ།

(སྤྱིའི་གཟིགས་གྲངས། 277 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩིས་ཀྱི་ལ…
error: རྩོམ་འདི་བདག་དབང་ཅན་ཡིན།