༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་བསྒྲུབས་པའི་སྐོར།
༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་བསྒྲུབས་པའི་སྐོར།
༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་བཀའ་དགོངས་བཞིན། རང་ཅག་བོན་འབངས་ཡོངས་ཀྱི་རེ་བའི་ལྷ་སྐལ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བརྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཉིད་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་ཁམས་སུ་བརྟན་ཅིང་། དུས་གསུམ་གཞོམ་གཞིག་ཀུན་བྲལ་འཆི་མེད་ཚེ་ཡི་རིག་འཛིན་གྱི་ངོ་བོར་བཞུགས་ཏེ། རླབས་ཆེན་བསྟན་འགྲོ་སྐྱོང་བའི་མཛད་ཕྲིན་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་དམིགས་ནས་༢༠༡༥། ༨། ༢༨། ཉིན་ནས་བཟུང་འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་ནས་མཆོག་གསུམ་དམ་ཅན་རྒྱ་མཚོའི་ལྷ་ཚོགས་དབྱིངས་ནས་བསྐུལ་ཕྱིར། དབལ་ཕུར་ནག་པོའི་སྒྲུབ་གཞུང་དང་བོན་སྐྱོངས་སྟོང་ཚོགས་བཅས་ཀྱི་ཉིན་ཚོགས་འཚོགས་ཡོད་པ་མ་ཟད་། བཤད་སྒྲུབ་འདུས་སྡེའི་ངོས་ནས་ཚེ་སྒྲུབ་བྱ་རི་མ་དང་། བྱམས་མའི་སྔགས་བསྟོད། སྟག་ལའི་བཅུད་དྲིལ་སོགས་ཞབས་བརྟན་ཉིན་ལྟར་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་དང་། གྲྭ་པ་སྒེར་ངོས་ནས་མ་བསྐུལ་དང་བླངས་ཀྱིས་ཚེ་བསྙེན་བསོགས་པ་དང་། གསར་མཁར་བསྟོད་པ། བསང་གསོལ་གཏོང་ཞིང་ཀླུང་རྟ་བསྒྲོན་པ་དང་། རང་ཡུལ་གྱི་འབྲེལ་ཡོད་དགོན་སྡེ་མི་མང་ལ་སྐུ་རིམ་བསྒྲུབ་རྒྱུའི་འབོད་སྐུལ་ཞུ་བ་སོགས་ཐབས་ཤེས་གང་དྲག་ཀྱི་སྒོ་ནས་བཅོས་རིམ་བྱེད་བཞིན་འདུག མ་འོངས་པའི་ཆར་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་མང་སྤྱི་སྒེར་གང་ཐད་ནས་མ་བསྐུལ་དང་ལེན་གྱི་སྒོ་ནས་རིན་པོ་ཆེའི་སྐུ་རིམ་ཞབས་བརྟན་མུ་མཐུད་དེ་བསྒྲུབ་འཆར་ཡོད་པ་བཅས་ཀྱི་གནས་ཚུལ་ཐུང་ངུ་ཞིག མགོན་སྐྱབས་གཡུང་དྲུང་བོན་ལ་རེ་ཞིང་། ལས་དབང་གི་ཁ་ཕྱོགས་གཅིག་པའི་བོན་འབངས་རྣམ་པས་མཁྱེན་རྟོགས་ཀྱི་ཆེད་དུ་ཏི་སེའི་བུས་༢༠༡༥། ༩། ༩། ཉིན་སྤེལ།
གཤེན་བསྟན་དར་རྒྱས་གླིང་དུ་གནས་བཞུགས་བླ་གྲྭ་རྣམས་ཀྱིས་ཉེ་ཆར་ཨ་ཁྲིད་སློབ་ཁྲིད་གནང་མཚམས་དང་བསྟུན་བླ་སློབ་ཐུན་མོང་ནས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་ཞབས་རིམ་དུ་གསོལ་འདེབས་དང་། ཚེ་སྒྲུབ། ཚེ་བསྙེན་སོགས་གསོགས་སྒྲུབ་ཞུས་པ་མ་ཟད་དེ་རྗེས་སྒྲུབ་མཚམས་བཞུགས་མཁན་ཐུན་མོང་ནས་མགོན་པོ་མཆོག་གི་སྐུ་ཚེའི་ཞབས་བརྟན་དུ་ཉིན་ལྟར་ཚེ་སྒྲུབ་དང་། གསོལ་འདེབས་ཆགས་མེད་གསོག་སྒྲུབ་ཞུ་བཞིན་ཡོད་པ་བཅས་ཀྱི་གནས་བསྡུས་སུ། སྲིད་པའི་མིག་ནས།