ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མདོ་དྲི་མེད་གཟི་བརྗིད་ལས་འདབ་ཆགས་ཀྱི་གཏམ་རྒྱུད་ཚན་བཤུས།

དཔྱད་བརྗོད་པ་རླུང་བུ།
འབྲིང་པོ་ཁ་ལ་ནེ་ཙོས་སྨྲས་པ། གསོན་དང་ཡབ་ཡུམ་གཅེན་དང་གཅུང་རྣམས་ལགས། འཇིག་རྟེན་ཁམས་ན་བྱ་རིགས་མང་ལགས་ཀྱང་། མཆོག་ཏུ་གྱུར་བ་སྨྲ་མཁན་ནེ་ཙོ་ཡིན། ནེ་ཙོ་མིན་ན་བསོག་འཇོག་སུ་ཡིས་དྲན། ལྷ་ཀླུ་མི་གསུམ་རྩི་བཅུད་སུ་ཡིས་ལེན། ད་ནི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་འདི། བསགས་པའི་ཆུད་ལ་གསན་ན་མདོ་དོན་ཁྱེར། འཇིག་རྟེན་བྱ་བ་སྙན་གྲགས་ཡིན་ལགས་ཏེ། བྱས་པ་དགེ་བ་ལྟང་མ་དགྲ་ཡིན་པས། ཆུད་ཟོས་མེད་པ་དགེ་ལ་བཏང་ན་ལེགས། དགེ་བ་མ་བཏང་བསོག་འཇོག་དྲན་པ་ན། ད་ནི་དུས་ཀྱི་མཐའ་མ་ཉེ་བས་སུ། ཕྱུག་པོ་ནོར་ཡོད་རང་སྲོག་ཆད་འབྲེ་༼འདྲེ་༽ཡིན། འཕན་ཕོ་༼ པོ ༽བུ་མང་རང་དམའ་འབབ་འདྲེ་ཡིན། དེ་ཡང་རང་ཚོད་མ་ཟིན་རྒྱུ་ལས་བྱུང་། འཇིག་རྟེན་ཟས་ནོར་མི་རྟག་སྒྱུ་མ་ཡིན། གཉེན་དང་ཉེ་འབྲེལ་ཚོང་འདུས་མགྲོན་པོ་ཡིན། ཡུལ་མཁར་ས་ཞིང་དུག་སྦྲུལ་ཤུན་པ་འདྲ། ཚེ་འདི་སྙན་གྲགས་སྐད་ཅིག་འབྲུག་སྒྲ་ཡིན། དེ་ཕྱིར་གང་ཡང་མི་རྟག་རྒྱུ་ཡིན་པས། ངེད་རང་ཕྱི་མར་དགོས་པའི་དགེ་བ་བྱ། དགེ་བའི་ལུགས་ལ་རྣམ་གྲངས་གསུམ་ཡིན་ཏེ། དག་པའི་ཞིང་ལ་བསོད་ནམས་ཚོགས་བསགས་དང་། གསུང་རབ་བཀའ་ལ་འབྲི་ཀློག་འདོན་གསུམ་དང་། རྟེན་གསུམ་ཕོ་བྲང་གཞལ་ཡས་བཞེངས་དང་གསུམ། འདི་གསུམ་གང་བསྒྲུབ་གཅེན་པོས་བཀའ་རྩོལ་ཅིག།

དཔྱད་བརྗོད།

ཅེས་པ་ནི་མདོ་དྲི་མེད་གཟི་བརྗིད་ནང་གི་འདབ་ཆགས་ཀྱི་གཏམ་རྒྱུད་ལས་ཚན་བཤུས་ཐུང་ངུ་ཞིག་ཡིན། ནང་དོན་མདོར་བསྡུས་ན་འདི་ལྟར་སྟེ། ཡབ་ནེ་ཙོ་སྤུ་རུ་ཡུམ་ནེ་ལ་ལྕམ་ལ་ལོ་གཉིས་དང་། གཅེན་པོ་ནེ་ཙོ་གཡུ་གཤོག གཅུང་པོ་སྤུ་རུ་གཞའ་འོད་རྣམ་ལ་ཁ་ལ་ནེ་ཙོས་སྨྲས་པ། འཇིག་རྟེན་གྱི་ཁམས་སུ་བྱ་རིགས་མང་ཡང་། ལྷ་ཡུལ་དུ་སྨན་གྱི་བཅུད་བསགས་ཀླུ་ཡུལ་དུ་རྩིའི་བཅུད་བསྡུས་མི་ཡུལ་དུ་འབྲུའི་གཏེར་བསགས་ཐུབ་མཁན་ནེ་ཙོས་ལས་སུས་ཀྱང་མི་ནུས་པས་མཆོག་ཏུ་གྱུར་བ་ནེ་ཙོ་ལས་མེད། ཕུན་སུམ་ཚོགས་པའི་ལོངས་སྤྱོད་འདི་བསགས་པ་ཆུད་གསོན་དུ་འགྱུར་ན་མདོ་དོན་བརླག་པ་དང་། འཇིག་རྟེན་གྱི་བྱ་བ་ནི་སྙན་གྲགས་ཡིན་ལ། ཆུད་ཟོས་སུ་མ་སོང་བ་དགེ་ལ་བཏང་ན་ལེགས་པ་དང་མ་བཏང་བསོག་འཇོག་དྲན་ན་དུས་མཐའ་ལ་ཉེ་བས། ཕྱུག་པོ་ནོར་གྱིས་རང་སྲོག་ཕུང་བ་དང་འཕན་པོའམ་ཁྱིམ་ཚང་བུ་མང་ན་རང་དམའ་འབབ་འདྲེ་རུ་གྱུར་བ། དེ་ཡང་རང་ཚོད་མ་ཟིན་པ་རྒྱུ་ནོར་ལས་བྱུང་། འཇིག་རྟེན་གྱི་རྒྱུ་ནོར་ནི་མི་རྟག་སྒྱུ་མ་ཡིན་པ་དྲན་ཅིང་གཉེན་དང་ཉེ་འབྲེལ་ནི་གནས་སྐབས་ཀྱི་གྲོགས་ཙམ་ལས་རང་ཉིད་དང་གཏན་དུ་འགྲོགས་མི་ཐུབ། རང་གི་ཡུལ་དང་ཁང་པ་ས་ཞིང་བཅས་པ་རང་ཉིད་ཕར་རོལ་འགྲོ་ཚེ་སྦྲུལ་ཤུན་པ་ལས་ཐོན་པ་བཞིན་ཁྱེར་མི་ཐུབ་ཅིང་། ཚེ་འདི་ཡི་སྙན་གྲགས་ནི་འབྲུག་སྒྲ་གྲག་པ་ལྟར་སྐད་ཅིག་ཙམ་ལས་རྟག་བརྟན་མེད་པས། ངེད་རང་ཕྱི་མ་ལ་མཁོ་བའི་དགེ་བ་བྱ། དགེ་བའི་ལུགས་ལ་རྣམ་གྲངས་གསུམ་སྟེ། གཅིག་དག་ཞིང་ལ་ཚོགས་བསགས་དང་། གཉིས་གསུང་རབ་འབྲི་ཀློག་འདོན་གསུམ། གསུམ་རྟེན་གསུམ་དང་ཕོ་བྲང་གཞས་ཡས་བཞེངས་པ་འདི་གསུམ་གང་བསྒྲུབ་གཅེན་པོས་བཀའ་སྩོལ་ཅིག་གསུངས་པའོ། །

འདི་ཚིག་བཅད་ཀྱི་ལམ་ནས་ཟང་ཟིང་གི་འཇིག་རྟེན་ལ་ཞེན་པ་ལོག་ནས་ཕྱི་མ་ལ་ཕན་པའི་དགེ་ལ་བརྩོན་ཚུལ་བསྟན་པ་དང་། འུད་བརྗོད་དང་སྒྲོ་བཏགས་མེད་ཅིང་། གཟུགས་རྒྱན་དང་དཔེ་མཚོན་ཉུང་བའི་ཐོག་ཚིག་གི་སྦྱོར་བ་སྙན་ཞིང་བརྗིད་ལ། ཁ་གསལ་བོ་ཡོད། འདི་ལ་ལྟ་ཀློག་བྱས་ན། གནའ་རྩོམ་ལ་རྒྱུས་ལོན་ཐུབ་པ་དང་། བོད་རང་གི་ཐུན་མོང་མ་ཡིན་པའི་ཐ་སྙད་ལ་ཐོས་རྒྱ་ཆེ་རུ་འགྲོ་ཐུབ་པ་ཡིན།

འདི་ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ལས་པར་དུ་བསྐྲུན་པའི་མདོ་དྲི་མེད་གཟི་བརྗིད་ལས་འདབ་ཆགས་ཀྱི་གཏམ་རྒྱུད་ཚན་བཤུས་བྱས་པའོ།།

(སྤྱིའི་གཟིགས་གྲངས། 60 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅།།འབྱུང་…
error: རྩོམ་འདི་བདག་དབང་ཅན་ཡིན།