ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ས་ལམ་འཕྲུལ་གྱི་སྒྲོན་མེའི་གཞུང་བཞུགས་སོ།།

རྩོམ་པ་པོ། མཉམ་མེད་ཤེས་རབ་རྒྱལ་མཚན།

༄༅། །ལེགས་པ་ཀུན་རྫོགས་དུས་གསུམ་རྒྱལ་བ་དང༌། །ལྐུགས་པ་ཁ་འབྱེད་འཕྲུལ་ངག་བདེན་པའི་བོན། །ས་ལམ་རིམ་བགྲོད་གཡུང་དྲུང་སེམས་དཔའ་དང༌། །བརྒྱུད་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གཟུང་འཛིན་དབང་གིས་འཁོར་བར་འཁྱམས་པ་རྣམས། །བདེ་ཆེན་མཆོག་གི་ལམ་ལ་འགོད་པའི་ཕྱིར། །རྒྱལ་དང་རྒྱལ་སྲས་མཁས་པས་ལེགས་གསུངས་པ། །མ་ནོར་ངེས་པས་གཞན་གྱི་དོན་འགྱུར་མོད། །བརྗོད་འདོད་བདག་གིས་སྨྲས་པའི་ངག་ཚིག་གིས། །རྣམ་བཤད་ལྷག་དོན་འགྱུར་བ་མེད་མོད་ཀྱང༌། །འགྲོ་མགོན་བླ་མའི་བཞེད་གཞུང་ཇི་ལྟ་བར། །རང་དང་གཞན་ལ་ཕན་ཕྱིར་འདིར་བཀོད་བྱ།། སྤངས་རྟོགས་ལེགས་པའི་རྒྱན་གྱིས་རབ་མཛེས་པའི། །བཤེས་གཉེན་མཁས་རྣམས་བསྐུལ་བར་མི་འོས་མོད། །ཕན་བདེའི་གནས་འདོད་བདག་བས་དམན་པ་རྣམས། །དད་མོས་དྲན་པའི་སེམས་ཀྱིས་འདིར་ཞུགས་མཛོད། །བོན་རྣམས་ཐམས་ཅད་གཞི་རྩ་ནི། །བདག་ཉིད་ལ་འདུས་རྒྱལ་བས་གསུངས། །བདག་འཛིན་དབང་གིས་སྡུག་བསྔལ་དང༌། །བཅས་པ་དེ་ནི་འཁོར་བ་ལ། །བདག་མེད་རྟོགས་པས་བདེ་བ་དང༌། །ལྡན་པ་མྱ་ངན་འདས་པའོ། །སྡིག་དང་དགེ་བ་ཟག་བཅས་འཁོར། །ཚོགས་གཉིས་མྱ་ངན་འདས་པའི་རྒྱུ། །ངོ་བོ་བདག་འཛིན་བྲལ་མ་བྲལ། །ས་མཚམས་ལམ་ལ་ཞུགས་མ་ཞུགས། །རང་བཞིན་གཟུགས་སོགས་སྦྱིན་ལ་སོགས། །འཁོར་བ་གཟུགས་ནས་རྒ་ཤིའི་བར། །སྦྱིན་པ་ནས་ནི་རྣམ་མཁྱེན་ནམ། །བླ་མེད་བར་ནི་མྱ་ངན་འདས། །རྒྱུ་དྲུག་གཅིག་ནས་གཅིག་ཏུ་འཁོར། །འཁོར་བའི་གདུང་བ་མྱ་ངན་ལས། །འདས་པའི་ཕྱིར་ན་དེ་སྐད་བརྗོད། །དེ་ལྟར་འཁོར་འདས་གཉིས་ཀ་ཡང༌། །བདེན་པ་གཉིས་སུ་འདུས་པ་སྟེ། །འཁོར་བའི་བོན་རྣམས་ཀུན་རྫོབ་དང༌། །མྱ་ངན་འདས་པ་དོན་དམ་མོ། །བདེན་པ་ཡིན་ལུགས་ལྡན་པར་གསུངས། །ཁྱབ་བྱེད་གྱུར་ཅིང་ཡིན་ལུགས་ལྡན། །དོན་དམ་སྤྲོས་བྲལ་བློར་མི་ལྟོས། །ཀུན་རྫོབ་སྤྲོས་བཅས་བློར་ལྟོས་ཡིན། །དབྱེ་གཞི་མཚན་ཉིད་དེས་ཁྱབ་ལ། །དབྱེ་ངོ་དོན་དམ་ཀུན་རྫོབ་གཉིས། །རྒྱུ་མཚན་བོན་ཅན་བོན་ཉིད་དང༌། །འབྲས་བུ་ཇི་ལྟ་ཇི་སྙེད་མཁྱེན། །འཕགས་པའི་མཉམ་བཞག་རྗེས་ཐོབ་གཉིས། །བདེན་དངོས་བཀག་ནས་སྒྱུ་མ་དང༌། །ཐམས་ཅད་རྣམ་བཀག་སྤྲོས་བྲལ་ལ། །ལྟོས་སོགས་སྒོ་ནས་རྣམ་པར་དབྱེ། །དབྱེ་བའི་དོན་ནི་དེ་ཉིད་དང༌། །གཞན་དུ་བརྗོད་དུ་མེད་པ་སྟེ། །གཅིག་དང་ཐ་དད་གང་དུ་ཡང༌། །དབྱེ་བ་མེད་པས་དབྱེར་མེད་ཡིན། །གྲངས་ནི་ཡིན་ཚུལ་མ་གྲུབ་ཅིང༌། །སྣང་ཚུལ་དག་དུ་མ་འགག་པ། །སོགས་ལ་ལྟོས་ཏེ་རྣམ་པར་ངེས། །མཚན་མར་མ་གྲུབ་ཡིན་ལུགས་ལྡན། །དེ་ནི་དོན་དམ་བདེན་པ་ཉིད། །སྤྲོས་པས་དབེན་པས་དབྱེ་བ་མེད།། ཐ་སྙད་བརྡ་རུ་ཐེག་འགྲེལ་ལས། །ཟབ་མོ་གཏམ་དང་འཇིག་རྟེན་གྲགས། །དོན་དམ་གཉིས་སུ་རྣམ་པར་བཤད། །མཐར་ཐུག་དོན་དང་དམ་པ་ཡི།། སྤྱོད་ཡུལ་ཡིན་ཕྱིར་དོན་དམ་བརྗོད། །མཚན་མར་སྣང་བའི་ཡིན་ལུགས་ལྡན། །དེ་ནི་ཀུན་རྫོབ་བདེན་པ་ཉིད། །བག་ཆགས་ཅི་རིགས་དང་བྲལ་བ།། མཚན་མར་སྣང་བའི་ཡིན་ལུགས་ལྡན། །དག་པ་ཀུན་རྫོབ་བདེན་པ་ཉིད། །སྐུ་དང་ཡེ་ཤེས་འཕྲིན་ལས་དང༌། །རྗེས་ཐོབ་ལ་སྣང་སྣང་བ་རྣམས། །སྒྲིབ་པ་ཅི་རིགས་དབེན་པས་བརྗོད། །བག་ཆགས་མངོན་འགྱུར་དང་འགྲོགས་པས། །མཚན་མར་སྣང་བའི་ཡིན་ལུགས་ལྡན། །མ་དག་ཀུན་རྫོབ་བདེན་པ་ཉིད། ཐ་སྙད་བློ་ནི་མ་འཁྲུལ་བར། །མཚན་མར་སྣང་བའི་ཡིན་ལུགས་ལྡན། །ཡང་དག་ཀུན་རྫོབ་བདེན་པ་སྟེ། །རང་མཚན་དོན་སྤྱིའི་སྒོ་ནས་གཉིས། །སོ་སྐྱེའི་ཤེས་པ་འཁྲུལ་མེད་ལ། །བདེན་པའི་ཕྱིར་ན་དེ་སྐད་བརྗོད། །འཁྲུལ་ངོར་གྲུབ་ཅིང་མཚན་མར་སྣང༌། །དོན་བྱེད་ནུས་པས་སྟོང་པ་ནི། །ལོག་པའི་ཀུན་རྫོབ་དབང་ཤེས་དང༌། །ཡིད་ཤེས་བསླད་ལ་སྣང་བ་རྣམས། །བདེན་སྣང་དོན་ལ་ལོག་པས་ན། །ལོག་པའི་ཀུན་རྫོབ་ཅེས་སུ་བརྗོད། །བག་ཆགས་མངོན་གྱུར་དང་འགྲོགས་པས། །མ་དག་ཀུན་རྫོབ་ཅེས་སུ་འདོགས། །བརྟག་ཅིང་དཔྱད་ན་སྙིང་པོ་མེད། །དཔྱད་མི་བཟོད་པས་ཀུན་རྫོབ་བརྗོད། །གནས་སྐབས་བདེན་ལ་ཁྱབ་བྱེད་དུ། །ཡོད་པའི་ཕྱིར་ན་རང་བཞིན་བདེན། །ཁྱབ་བྱར་གྱུར་ཅིང་ཡིན་ལུགས་ལྡན། །འགོག་ལམ་མྱ་ངན་འདས་པ་ལ། །སྡུག་ཀུན་གཉིས་ནི་འཁོར་བའོ། །དབྱེ་གཞི་ཁྱབ་བྱར་གནས་ཚོད་ལ། །སྡུག་བསྔལ་ཀུན་འབྱུང་འགོག་ལམ་བཞི། །སྤང་གཉེན་གཉིས་ཀྱི་ཁྱད་པར་ལ། །རྒྱུ་འབྲས་སྒོ་ནས་དེ་བཞིར་འབྱེད། །འགོག་དང་གཞན་རྣམས་དབྱེར་མེད་ལ། །ལམ་དང་སྡུག་ཀུན་ཐ་དད་དོ། །སྡུག་ཀུན་གཉིས་ནི་རྒྱུ་འབྲས་ཡིན། །རྒྱུ་འབྲས་ཟུང་གཉིས་ལ་ལྟོས་ནས། །འཇུག་པའི་ཚུལ་གྱིས་གྲངས་ངེས་སོ། །རྒྱུ་ལས་བྱུང་ཞིང་ངོ་བོ་དག །ཉོན་མོངས་བྱེད་པའི་ཡིན་ལུགས་ལྡན། །སྡུག་བསྔལ་མི་རྟག་སྟོང་བདག་མེད། །ཉོན་མོངས་བྱེད་དང་སྐད་ཅིག་མ། །བདེན་པས་སྟོང་དང་བདག་དང་བྲལ། །སེམས་རྒྱུད་སྡུག་བསྔལ་གནས་པས་བརྗོད། །སྡུག་བསྔལ་བསྐྱེད་པའི་ཡིན་ལུགས་ལྡན། །རྒྱུ་དང་ཀུན་འབྱུང་རབ་ཏུ་སྐྱེ། །རྐྱེན་གྱི་རྣམ་པ་བཞི་རུ་བཤད། །སྡུག་བསྔལ་སྐྱེད་བྱེད་ཚང་པར་འབྱུང༌། །མྱུར་དུ་སྐྱེ་ཞིང་ཕྱིས་རྐྱེན་བྱེད། །སྡུག་བསྔལ་ཐམས་ཅད་བསྐྱེད་པས་བརྗོད། །ལས་སྒྲིབ་དབེན་པའི་ཡིན་ལུགས་ལྡན། །འགོག་ཞི་གྱ་ནོམ་ངེས་པར་འབྱུང༌། །དགག་བྱ་བཞི་ལ་ལྟོས་པའོ། །དགག་བྱ་འགོག་པས་དེ་སྐད་བརྗོད། །བདག་མེད་རྟོགས་པས་ཕྱིན་པར་བྱེད། །ཡིན་ལུགས་ལྡན་པ་ལམ་ཉིད་དོ། །ལམ་རིག་སྒྲུབ་པ་ངེས་འབྱིན་བཞི། །ཕྱིན་པར་བྱེད་དང་སྤང་བྱ་སྤངས། །ལེགས་པར་སྒྲུབ་དང་ངེས་གནས་འབྱིན། །འདས་ལ་ཕྱིན་བྱེད་ཡིན་པས་ལམ། །སེམས་དཔའི་ལམ་གྱི་གནས་སྐབས་སུ། །བདེན་པའི་ཕྱིར་ན་གནས་སྐབས་བདེན། །འགོག་དང་མཉམ་བཞག་དོན་དམ་ལ། །རྗེས་ཐོབ་སྡུག་ཀུན་ཀུན་རྫོབ་ཡིན། །གནས་ལུགས་ལ་ལྟོས་སྒོ་ནས་བརྗོད། །སྣང་བ་འདི་ལ་ཡང་དག་པར། །སྐྱེ་བ་མེད་པར་གདོད་ནས་དག །འདི་ཞེས་མཚོན་ཅིང་དཔག་ཏུ་མེད། །སྤྲོས་པས་དབེན་པས་བློ་འདས་ཡིན། །ཐ་སྙད་སྣང་བ་མ་འགག་པ། །བདེན་པའི་དངོས་པོར་གྲུབ་མ་ཡིན། །རྨི་ལམ་སྒྱུ་མའི་ཚུལ་དུ་གནས། །ཡང་དག་སྒྱུ་མ་ཉིད་མི་དམིགས། །གཞི་དུས་དོན་དམ་ཀུན་རྫོབ་དང༌། །ལམ་དུས་མཉམ་བཞག་རྗེས་ཐོབ་ཡིན། །འབྲས་དུས་ཇི་ལྟ་ཇི་སྙེད་མཁྱེན། །བོན་རྣམས་རང་བཞིན་རྣམ་པར་དག །སྤྲོས་དང་བྲལ་བར་སྟོན་པས་གསུངས། །སྣང་བ་རང་བཞིན་མེད་པ་སྟེ། །གཅིག་དང་དུ་མར་བྲལ་བའི་ཕྱིར། །རྨི་ལམ་དང་ནི་སྒྱུ་མ་བཞིན། །ཆ་ཤས་དུ་མ་དམིགས་པའི་ཕྱིར། །ཡང་དག་གཅིག་ཏུ་གྲུབ་པ་མེད། །ཇི་ལྟར་ནམ་མཁའི་སྐར་ཚོགས་བཞིན། །རྡུལ་ཕྲན་དྲུག་དང་སྐད་ཅིག་ནི། །གསུམ་གྱི་ཆ་དང་བཅས་པ་ཡིན། །དེ་མིན་རགས་པ་ཇི་ལྟར་རྩོམ། །དེ་ཕྱིར་རགས་པ་སྨྲོས་ཅི་དགོས། །གཅིག་མེད་དུ་མ་འགྲུབ་མི་སྲིད། །རང་ལས་སྐྱེ་བ་ལ་སོགས་ཏེ། །མུ་བཞི་དག་དང་བྲལ་བའི་ཕྱིར། །སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཇི་ལྟར་སྒྱུ་མའི་རྟ་གླང་བཞིན། །གལ་ཏེ་རང་ལས་རང་སྐྱེ་ན། །རང་མ་གྲུབ་ན་སྐྱེད་བྱེད་འགལ། །གྲུབ་ན་བྱ་བྱེད་ཅིས་མི་འགལ། །གལ་ཏེ་གཞན་ལས་གཞན་སྐྱེ་ན། །མེ་ལས་མྱུ་གུ་སྐྱེ་བར་འགྱུར། །དོན་བྱེད་གཉིས་ཀྱིས་སྟོང་པའི་ཕྱིར། །རྟག་ལས་སྐྱེ་བ་རིགས་མ་ཡིན། །མི་རྟག་འདས་དང་མ་འོངས་མིན། །ད་ལྟ་རྒྱུ་འབྲས་དུས་མཉམ་འགྱུར། །མེད་ལས་མི་སྐྱེ་སྐྱེད་བྱེད་མིན། །དེ་ཕྱིར་གཉིས་ཀ་དག་ལས་ནི། །སྐྱེ་བ་གང་ཡང་ཡོད་མི་སྲིད། །ཡོད་མེད་སྐྱེ་བ་དང་བྲལ་ཕྱིར། །བདེན་དངོས་མེད་དེ་སྒྱུ་མ་བཞིན། །ཡོད་པ་གྲུབ་ཟིན་བསྐྱེད་མི་དགོས། །མེད་པ་རི་བོང་རྭ་བཞིན་ནོ། །རྟེན་ཅིང་འབྲེལ་འབྱུང་ཡིན་པའི་ཕྱིར། །བདེན་དངོས་མེད་དེ་གཟུགས་བརྙན་བཞིན། །རང་བཞིན་གཞན་དུ་འགྱུར་བ་དང༌། །རྣམ་པར་འཇོག་པ་གཞན་ལ་ལྟོས། །རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར། །རྟེན་འབྲེལ་ལ་ནི་བདེན་དངོས་མེད། །ས་ལམ་འཕྲུལ་གྱི་སྒྲོན་མེ་ལས། །ཡིན་ཚུལ་གཞིའི་ལེའུ་སྟེ་དང་པོའོ།། །།

    ལམ་ཉིད་སྐྱེ་བའི་རྒྱུ་དག་ནི། །ལས་སྤྱོད་ཡིན་ཏེ་ལུང་ལས་བཤད། །ལམ་གྱི་དོན་ལྡོག་ཕྱིན་པར་བྱེད། །འཁོར་བ་དང་ནི་ཐར་པའི་ལམ། །རྟེན་གྱིས་སངས་རྒྱས་འདོད་མི་འདོད། །ངོ་བོ་བྱེད་ལས་བདག་མི་གཅིག །ཉོན་མོངས་བསྐྱེད་དང་མི་བསྐྱེད་དང༌། །ངོ་བོ་ཞི་དང་མ་ཞི་དང༌། །འབྲས་བུ་ཡིད་འོང་མི་འོང་འབྱིན། །གཉིས་ལ་ལྟོས་ཏེ་རྣམ་པར་ངེས། །ཕྲ་རྒྱས་མ་སྤངས་ཚུལ་མིན་འཆང༌། །ཉེ་བར་གནས་པའི་རྐྱེན་ངན་བརྟེན། །མ་དག་ལོག་པའི་སེམས་བསྐྱེད་དང༌། །དུག་ལྔའི་རྒྱུ་ལས་མི་དགེ་སྤྱོད། །འཁོར་བའི་ལམ་ལྔ་རྣམ་པར་སྨིན། །འཁོར་ལམ་བདག་འཛིན་སྡུག་བསྔལ་གྱིས། །བསྐྱེད་ནས་ཕྱིན་པར་བྱེད་པའོ། །དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །མི་དང་ལྷ་ཡི་ལམ་ལྔ་བཤད། །རྒྱུ་དང་རྐྱེན་ལྔས་རྣམ་པར་འབྱེད། །རྒྱུ་འབྲས་ངོ་བོ་ཐ་དད་དོ། །རྒྱུ་ལྔ་ལ་ལྟོས་རྣམ་པར་ངེས། །འཁོར་བ་གཅིག་ནས་གཅིག་ཏུ་ནི། །ཕྱིན་བྱེད་ཕྱིར་ན་མིང་དོན་ངེས། །ཡིད་འོང་མི་འོང་གང་ཡང་མིན། །འབྲས་བུ་སོ་སོར་འབྱིན་པར་བྱེད། །རང་བཞིན་རིགས་ནི་འགྲོ་ཀུན་ལ། །རྒྱས་འགྱུར་རིགས་ནི་ལམ་ཞུགས་སོ། །རྒྱལ་བའི་ཉེར་ལེན་རྒྱུར་གྱུར་དང༌། །དེ་བཞིན་བོན་སྐུའི་བྲལ་རྒྱུར་དང༌། །རྒྱལ་བའི་ཡོན་ཏན་བསྐྱེད་རྒྱུར་གྱུར། །རིགས་ཙམ་རང་བཞིན་གནས་རིགས་ཡིན། །ངོ་བོའི་སྒོ་ནས་རང་བཞིན་དང༌། །རྒྱས་འགྱུར་རིགས་གཉིས་རྣམ་པར་དབྱེ། །ཐེག་པ་ཆེ་འབྲིང་ཆུང་གསུམ་རིགས། །གནས་སྐབས་དག་གིས་ཕྱེ་བའོ། །རིགས་ཡོད་པས་ན་སློང་དུ་ཡོད། །རྐྱེན་གྱིས་སློང་བས་ལམ་དང་འཕྲད། །འཕྲད་པས་འབྲས་བུ་སངས་རྒྱས་ཐོབ། །རིགས་སད་ངན་སོང་མི་ལྟུང་ཞིང༌། །གཞན་སྨིན་མྱུར་དུ་ཐར་པར་བྱེད། །མ་སད་ཉོན་མོངས་རྐྱེན་དུ་འགྲོ། །སྡིག་པའི་གྲོགས་འཕྲད་གཞན་དབང་འགྱུར། །སྒྲིབ་བྱང་ཡོན་ཏན་ཐམས་ཅད་ཐོབ། །གཞན་དོན་རྒྱ་ཆེར་ནུས་པ་དང༌། །སངས་རྒྱས་མྱུར་དུ་འགྲུབ་པས་ན། །འོག་མ་དག་ལས་ཁྱད་པར་འཕགས། །ལམ་གྱི་རྟེན་དུ་གྱུར་པ་དང༌། །རིགས་སམ་རྒྱལ་བའི་རིགས་བསྐྱེད་ཅིང༌། །དེ་ལ་བརྟེན་ནས་དགེ་སྒྲུབ་པས། །རྟེན་དང་རིགས་དང་རྒྱུ་ཞེས་བརྗོད། །བྱས་པ་མེད་པར་ཡེ་གནས་དང༌། །གསོས་གདབ་ཉམས་སུ་ལེན་པས་ན། །རང་བཞིན་དང་ནི་རྒྱས་འགྱུར་སྨོས། །མ་སྐྱེས་སྐྱེ་བ་ཕལ་ཆེར་ནི། །ལྷ་དང་མི་ཡི་རྟེན་ཡིན་ཏེ། །མི་ལུས་དལ་འབྱོར་ལྡན་པ་དང༌། །ལྷ་ལུས་གཡེང་བ་མེད་པའོ། །རྒྱལ་བའི་ཐུགས་རྗེ་ལ་བརྟེན་ནས། །འགྲོ་བ་གང་ཡང་རུང་བ་སྟེ། །གཏོ་བུ་དང་ནི་ཀླུ་མོ་བཞིན། །ཐེག་པ་ཆེན་པོའི་རིགས་སད་ཅིང༌། །བདག་མེད་རྟོགས་པ་ཐོབ་འདོད་བློ། །བག་ཆགས་དག་གི་རྒྱུན་བརྟན་པས། །སྐྱེ་གནས་རྟེན་ནི་འགྲོ་ཀུན་རུང༌། །འཁོར་བར་སྐྱོ་དང་སྙིང་རྗེ་སྐྱེས། །སངས་རྒྱས་ལ་ནི་དད་པ་ལྡན། །དཔོན་གསས་གདམས་ངག་སེམས་བསྐྱེད་དོ། །གདུལ་བྱ་ལམ་ལ་འགོད་པ་ཡི། །གདམས་པ་སྟོན་བྱེད་སྐྱེས་བུ་གང༌། །དེ་དག་ཡོངས་འཛིན་དཔོན་གསས་ཡིན། །སེམས་དང་བསྐྱེད་ན་གྲོགས་ཙམ་ཡོད། །ཁྱད་པར་ཅན་ནི་བོན་མཆོག་སོགས། །སོ་སྐྱེ་འཕགས་པ་མཆོག་ཐོབ་གསུམ། །ཕྱོགས་རེ་ཕལ་ཆེར་ཐམས་ཅད་སྟོན། །སྡིག་པའི་གྲོགས་དང་མ་དག་སྤྱོད། །ཐེག་ཆེན་ལ་ནི་སེམས་ཞུམ་སྤང༌། །ཐབས་ཤེས་ཟུང་དུ་འབྲེལ་བར་བྱེད། །དེས་ཟིན་ལམ་དུ་གྱུར་པ་དང༌། །ལམ་གྱི་དགེ་བའི་སྡོང་འདེབས་ཤིང༌། །ལམ་པས་བཀུར་བྱའི་རྟེན་ཡིན་པས། །ཡོངས་འཛིན་བཤེས་གཉེན་དཔོན་གསས་སོ། །ཐོས་རུང་སེམས་ཅན་ཀུན་ལ་ཡོད། །ཐོས་དང་བསམ་བཅས་གསར་ཞུགས་ཡིན། །ཐོས་ཤིང་གོམས་པ་ཚོགས་ལམ་རབ། །ཐོབ་མངོན་མཐོང་ལམ་ཡན་ཆད་དོ། །གསར་ཞུགས་ཡོངས་འཛིན་འཕྲད་པའི་དུས། །དེ་ལ་རིམ་བཞིན་ཇེ་རྒྱས་ཡིན། །ཚོགས་ལམ་ཚུན་ལ་སོ་སྐྱེ་ལ། །སྦྱོར་ལམ་ལས་ནི་འཕགས་སྤྲུལ་ལོ། །དོན་དུ་གཉེར་བྱའི་ཐབས་སྟོན་ངག །ཡིད་ཆེས་གནས་ལས་བྱུང་བ་གདམས། །ཐོབ་པ་མི་ཉམས་ཐབས་སྟོན་ཅིང༌། །མ་ཐོབ་ཐོབ་པའི་ཐབས་སྟོན་ངག །ཡིད་ཆེས་གནས་ལས་བྱུང་བ་ནི། །ཁྱད་པར་ཅན་དང་རྗེས་བསྟན་ཡིན། །གདམས་ཙམ་གསར་ཞུགས་ཁྱད་པར་ཅན། །ཚོགས་ལམ་ཆེན་པོ་རྗེས་བསྟན་ནི། །ཚོགས་ལམ་ཆུང་ངུ་དག་ལ་ཡོད། ཁམས་གསུམ་ཉེས་ཅན་ལམ་ལྔ་ནི། །ཐར་ལམ་རྣམ་མཁྱེན་མཐར་ཐུག་གདམས། །ཡོད་མེད་སྣང་སྟོང་རྟག་ཆད་དང༌། །སྐྱེ་འགག་མཐའ་རུ་མི་དམིགས་ཤིང༌། །རང་བཞིན་ཀུན་བྲལ་བོན་ཉིད་བསྟན། །དམ་པ་རྣམས་ཀྱི་མན་ངག་དག །ངེས་པ་ཉིད་དུ་གདམས་པའོ། །གདམས་པ་མེད་ན་དོན་མི་འབྱུང༌། །དེ་ཕྱིར་གདམས་པ་དགོས་པའི་མཆོག །སེམས་བསྐྱེད་མ་སྐྱེས་ལམ་མི་སྐྱེ། །དེ་མེད་འབྲས་བུ་མི་ཐོབ་པས། །སེམས་བསྐྱེད་ལམ་གྱི་སྔོན་དུ་དགོས། །ཡུལ་གྱིས་ཟིན་པའི་འཇིགས་པ་སེལ། །སྐྱབས་སོང་ཙམ་དང་ཁྱད་པར་ཅན། །བསོད་ནམས་ཆ་མཐུན་ལམ་ལ་ཞུགས། །བླངས་དང་བོན་ཉིད་ལས་ཐོབ་པ། །དང་པོའི་ས་དང་འཇིག་རྟེན་འདས། །ཡུལ་ནི་བཞིའམ་གསུམ་ཡིན་ལ། །རྟེན་ནི་ཐེག་པ་ཆེ་ཆུང་གཉིས། །དུས་ནི་ཇི་སྲིད་འཚོ་དང་ནི། །སྙིང་པོ་བྱང་ཆུབ་ཐོབ་ཀྱི་བར། །བར་ཆད་མི་ཚུགས་རྟེན་དུ་རུང༌། །ངན་འགྲོ་སོགས་ལས་སྐྱོབ་པར་འགྱུར། །སྐྱབས་འོག་ཚུད་ནས་བར་ཆད་ཞི། །ཡུལ་ལ་མོས་པས་བློ་གཏད་པ། །དད་པ་ཡིན་ཏེ་དྭངས་པ་དང༌། །མོས་པ་དང་ནི་ཡིད་ཆེས་གསུམ། །ཡུལ་ལ་ཉེ་བར་གུས་ཕྱིར་དང༌། །སྙིང་རྗེས་འགྲོ་ལ་སེམས་བརྩེ་བ། །བདག་ཕྱོགས་མེད་དང་ཀུན་ལ་སྙོམས། །བུ་གཉེན་ལྟ་བུའི་སྙིང་རྗེ་གསུམ། །གདུང་ཞིང་བྱམས་པས་སྙིང་རྗེ་བརྗོད། །རྒྱུ་རྐྱེན་ཀུན་ལྡན་བརྡ་སྤྲོད་པའི། །ཆོ་ག་ཚང་པ་རྐྱེན་དུ་གསུངས། །གང་ཞིག་གང་ལ་འདུན་པ་དང༌། །གཞན་དོན་བྱང་ཆུབ་ལ་འདུན་པ། །སེམས་བསྐྱེད་ཙམ་དང་ཐེག་ཆེན་ནོ། །བླངས་དང་བོན་ཉིད་ལས་ཐོབ་གཉིས། །འཇིག་རྟེན་དང་ནི་འཇིག་རྟེན་འདས། །ཀུན་རྫོབ་ཚོགས་ཀྱི་ལམ་ན་ཡོད། །དོན་སྤྱི་དང་ནི་གསལ་སྣང་ཅན། །མངོན་དུ་མཐོང་བའི་དོན་དམ་ནི། །ཚོགས་སྦྱོར་མཐོང་ལམ་ཡན་ཆད་དོ། །མཚན་གཞི་གཉིས་ཀའི་ཚོགས་དོན་ཡིན། །མོས་པ་ས་གཞི་ཏིང་འཛིན་གསེར། །དྲན་པ་ཟླ་བ་ཡར་ངོ་བཞིན། །གཞན་དོན་སངས་རྒྱས་ཐོབ་འདོད་དམིགས། །གཞན་དོན་སངས་རྒྱས་ཐོབ་འདོད་ལ། །དམིགས་ནས་བསྒྲུབ་པ་སྨོན་འཇུག་ཡིན། །ཆེད་དུ་བྱ་བ་སེམས་ཅན་དང༌། །དངོས་ཀྱིས་དམིགས་པ་བྱང་ཆུབ་སྨོན། །དེ་དོན་བྱ་དང་ཐོབ་འདོད་རྣམས། །ཆེད་བྱ་གཞན་དོན་བྱང་ཆུབ་ལ། །དོན་གཉེར་སེམས་དཔའི་སྤྱོད་པར་འཇུག །དོན་བྱེད་ཐོབ་འདོད་བསམ་དང་སྤྱོད། །གཞན་དོན་བྱང་ཆུབ་ལ་འདུན་དང༌། །དེ་དོན་ཇི་བཞིན་བསྒྲུབ་པ་ནི། །སྨོན་དང་འཇུག་གི་ཁྱད་པར་རོ། །ཀུན་རྫོབ་དོན་དམ་སེམས་བསྐྱེད་དང༌། །བརྡ་དང་བོན་ཉིད་ལས་ཐོབ་གཉིས། །འཇིག་རྟེན་པ་དང་དེ་ལས་འདས། །མོས་སྤྱོད་ལྷག་བསམ་རྣམ་སྨིན་གསུམ། །གཏན་དུ་བ་ནི་སྨོན་ལམ་ལ། །རེ་འགའི་གྲོགས་ནི་ཕར་ཕྱིན་གཞན། །སྦྱོར་དངོས་རྗེས་གསུམ་ཚང་པས་བླང༌། །དད་དང་སྙིང་རྗེ་ལོག་པ་དང༌། །ལོག་ལྟ་སྐྱེས་དང་སྐྱབས་འགྲོ་ཤོར། །མཆོད་འོས་བསླུས་དང་དགེ་ལ་འགྱོད། །གཤེན་རབ་སྐྱོན་བརྗོད་གཡོ་སྒྱུས་སྤྱོད། །ཉིན་མཚན་མཉམ་པའི་གསུམ་ཆར་འདས། །ཉོན་མོངས་དབང་གིས་ཕུལ་བའོ། །འགྱོད་པ་སྐྱེས་ནས་བསྐྱར་བར་གསུངས། །མིང་དོན་གཉིས་འཕོས་ཁྱད་པར་འགྱུར། །གོང་མའི་ཚུལ་ལྡན་དམ་པས་བསྟོད། །ཕན་སེམས་ལྡན་པས་ཀུན་བཤེས་འགྱུར། །གཞན་དོན་མཛད་པས་བདེར་གཤེགས་མཉེས། །དགེ་སྟོབས་ལྡན་པས་སྡིག་དྲུངས་འབྱིན། །ཕྱི་ནང་བར་ཆད་ཞི་བར་འགྱུར། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ། །ཉམས་ན་ཡོན་ཏན་དེ་བཟློག་འགྱུར། །དྲན་པའི་སྤོབས་པ་བསྐྱེད་པས་བརྗོད། །ལམ་ཉིད་རྒྱུད་ལ་བསྐྱེད་པར་བྱེད། །སྟོབས་ཆུང་སྡིག་ཅན་མུ་སྟེགས་སྤངས། །རང་དོན་ཡིད་ལ་བྱེད་པ་དང༌། །སྡིག་པའི་ལས་ནི་སྤྱད་མི་བྱ། །ཉིན་མཚན་དུས་དྲུག་དག་ཏུ་སྦྱང༌། །སྲོག་གི་ཕྱིར་ཡང་སྡོམ་མི་གཏོང༌། །ཤིན་ཏུ་གཅེས་པར་འཛིན་པར་བྱ། །འགྲོ་ལ་ཚད་མེད་རྣམ་བཞི་བསྒོམ། །ཕན་ཡོན་མི་བརྗེད་དད་པ་བསྐྱེད། །མི་ཉམས་སྤེལ་བའི་ཐབས་ཉིད་དོ། །གཡུང་དྲུང་སེམས་དཔའི་སྒྲུབ་འཇུག་གི། །རྟེན་ནི་རྒྱས་འགྱུར་རིགས་ཡིན་ལ། །སེམས་བསྐྱེད་དང་ནི་གདམས་ངག་རྐྱེན། །གཞན་དོན་བྱང་ཆུབ་ཐོབ་བྱའི་ཕྱིར། །བོན་རྣམས་མི་དམིགས་བརྩོན་པས་ལེན། །དེའི་ས་མཚམས་ཚོགས་ལམ་ཡན། །གོ་ཆ་འཇུག་ཚོགས་ངེས་འབྱུང་བཞི། །ངོ་བོ་བསམ་སྦྱོར་གོ་ཆ་འཇུག །གནས་སྐབས་མཐར་ཐུག་འབྲས་བསྐྱེད་པ། །ཚོགས་དང་ངེས་འབྱུང་རྣམ་པར་དབྱེ། །སྒྲུབ་པའི་ཚུལ་དུ་ཐ་དད་དོ། །རྒྱུ་མཚན་སྟོབས་ཀྱིས་རྣམ་པར་ངེས། །བོན་སྐུ་ཐོབ་ཕྱིར་ཕར་ཕྱིན་ནི། །མི་དམིགས་བསམ་པས་ཉམས་སུ་ལེན། །ཐབས་གང་མྱང་འདས་རྒྱུད་དཔའ་བས། །རང་བཞིན་མེད་རྟོགས་གྲོགས་མཚུངས་ལྡན། །དེ་ནི་བླ་མེད་ཕྱིན་པ་ཡིན། །སྦྱིན་པ་ལ་སོགས་བླ་མེད་བཅུ། །སྦྱིན་དང་སྦྱིན་པ་ཆེན་པོ་སོགས། །ཡན་ལག་དྲུག་ཏུ་མཁས་པས་སྤྱད། །དགྲ་ཡིས་མི་འཇིགས་གོ་ཆ་བརྗོད། །བོན་སྐུའི་ཆེད་དུ་མི་དམིགས་པས། །འཇུག་ཅིང་བརྩོན་པས་ཉམས་སུ་ལེན། །བསམ་གཏན་གཟུགས་མེད་སྦྱིན་ལ་སོགས། །ལམ་དང་ཚད་མེད་མཚན་མ་དང༌། །འཁོར་གསུམ་དང་ནི་རྣམ་མཁྱེན་ཆེད། །མངོན་ཤེས་དྲུག་དང་རྣམ་མཁྱེན་ལ། །མི་དམིགས་པ་ཡི་འཇུག་ཅིང་བསྒྲུབ། །དངོས་སུ་ཉམས་སུ་ལེན་པས་ངེས། །བོན་སྐུའི་ཆེད་དུ་མི་དམིགས་པ། །ཉམས་སུ་བླངས་པས་གནས་སྐབས་ཀྱི། །འབྲས་བུ་བསྐྱེད་པའི་རྒྱུར་གྱུར་བའོ། །ཐབས་མཁས་ཚོགས་ནི་ཕར་ཕྱིན་བཅུ། །ཡེ་ཤེས་སྟོང་ཉིད་བཅོ་བརྒྱད་དོ། །ལམ་ནི་ཡན་ལག་སོ་བདུན་ལ། །གཟུངས་ཀྱི་ཚོགས་ནི་ཁམས་བརྒྱད་བཞིན། །ས་ཡི་ཚོགས་ནི་དེ་ཡི་བོན། །གཉེན་པོ་མཉམ་རྗེས་ཟུང་འབྲེལ་ཡིན། །ཚོགས་བསོགས་འབྲས་བུ་དངོས་བསྐྱེད་ཚོགས། །བོན་སྐུའི་ཆེད་དུ་མི་དམིགས་པ། །ཉམས་སུ་བླངས་པས་མཐར་ཐུག་གི། །འབྲས་བུ་བསྐྱེད་པའི་རྒྱུར་གྱུར་བའོ། །རྒྱལ་བའི་ཡོན་ཏན་བཅུ་གཅིག་གི། །ཆེད་དུ་ཐབས་ཤེས་ཟུང་འབྲེལ་གྱིས།། ལམ་རྣམས་ཉམས་སུ་ལེན་པའོ། །རྣམ་མཁྱེན་འབྱིན་པས་ངེས་འབྱུང་བརྗོད། །དེ་དོན་ཇི་བཞིན་བསྒྲུབ་པས་བཏགས། །ལམ་བསྐྱེད་འབྲས་བུ་འགྲུབ་པར་བྱེད། །ས་ལམ་འཕྲུལ་གྱི་སྒྲོན་མེ་ལས། །ལམ་གྱི་སྔོན་འགྲོའི་ལེའུ་སྟེ་གཉིས་པའོ།། །།

    བདག་མེད་རྟོགས་པས་ཕྱིན་པར་བྱེད། །ཐར་པའི་ལམ་གྱི་དོན་ལྡོག་ཡིན། །རྟེན་ནི་ཁམས་གསུམ་གང་རུང་བཤད། །རྒྱས་རིགས་གདམས་ངག་སེམས་བསྐྱེད་དང༌། །ཡུལ་དུས་འཛོམས་པ་ཉིད་ལས་འགྲུབ། །གཞན་དོན་རྣམ་མཁྱེན་ཐོབ་འདོད་པས། །བོན་རྣམས་རང་བཞིན་མེད་པ་རུ། །གཏན་ལ་ཕབ་ནས་སྒོམ་པ་སྦྱོར། །རྣམ་ཀུན་ཚོགས་ནས་རྒྱུན་མཐའི་བར། །རྩེ་མོ་ཚོགས་ལམ་གཉིས་པ་ནས། །ས་བཅུ་རྒྱུན་མཐའི་བར་དུའོ། །མཐར་གྱིས་ཚོགས་ནས་ས་བཅུ་དངོས། །སྐད་ཅིག་རྒྱུན་མཐའ་ཁོ་ནར་ཡོད། །རྣམ་ཀུན་རྩེ་མོ་མཐར་སྐད་ཅིག །གཏན་ལ་ཕབ་དང་དབང་བསྒྱུར་བའི། །རིམ་དང་ཅིག་ཆར་སྒོམ་པས་འབྱེད། །གཅིག་དང་རང་ལྡོག་ཐ་དད་སྲིད། །སྐྱེས་པའི་ཚུལ་གྱིས་གྲངས་ཀྱང་ངེས། །རྒྱས་འགྱུར་རིགས་ནི་བསྒོམ་པའི་རྟེན། །སེམས་ནི་དང་པོར་བསྐྱེད་པ་སོགས། །སྐྱོན་ཡོན་ཤེས་དང་གུས་པས་འཇུག །སེམས་བསྐྱེད་དང་ནི་འདུན་པ་ཡི། །གདམས་པ་སྔོན་དུ་སོང་ལས་གྲུབ། །བདེན་པ་གཉིས་དང་བཞི་ནི་དམིགས། །ལྡོག་ལ་བརྟེན་པའི་བྱེ་བྲག་གོ། །བདེན་པ་བཞི་ཡི་བྱེ་བྲག་དང༌། །སྒོམ་ཚུལ་ལྡོག་པ་བརྟེན་པ་རྣམས། །གཏན་ཕབ་རྟོགས་ནས་སྒོམ་པས་བཏགས། །རྣམ་ཀུན་སྦྱོར་བ་གཞན་དོན་དུ། །རྩེ་མོ་བོན་སྐུ་ཐོབ་པའི་ཕྱིར། །རང་བཞིན་མེད་པར་དབབ་ནས་བསྒོམ། །བོན་ཉིད་སྐྱེ་བ་མེད་པ་དང༌། །བོན་ཅན་སྒྱུ་མ་ལྟར་སྒོམ་ནི། །མཉམ་རྗེས་སོ་སོའི་དོན་ལྡོག་གོ། །ཡུལ་དང་དེ་ཉིད་བློར་མི་དམིགས། །སྒོམ་པ་གནས་དང་རྣལ་འབྱོར་བཀག །གཞི་ལ་དམིགས་ནས་མི་དམིགས་ཟབ། །ལམ་ལ་མི་དམིགས་གཏིང་དཔག་དཀའ། །རྣམ་པར་མི་དམིགས་ཚད་མེད་སྦྱོར། །ཚོགས་ལ་ཐོས་བསམ་རྟོགས་པས་སྦྱོར། །དྲོད་དང་རྩེ་མོ་བཟོད་མཆོག་བཞིར། །ལུང་བསྟན་ཐོབ་དང་ཕྱིར་མི་ལྡོག ངེས་འབྱུང་བར་ཆད་མེད་པར་སྦྱོར། །མཐོང་བར་བྱང་ཆུབ་ཉེ་བ་དང༌། །གཉིས་ནས་བདུན་པར་བྱང་ཆུབ་མྱུར། །བརྒྱད་ལ་གཞན་དོན་འཕེལ་འགྲིབ་མེད། །མི་མཐོང་བསམ་གྱིས་མི་ཁྱབ་དང༌། །རྣམ་པར་མི་རྟོག་སྦྱོར་ཞེས་བརྗོད། །དགུ་པར་འབྲས་བུ་འབྱིན་པ་དང༌། །བཅུ་པར་རྣམ་དག་སྦྱོར་བའོ། །ལྔ་པོ་དུས་ཀྱི་སྐབས་ལ་གདགས། །དམ་བཅའ་སྔོན་དུ་སོང་བ་དང༌། །ཕྱི་བཤོལ་མེད་པར་ཉམས་སུ་ལེན། །ཚོགས་ནས་ས་བདུན་ཚུན་ལ་ཡོད། །སྒོམ་ཙམ་སེམས་བསྐྱེད་དང་པོ་དང༌། །ཁྱད་པར་ཅན་ནི་དྲོད་ཡན་ཆད། །མཉམ་ཉིད་ཞིང་དག་ཐབས་མཁས་སྦྱོར། །བོན་ལོངས་སྤྲུལ་སྐུ་ཐོབ་པར་བྱེད། །རྣམ་པ་སྐྱེ་མེད་སྒོམ་པའི་བློ། །གསལ་སྣང་ཕུལ་ཕྱིན་འབྱུང་རུང་སྟེ། །རྟེན་བརྟེན་གོམས་པ་འཕེལ་བ་དང༌། །གོམས་ཟིན་འབད་ལ་མི་ལྟོས་ཕྱིར། །བར་ཆོད་སྤངས་དང་གོང་དུ་འཕེལ། །ཡུལ་དང་འཕྲད་ཅིང་འགྲོ་དོན་འགྲུབ། །རྣམ་ཀུན་གཏན་དབབ་མངོན་རྫོགས་སྒྲུབ། །དེའི་ཕྱིར་རྣམ་རྫོགས་སྦྱོར་ཞེས་བྱ། །རྩེ་མོ་རྣམ་ཀུན་བདག་རྐྱེན་ལས། །རང་བཞིན་མེད་ལ་དབང་བསྒྱུར་གྱིས། །རྟོགས་པ་ཐོབ་ནས་སྒོམ་པའོ། །སྒྱུ་མ་ལྟར་དང་བོན་ཉིད་ལ། །དེ་བཞིན་སྒོམ་པས་མཉམ་རྗེས་སོ། །རྟགས་ཀྱིས་གཏན་དབབ་ཚོགས་ཆེན་པོར། །དབང་བསྒྱུར་ཐོབ་ནས་སྒོམ་པ་ཚོགས། །དྲོད་རྩེ་བཟོད་མཆོག་རྣམ་བཞི་ནི། །སྤང་གཉེན་རྫས་བཏགས་རང་བཞིན་མེད། །མ་མཐོང་མཐོང་ལ་དབང་བསྒྱུར་མཐོང༌། །མཐོང་ཟིན་གོམས་ལ་དབང་བསྒྱུར་སྒོམ། །ཀུན་ལ་དབང་བསྒྱུར་བར་ཆོད་མེད། །གསལ་སྣང་འབྱུང་རུང་གོང་མ་ལྟར། །དབང་བསྒྱུར་རྩེ་མོ་རྣོ་བས་བརྗོད། །མཐར་གྱིས་གཞན་དོན་སྐད་ཅིག་ལ། །བོན་སྐུ་ཐོབ་པར་བྱ་བའི་ཕྱིར། །རང་བཞིན་མེད་པར་རིམ་གྱིས་སྒོམ། །མཉམ་རྗེས་བོན་ཉིད་བོན་ཅན་ནོ། །བླ་མེད་བཅུ་སོགས་སྐྱབས་གསུམ་དྲན། །ཐབས་ཤེས་ལྷ་དང་འཁོར་འདས་རྣམས། །རང་བཞིན་མེད་པར་རིམ་གྱིས་བསྒོམ། །ལམ་གྱི་ངོ་བོར་རྟེན་ལམ་དང༌། །བོན་ལ་མངོན་ཞེན་འགོག་པས་སྦྱོར། །རིམ་གྱིས་སྒོམ་པས་བོན་སྐུ་ཐོབ། །བློ་རྒྱུན་བརྟན་པ་སོགས་ཀྱིས་འགྲུབ། །རིམ་གྱིས་མཐར་ཐུག་འབྱུང་བས་བརྗོད། །སྐད་ཅིག་མཐར་གྱིས་བདག་རྐྱེན་ལས། །བློ་ཡི་ནུས་པ་མཐར་ཐུག་ནས། །རང་བཞིན་མེད་པར་དུས་གཅིག་སྒོམ། །སྦྱིན་སོགས་དཀར་དང་སློབ་ལམ་བོན། །མཚན་ཉིད་མེད་དང་གཟུང་འཛིན་མེད། །དུས་གཅིག་རྟོགས་ནས་སྒོམ་པ་ནི། །མ་སྨིན་སྨིན་དང་མཚན་ཉིད་མེད། །གཉིས་སུ་མེད་པའི་སྐད་ཅིག་མའོ། །རྣམ་མཁྱེན་དངོས་སུ་ཐོབ་པ་ནི། །དུས་གཅིག་རྟོགས་ནས་བསྒོམ་པས་འགྲུབ། །སྐད་ཅིག་ཉིད་ལ་སྒོམ་པས་བརྗོད། །ཉམས་སུ་ལེན་པའི་སྒོམ་ཡིན་ཅིང༌། །གཏན་ཕབ་བོན་ཉིད་དོན་ལ་སྦྱོར། །ལམ་སྐྱེས་སངས་རྒྱས་ཐོབ་པར་བྱེད། །ཚོགས་སྦྱོར་མཐོང་སྒོམ་རྣམ་པ་བཞི། །དོན་སྤྱིའི་ཚུལ་དུ་རྟོགས་པ་ལ། །ཐོས་བསམ་སྒོམ་འབྱུང་ཚོགས་དང་སྦྱོར། །མངོན་སུམ་ཉིད་དུ་རྟོགས་པ་ལ། །གསར་དང་གོམས་པ་མཐོང་དང་སྒོམ། །སྔ་ཕྱི་རྒྱུ་འབྲས་ཐ་དད་དོ། །མ་སྨིན་སྨིན་དང་སྨིན་པ་གྲོལ། །གྲོལ་བ་མཐའ་རུ་ཕྱིན་ལས་ངེས། །ས་ལམ་འཕྲུལ་གྱི་སྒྲོན་མེ་ལས།   །ལམ་སྤྱིའི་རང་བཞིན་གྱི་ལེའུ་སྟེ་གསུམ་པའོ།། །།

    རྟེན་བཤད་ཚོགས་ནི་བསོད་ཆ་མཐུན། །ས་ནི་ཁམས་གསུམ་གང་རུང་ངོ༌། །འཇིག་རྟེན་ཐོས་བསམ་ཤེས་རབ་ཀྱིས། །ཕྱིན་པར་བྱེད་པ་ཚོགས་ཀྱི་ལམ། །དང་ནས་དྲོད་མ་ཐོབ་ཀྱི་བར། །སེམས་བསྐྱེད་ལས་བྱུང་དགེ་བ་གང༌། །དབང་པོའི་ངོ་བོར་མ་གྱུར་པའོ། །དད་བརྩོན་དྲན་ཏིང་ཤེས་རབ་ལྔ། །ཐར་པ་མྱ་ངན་འདས་པ་ཡི། །ཆ་རུ་གཏོགས་པས་མཐུན་ཞེས་བརྗོད། །ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ། །སྤང་གཉེན་དྲན་འཇོག་སྤོང་ལ་འཇུག །སྤངས་པའི་ཡན་ལག་ཐོས་པས་འབྱེད། །དབྱེ་དོན་ངོ་བོ་ཐ་དད་ལ། །འགོ་གནོན་ཚུལ་གྱིས་གྲངས་ངེས་སོ། །ཆུང་བ་དྲན་པ་ཉེར་བཞག་བཞི། །སེམས་བསྐྱེད་དང་ནི་ཐོས་ལས་བྱུང༌། །ཡོངས་སུ་བརྟགས་པའི་དྲན་པ་བསྒོམ། །ལུས་དང་ཚོར་བ་སེམས་དང་བོན། །དམིགས་པ་གཟུགས་སོགས་ཕུང་པོ་ལྔ། །མི་གཙང་སྡུག་བསྔལ་མི་རྟག་གམ། །སྐྱེ་མེད་སྒྱུ་མ་ལྟ་བུ་དང༌། །དུག་ལྔའི་གཉེན་པོ་ཡེ་ཤེས་ལྔ། །གཟུགས་དང་ཚོར་བ་རྣམ་ཤེས་དང༌། །འདུ་ཤེས་འདུ་བྱེད་ཕུང་པོ་ལ། །ཡོངས་སུ་བརྟགས་པའི་ཤེས་བཞིན་ནོ། །ལུས་དང་ཚོར་བ་སེམས་དང་བོན། །དྲན་པ་ཉེར་བཞག་རྣམ་བཞི་ཡིན། །ཡང་དག་སྤངས་བཞི་བསྐྱེད་པར་བྱེད། །དྲན་པ་ཉེར་བཞག་དག་ལས་འགྲུབ། །སྤོང་སེམས་ཤེས་རབ་མཚུངས་ལྡན་པའོ། །འབད་དང་བརྩོན་འགྲུས་རྩོལ་སེམས་དང༌། །སེམས་རབ་འཛིན་པ་རྣམ་པ་བཞི། །ཡོད་མེད་རྟག་ཆད་བྱིང་རྒོད་དང༌། །གཟུང་འཛིན་གཉིས་སོགས་མི་དགེར་དམིགས། །མ་མཐོང་མི་སྤྱོད་མི་རྟོག་དང༌།། མི་སེམས་པ་ཡི་རྣམ་པའོ། །མཐར་འཛིན་རྟོག་པ་སྤང་བ་ལ། །འབད་པས་འདུན་བསྐྱེད་བརྩོན་འགྲུས་རྟག །བྱིང་རྒོད་གཉེན་པོར་རྩོལ་སེམས་ལ།། སེམས་རབ་འཛིན་པས་ཟུང་འབྲེལ་སྒོམ། །རྫུ་འཕྲུལ་རྐང་པ་འགྲུབ་པ་བྱེད། །ཡང་དག་སྤངས་པ་དག་ལས་སྐྱེ། །ཕུང་པོ་ལྔར་དམིགས་རྣམ་པ་ནི། །དུ་མར་འགྱུར་བྱེད་ཡན་ལག་གོ། །མོས་འདུན་གསལ་རྟོགས་མཉམ་པའམ། །འདུན་སེམས་བརྩོན་དཔྱོད་བཞི་རུ་བཤད། །དད་འདུན་བརྩོན་འགྲུས་ཤིན་ཏུ་སྦྱངས། །དྲན་ཤེས་སེམས་པ་བཏང་སྙོམས་བརྒྱད། །རེ་རེར་བརྒྱད་བརྒྱད་སོ་གཉིས་སོ། །ལེ་ལོ་བརྗེད་ངས་སྐྱོན་ལྟ་བྱིང༌། །རྒོད་དང་ལྔ་པོ་སྤོང་ལ་དམིགས། །དད་འདུན་བརྩོན་འགྲུས་སྦྱངས་པ་ཡི། །འཇུག་པའི་དུས་སུ་ལེ་ལོ་སྤངས། །དྲན་ཤེས་སེམས་པ་བཏང་སྙོམས་བཞིས། །བརྗེད་ངས་སྐྱོན་ལྟ་བྱིང་རྒོད་སྤངས། །སྐྱེ་མེད་སྒྱུ་མ་ལྟ་བུར་སྒོམ། །དྲི་མ་ལྔ་སྤོང་སྦྱོར་ལམ་བསྐྱེད། །ཚོགས་བསོགས་སྣོད་རུང་བྱེད་པས་བརྗོད། །གོང་མའི་ལམ་ཉིད་བསྐྱེད་པར་བྱེད། །ས་ལམ་འཕྲུལ་གྱི་སྒྲོན་མེ་ལས། །ཚོགས་ལམ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།

    རྟེན་ཚོགས་ས་དང་གསུམ་ལས་འབྱུང༌། །བསྒོམས་འབྱུང་འཇིག་རྟེན་ཤེས་རབ་ཀྱིས། །གསལ་སྣང་ཐོབ་པས་ཕྱིན་བྱེད་སྦྱོར། །ཚོགས་རྫོགས་མཐོང་ལམ་མ་སྐྱེས་པར། །དྲོད་རྩེ་བཟོད་པ་བོན་མཆོག་གོ། །སྤང་གཉེན་རྫས་བཏགས་རྣམ་པ་བཞི། །རང་བཞིན་མེད་རྟོགས་ཉིད་ཀྱིས་འབྱེད། །བདག་མི་གཅིག་ཅིང་དགག་བྱར་ལྟོས། །རྟོག་འཛིན་བདེན་པ་དག་ལ་དམིགས། །འཇིག་རྟེན་བསྒོམས་འབྱུང་ཤེས་རབ་ཀྱིས། །བོན་ཉིད་ལ་ནི་གསལ་སྣང་ཐོབ། །གཉིས་ཀར་དུ་རྟོག་གཟུང་རྟོག་ལ། །གཉིས་ཀར་ལ་རྟོག་འཛིན་རྟོག་གསུངས། །སྤང་དང་གཉེན་པོར་ཞེན་པ་དང༌། །རྟག་སོགས་དང་ནི་བཏགས་པར་ཞེན། །གཟུང་འཛིན་རྟོག་པ་ཁོ་ན་དང༌། །གཉིས་ཀ་ཡིན་དང་མིན་པ་ཡོད། །དོན་ལ་ཞེན་པ་བཅས་པས་རྟོག །ངེས་འབྱེད་རྗེས་ཐོབ་གཉིས་ཀ་ལ། །མཉམ་བཞག་ལ་ནི་དགག་རྟོག་ཡོད། །གཟུང་འཛིན་ཞེན་པས་སྒྲུབ་རྟོག་ལ། །གཉེན་པོས་སྤངས་རྟོག་དགག་རྟོག་ཡིན། །གཟུང་འཛིན་བཞི་དང་གཉེན་པོ་བཞི། །ཞེན་བཅས་དགག་སྒྲུབ་རྣམ་པ་ཅན། །ཉིད་ཡིན་ཕྱིར་ན་དེ་སྐད་བརྗོད། །བདག་མེད་སྤྱིའི་རྣམ་པ་ལ། །མངའ་ཐོབ་པ་ནི་དབང་པོའོ། །ཚོགས་ལམ་ཐར་པ་ཆ་མཐུན་ལྔ། །འདིར་ནི་ངེས་འབྱེད་དབང་ལྔར་འགྱུར། །དད་བརྩོན་དྲན་ཏིང་ཤེས་རབ་ལྔ། །མཉམ་རྗེས་གཉིས་ཀྱི་ཚུལ་དུ་སྒོམ། །བདག་མེད་སྤྱིའི་རྣམ་པ་ལ། །བརྟན་ཐོབ་པ་ནི་སྟོབས་ཉིད་དོ། །དབང་ལྔ་ནུས་ཅན་གྱུར་པ་ལྔ། །མཉམ་རྗེས་གཉིས་ཀྱི་ཚུལ་དུའོ། །བདག་མེད་སྤྱིའི་རྣམ་པ་ལ། །རྩེ་གཅིག་པ་ནི་ཏིང་ངེ་འཛིན། །ཅིར་ཡང་མ་ཡིན་ཏིང་འཛིན་དང༌། །དེ་བཞིན་ཀུན་སྣང་རྒྱུ་ཡོངས་རྫོགས། །སྦྱོར་བཞི་རང་བཞིན་མེད་པར་སྒོམ། །དྲོད་རྩེས་གཟུང་དང་བཟོད་མཆོག་གིས། །འཛིན་པ་རང་བཞིན་མེད་པར་རྟོགས། །གསལ་སྣང་མི་འདྲ་རྣམ་བཞི་ཡོད། །རིགས་ནི་རྟོག་པ་གསལ་སྣང་ཅན། །མི་ཁོམ་གནས་སུ་མི་ལྟུང་ཞིང༌། །མཚན་འཛིན་ལྡོག་དང་སོམ་ཉི་མེད། །ཀུན་སློང་ལ་འཇུག་གཞན་དོན་བྱེད། །འདོད་འདུན་གནོད་སེམས་ཐེ་ཚོམད་ང༌། །གཉིད་རྨུགས་སེམས་ཞུམ་རྒོད་དང་འགྱོད། །རྣམ་གཡེང་བག་ཆགས་དང་མི་འགྲོགས། །དགེ་སྤྱོད་གཞན་ཡང་དེར་འགོད་བྱེད། །དགེ་བ་སེམས་ཅན་དོན་དུ་བསྔོ། །དྲན་དང་ཤེས་བཞིན་རྟག་ཏུ་ལྡན། །ལུས་གཙང་ཤིག་དང་སྲོ་མ་མེད། །འབུ་རིགས་རྣམས་ནི་འབྱུང་མི་འགྱུར། །དགེ་ལ་གནས་འགོད་ཡང་དག་ལེན། །དམན་སེམས་མི་འཆང་གཞན་ལ་བརྩེ། །ལམ་ལ་ཡིད་ཆེས་བསླུ་མི་ནུས། །མི་དམིགས་སྤྱོད་པས་སངས་རྒྱས་དགྱེས། །བསྒོམས་བྱུང་འཇིག་རྟེན་ཤེས་རབ་གང༌། །ཉོན་མོངས་གཟུང་དང་གཉེན་པོ་རྟེན། །གང་ཟག་རྫས་འཛིན་སྐྱེས་བུ་བཏགས། །རང་བཞིན་མེད་རྟོགས་གསལ་སྣང་ཐོབ། །དྲོད་རྩེ་བཟོད་པ་བོན་མཆོག་ཡིན། །དབྱེ་བ་གསུམ་དང་སྒོམ་ཚུལ་གཉིས། །འདས་ལ་སྦྱོར་དང་ལམ་ངེས་འབྱེད། །སྔ་ལྟས་དྲོད་དང་དགེ་འཕེལ་རྣོ། །མི་བཟོད་མེད་དང་འཇིག་རྟེན་པའི། །དགེ་བ་ཀུན་གྱི་མཆོག་ཏུ་གྱུར། །མཐོང་བའི་ལམ་ནི་བསྐྱེད་པར་བྱེད། །ས་ལམ་འཕྲུལ་གྱི་སྒྲོན་མེ་ལས། །སྦྱོར་ལམ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།

      རྟེན་ཚོགས་ས་ལས་མཐོང་ལམ་སྐྱེ། །ས་ནི་བསམ་གཏན་ས་དྲུག་གོ། །མཚན་ཉིད་རིག་དང་མོས་ལས་བྱུང༌། །དབེན་དང་དགའ་བ་སྡུད་པ་དང༌། །དཔྱོད་དང་སྦྱོར་མཐའ་དངོས་གཞི་ཐོབ། །དང་པོ་རྟོག་དཔྱོད་གཉེན་པོ་དངོས། །དབེན་སྐྱེས་དགའ་བདེ་ཕན་ཡོན་ལ། །རྩེ་གཅིག་ངོ་བོའི་ཡན་ལག་ལྡན།། དངོས་གཞི་དེ་ལ་ཙམ་ཁྱད་གཉིས། །གཉིས་པ་ཡོངས་དག་གཉེན་པོ་དང༌། །ཏིང་འཛིན་ལས་ཀྱི་དགའ་བདེ་གཉིས། །ཕན་ཡོན་རྩེ་གཅིག་ངོ་བོར་ལྡན། །གསུམ་པ་དྲན་ཤེས་བཏང་སྙོམས་གསུམ། །གཉེན་པོ་བདེ་བ་ཕན་ཡོན་ལ། །རྩེ་གཅིག་ངོ་བོའི་ཡན་ལག་ལྡན། །བཞི་པ་གཉེན་པོ་བཏང་སྙོམས་དྲན། །ཕན་ཡོན་བཏང་སྙོམས་སེམས་རྩེ་གཅིག །ངོ་བོ་ཉིད་ཀྱི་ཡན་ལག་ལྡན། །དེ་ཉིད་རང་མཚན་སྔར་མ་རྟོགས། །རྟོགས་པས་ཕྱིན་བྱེད་མཐོང་ལམ་མོ། །བོན་མཆོག་རྫོགས་ནས་སྒོམ་པའི་ལམ། །མ་སྐྱེས་པ་ནི་མཐོང་ལམ་མཚམས། །ཤེས་བཟོད་སྐད་ཅིག་བཅུ་དྲུག་གོ། །དག་དང་མ་དག་སྒོ་ནས་འབྱེད། །ངོ་བོ་མཉམ་བཞག་རྗེས་ཐོབ་ལ། །བོན་ཤེས་གཉིས་ཀྱིས་བོན་ཉིད་མཐོང༌། །རྗེས་ཤེས་གཉིས་ཀྱིས་ཡེ་ཤེས་གཞལ། །སྐད་ཅིག་དག་ལས་ཅིག་ཆར་སྐྱེ། །རགས་པ་དུས་མཐའི་སྐད་ཅིག་མའོ། །རྒྱུ་དང་དམིགས་རྣམ་མཚན་ཉིད་དང༌། །སྤང་བའི་སྒོ་ནས་ཅིག་ཆར་འགྲུབ། །གྲངས་ནི་ལྡོག་པའི་སྒོ་ནས་ངེས། །གཙོ་བོའི་དོན་ལྡོག་གཤེན་རབ་ཀྱིས། །ཉམས་སུ་བླངས་པར་བྱ་བ་དག རང་བཞིན་མེད་པར་མངོན་དུ་རྟོགས། །ཀུན་བརྟགས་རིགས་ཀྱིས་དག་པ་དང༌། །འགྲོ་བ་སྐྱོབ་ནུས་རྒྱུ་ལ་ཞུགས། །སྤངས་པ་ཕྱིར་མི་ལྡོག་པ་དང༌། །འཇིག་རྟེན་རྟོགས་པའི་གོང་དུ་སླེབས། །དཀར་རིང་དྲང་དང་དབུ་མའོ། །ཤེས་རབ་དྲན་དགའ་བརྩོན་འགྲུས་ཀྱིས། །རང་བཞིན་གནས་ཕན་ངེས་འབྱུང་སྐྱེས། །ཤིན་སྦྱངས་ཏིང་འཛིན་བཏང་སྙོམས་ཀྱིས། །གནས་ངན་ལེན་སྤངས་མེད་གནས་ཐོབ། །ཀུན་བརྟགས་ཐམས་ཅད་བྲལ་བར་འགྱུར། །དེ་འདིར་མཐོང་བའི་ཡན་ལག་ཡིན། །རིགས་ནི་མངོན་སུམ་ཚད་མའོ། །མཉམ་བཞག་མི་དམིགས་རྗེས་ཐོབ་ཏུ། །མིག་གི་རྫི་གོར་བཞིན་དུ་མཐོང༌། །མི་འཇིགས་སྟོབས་རྣམས་ཐོབ་པར་བཤད། །མེ་ཆུ་དུག་མཚོན་ནད་རིམས་དང༌། །མུ་གེ་ཉོན་མོངས་འཇིགས་པ་བྲལ། །གསལ་སྟོང་དབྱེར་མེད་ཉིད་ཀྱི་དོན། །སྔར་མ་རྟོགས་པ་གསར་རྟོགས་པ། །གཉིས་མེད་མཉམ་པའི་མཐོང་ལམ་མོ། །བོན་ཉིད་མཐོང་བའི་མཐོང་ལམ་ནི། །བོན་དབྱིངས་སྔར་མ་རྟོགས་པ་རྟཽགས། །བོན་ཤེས་བཟོད་དང་སྐད་ཅིག་གཉིས། །བདེན་པ་བཞི་ལ་དམིགས་པས་བརྒྱད། །ཡེ་ཉིད་ཇི་བཞིན་དོན་གསལ་བར། །སྔར་མ་རྟོགས་པ་རྟོགས་པ་ནི། །ཡེ་ཤེས་མཐོང་བའི་མཐོང་ལམ་མོ། །རྗེས་ཤེས་བཟོད་དང་སྐད་ཅིག་གཉིས། །དབྱེ་བའི་ཚུལ་ནི་རྣམ་པ་བརྒྱད། །སྤང་བྱའི་རྒྱུ་ནི་མ་རིག་པ། །མཐོང་སྤངས་གློ་བུར་སྐྱེས་པ་ཡི། །བདག་ལྟ་གང་གི་ཁོ་ན་ཉིད། །རང་མཚན་རྟོགས་ལ་གེགས་བྱེད་ཡིན། །ས་མཚམས་མཐོང་ལམ་མ་སྐྱེས་བར། །ཉོན་མོངས་དང་ནི་ཤེས་སྒྲིབ་གཉིས། །ཀུན་བརྟགས་རིགས་ཀྱིས་བསྡུས་པའོ། །ཉོན་སྒྲིབ་གློ་བུར་སྐྱེས་པ་ཡི། །གང་ཟག་དག་གི་བདག་ལྟ་ཡིས། །ཐར་པ་ཙམ་ལ་གེགས་བྱེད་ཡིན། །འཇིགས་ཚོགས་མཐར་འཛིན་ལོག་ལྟ་དང༌། །ལྟ་བ་རྟུལ་ཤུགས་མཆོག་ལྟ་ལྔ།། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་ཕྲག་དོག་མ་རིག་གོ། ཁམས་ཀྱི་དབྱེ་བ་སོ་གསུམ་ལ། །ས་ཡི་སྒོ་ནས་དགུ་བཅུ་གཅིག །ཡུལ་གྱི་བརྒྱ་དང་བཅུ་གསུམ་འགྱུར། །དངོས་སུ་ལོག་པར་འཇུག་པ་དང༌། །ལོག་པར་ཞུགས་པས་ལོག་པར་འཇུག །དབང་གིས་ལོག་པར་འཇུག་པའོ། །ཉོན་མོངས་བྱེད་ཅིང་ཐར་ཙམ་ལ། །གེགས་བྱེད་པས་ན་དེ་སྐད་བརྗོད། །ཤེས་སྒྲིབ་གློ་བུར་སྐྱེས་པ་ཡི། །བོན་གྱི་བདག་ལྟས་ཁོ་ན་ཉིད། །རང་མཚན་རྟོགས་ལ་གེགས་བྱེད་ཡིན། །ཚོགས་སྦྱོར་དག་ཏུ་རློམ་སྐྱེས་གསུངས། །འཇུག་དང་ལྡོག་དང་གང་ཟག་རྫས། །སྐྱེས་བུ་བཏགས་འཛིན་རྟོག་པ་བཞི། །ཆེ་འབྲིང་ཆུང་དགུ་སོ་དྲུག་གོ། །ཤེས་བྱ་འགའ་ལ་གེགས་བྱེད་ཡིན། །དེ་ཡོད་མཐོང་ལམ་མི་སྐྱེ་བས། །མཐོང་སྤངས་ཞེས་སུ་བརྗོད་པའོ། །མཐོང་ལམ་སྐྱེ་བའི་གེགས་བྱེད་ཡིན།། སྐྱེ་དང་འགག་འགྱུར་རྣམ་གཉིས་སོ། །ཁོ་ན་ཉིད་དོན་སྔར་མ་མཐོང༌། །མངོན་དུ་མཐོང་བས་ཕྱིན་བྱེད་ཕྱིར། །མཐོང་བའི་ལམ་ཞེས་ཐ་སྙད་གདགས། །སྤངས་པ་ཐག་བསྲིང་སྒོམ་ལམ་བསྐྱེད། །ས་ལམ་འཕྲུལ་གྱི་སྒྲོན་མེ་ལས། །མཐོང་ལམ་གྱི་ལེའུ་སྟེ་དྲུག་པའོ།། །།

    རྟེན་ནི་མཐོང་ལམ་སྐྱེས་པ་ཡིན། །ཚོགས་ནི་དབང་པོ་ཉིད་ལ་ལྟོས། །ས་ནི་བསམ་གཏན་ས་དྲུག་དང༌། །གཟུགས་མེད་འོག་མ་གསུམ་ལས་སྐྱེ། །ཁོ་ན་ཉིད་ཀྱི་རང་མཚན་ལ། །འདྲིས་པས་ཕྱིན་བྱེད་སྒོམ་པའི་ལམ། །མཐོང་རྫོགས་མཐར་ཕྱིན་མ་སྐྱེས་པར། །མཉམ་བཞག་དང་ནི་རྗེས་ཐོབ་གཉིས། །ཡུལ་འབྲས་བློ་དང་གསུམ་གྱིས་འབྱེད། །དབང་པོ་རྣོ་རྟུལ་ཁྱད་པར་ལ། །ངོ་བོ་གཅིག་དང་ལྡོག་ཐ་དད། །གཉིས་ཀ་ཐ་དད་ཡིན་པ་སྲིད། །གྲངས་ནི་རྒྱུ་མཚན་ཤུགས་ལས་ངེས། །ཐར་ལམ་བདག་མེད་གོམས་པ་ཡིས། །ཡན་ལག་མི་མཐུན་ཕྱོགས་ལས་གྲོལ། །ཡང་དག་ལྟ་བ་རྟོགས་པ་ངག །ལས་ཀྱི་མཐའ་དག་འཚོ་བ་རྩོལ། །དྲན་པ་ཏིང་འཛིན་ཐར་ལམ་བརྒྱད། །ལྟ་བ་རྩོལ་བ་དྲན་པ་གསུམ། །བྱིང་རྒོད་ལེ་ལོ་བརྗེད་ངས་སྤངས། །དེས་ན་གཉེན་པོའི་ཡན་ལག་ཡིན། །རྟོགས་པ་དང་ནི་ངག་གཉིས་ཀྱིས། །ཕྱིན་ཅི་མ་ལོག་སྟོན་པར་བྱེད། །ལས་དང་འཚོ་བ་རྣམ་གཉིས་ཀྱིས། །རང་དང་གཞན་རྒྱུད་སྨིན་པར་བྱེད། །དེས་ན་གཞན་ཡིད་ཆེས་པ་ཡིན། །ཏིང་འཛིན་ཡོན་ཏན་དུ་མ་འབྱུང༌། །གཉིས་འགྱུར་དོན་གྱི་ཡན་ལག་གོ། །ལྟ་རྟོགས་རྩོལ་བ་ཤེས་རབ་དང༌། །ངག་ལས་འཚོ་བ་ཚུལ་ཁྲིམས་ལ། །དྲན་ཏིང་སེམས་ཀྱི་བསླབ་པར་འདུས། །བོན་ཉིད་བོན་ཅན་ཉིད་ལ་དམིགས། །སྤོང་བྱེད་གཉེན་པོ་གོང་དུ་བཤད། །རྟོག་འཛིན་རྟོག་པ་མ་གྲུབ་གསུམ། །ཤེས་རབ་ཉིད་ཀྱི་མི་མཐུན་ཕྱོགས། །གཞན་དབང་ལོག་འཚོ་ལོག་པའི་ལས། །ཚུལ་ཁྲིམས་དག་གི་མི་མཐུན་ཕྱོགས། །མི་གསལ་འཁྲུལ་བ་སེམས་དང་འགལ། །ལྟ་བ་རྟོགས་པ་ངག་དང་ལས། །འཚོ་བ་རྩོལ་དྲན་ཏིང་འཛིན་གྱིས། །རྟོག་འཛིན་རྟོག་པ་གཞན་དབང་དང༌། །ལོག་པའི་ལས་དང་ལོག་འཚོ་དང༌། །མ་གྲུབ་མི་གསལ་འཁྲུལ་བ་རྣམས། །རིམ་པ་བཞིན་དུ་སྤངས་པར་འགྱུར། །མཉམ་བཞག་སྟོང་ཉིད་རྗེས་ཐོབ་ཏུ། །སྒྱུ་མ་ལྟ་བུར་སྒོམ་པའོ། །སྒོམ་པས་བགྲོད་པའི་ལམ་ཕྱིར་བརྗོད། །རྫས་ལ་ཚད་མ་རིགས་ལ་ནི། །བཅད་ཤེས་སྣང་ལ་མ་ངེས་ཡིན། །སེམས་ནི་ཡོངས་སུ་ཞི་བ་དང༌། །སྐྱེ་བོའི་ཚོགས་རྣམས་རབ་ཏུ་འདུད། །ཉོན་མོངས་པ་ལས་རྣམ་པར་རྒྱལ། །གནོད་པའི་འཚེ་བ་ཉེ་བར་ཞི། །བླ་མེད་འབྲས་བུ་ཐོབ་རུང་བྱེད། །གཞན་གྱིས་མཆོད་པའི་འོས་སུ་འགྱུར། །སྟོང་པ་ཉིད་ཀྱི་རང་མཚན་ལ། །འདྲིས་པས་ཕྱིན་བྱེད་མཉམ་བཞག་ཡིན། །རབ་དགའ་ནས་ནི་རྣམ་མཁྱེན་བར།། ཆེ་འབྲིང་ཆུང་གསུམ་རྣམ་པ་དགུ། །རྟོགས་བྱ་རྟོགས་བྱེད་སྤང་བྱ་ནི། །དབྱིངས་དང་ཏིང་འཛིན་རྟོག་པ་དགུ། །དེ་ལ་ལྟོས་ཏེ་རྣམ་པར་འབྱེད། །སྔ་ཕྱི་སྐྱེ་བ་ཐ་དད་ཡིན། །གྲངས་ནི་སྤངས་རྟོགས་སྒོ་ནས་ངེས། །སྤང་བྱ་རེ་ནི་སྤངས་པ་དང༌། །དྲི་བྲལ་རྟོགས་པ་རེ་རེ་ཐོབ། །དང་པོར་བོན་ཅན་ཀུན་ཁྱབ་པའི།། བོན་དབྱིངས་ཙམ་ནི་མངོན་དུ་རྟོགས། །གཉིས་པ་ནས་ནི་སོ་སོ་དང༌། །འབྲེལ་བའི་བོན་དབྱིངས་རེ་རེ་རྟོགས། །མུ་མེད་འབྱམས་ཡས་རྒྱ་མ་ཆད། ཁ་གཏིང་དཔག་མེད་དོག་པ་མེད། །བདལ་ཆེན་ཟད་མེད་འགྱུར་མེད་དབྱིངས། །སྟོང་ཉིད་འདྲིས་པས་ཕྱིན་བྱེད་པ། །ཡེ་ཤེས་ཆུང་ངུའི་ཆུང་ངུ་རུ། །གྱུར་པ་སོགས་སུ་རིག་པར་བྱ། །ཆུང་ངུ་མི་དམིགས་ཤེས་རབ་རྫོགས། །འབྲིང་ནི་མི་ཆགས་བརྟུལ་ཤུགས་ལྡན། །ཆེན་པོ་མི་མཉམ་སྟོབས་མཆོག་དང༌། །ཆུང་ངུ་མི་རྟོག་ཡེ་ཤེས་ལྡན། །འབྲིང་ནི་མི་ནུབ་རྒྱལ་མཚན་དང༌། །ཆེན་པོ་མི་ཤིག་གསས་མཁར་ལྡན། །དེ་བཞིན་ཆུང་ངུ་མི་བརྗེད་གཟུངས། །འབྲིང་ནི་མི་འཁྲུལ་བླ་རུ་ཕྱིན། །ཆེན་པོ་མི་ཡེངས་མན་ངག་ལྡན། །སྤྲོས་དང་བྲལ་ལ་མཉམ་བཞག་ཅིང༌། །གོམས་པས་ཕྱིན་པར་བྱེད་པས་ན། །མཉམ་བཞག་སྒོམ་ལམ་ཞེས་སུ་བརྗོད། །བརྟེན་པའི་གཞི་རུང་ས་ཙམ་ལ། །སྡུག་དང་ཡོན་ཏན་བརྟེན་པ་ཡི། །གཞིར་གྱུར་པ་ནི་འཁོར་དང་འདས། །ཡོན་ཏན་མཐར་ཐུག་སངས་རྒྱས་ས། །རྗེས་ཐོབ་འབྲེལ་བ་སྒྱུ་མ་ལྟར། །རྟོགས་པའི་དོན་ལ་འདྲིས་པའོ། །གཡུང་དྲུང་ཐེག་པའི་ས་བཅུར་དབྱེ། །སྤྱད་དང་སྦྱང་བྱའི་བསླབ་པ་ལ། །ལྟོས་ཏེ་རྣམ་པར་འབྱེད་པ་ཡིན། །ས་རེར་བླ་མེད་རེ་རེ་སྤྱད། །རྒྱུ་ཡིས་ཕྱེ་བ་ས་དང་པོ། །ཚུལ་ཁྲིམས་ཀྱིས་ནི་ས་གཉིས་པ། །སེམས་ཀྱི་བསླབ་པས་ཕྱེ་བ་གསུམ། །ས་བདུན་བདེན་བཞི་རྟེན་འབྲེལ་དག །སྣང་བ་རང་བཞིན་མེད་པར་ཤེས། །རིམ་པ་ལྟར་དུ་བཞི་ལྔ་དྲུག །མཚན་མེད་རྩོལ་དང་བཅས་པ་བདུན། །མཚན་མེད་ཡོངས་སུ་ལྷུན་གྲུབ་བརྒྱད། །སོ་སོ་ཡང་དག་ཤེས་པ་དགུ། །མངོན་ཤེས་ཆེན་ལ་དབང་བསྒྱུར་བཅུ། །སེར་སྣ་འཆལ་བ་བྱུང་ཚོར་གསུམ། །ལེ་ལོ་གཡོ་རྩོལ་སྦུང་ཆུང་དྲུག །གདུག་སེམས་རེ་དྭོགས་ཕྱིན་ཅི་ལོག །འཁྲུལ་པའི་སྒྲིབ་པ་རིམ་བཞིན་སྤངས། །དབྱེ་དོན་སྔ་ཕྱི་ཐ་དད་ལ། །གྲངས་ནི་རྒྱུ་མཚན་ཤུགས་ལས་ངེས། །བསྐྱེད་བྱ་བླ་མེད་ཕྱིན་བཅུ་ཡིན། །སྦྱིན་སོགས་བྱམས་མའི་ཞལ་མཐོང་འགྱུར། །སྟོང་གསུམ་རིན་ཆེན་གཏེར་གྱིས་གང༌། །དེ་བཞིན་སྟོང་གསུམ་ལག་མཐིལ་བཞིན། །གོ་བཙན་ཕས་རྒོལ་ཚར་གཅོད་དང༌། །རྒྱན་ལྡན་བཙུན་མོས་འཕྲེང་འདོགས་མཐོང༌། །བཞི་ལྡན་རྫིང་བུ་གསེར་ཕྱེ་བདལ། །བརྒྱད་ལྡན་ཆུ་ལ་ལོངས་སྤྱོད་དང༌། །གཡང་སར་མ་སྨས་སླར་ལ་ལྡོག །འཕྲག་གཉིས་སེང་བརྗིད་གཅན་སྐྲག་བྱེད། །རྒྱལ་ལ་སྐྱེ་བོ་དུ་མས་བསྐོར། །རྒྱལ་བས་འཁོར་ལ་བོན་སྟོན་མཐོང༌། །ཐོབ་པའི་སྔ་ལྟས་རིགས་པ་བྱ། །དང་པོ་ཐོབ་པའི་འཕགས་པ་ཡི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནི། །སྐད་ཅིག་གཅིག་གི་ཆ་ལ་ཡང༌། །ཏིང་འཛིན་བརྒྱ་ལ་འཇུག་ཅིང་ལྡང༌། །བདེར་གཤེགས་བརྒྱ་མཐོང་བོན་བརྒྱ་ཉན། །འཇིག་རྟེན་བརྒྱ་གཡོ་འོད་བརྒྱ་འགྱེད། །ཞིང་བརྒྱར་འགྲོ་ཞིང་གནས་བརྒྱ་མཁྱེན། །བོན་སྒོ་བརྒྱ་འབྱེད་བསྐལ་བརྒྱར་སྟོན། །སྤྲུལ་པ་བརྒྱར་འགྱེད་ལུས་བརྒྱར་སྤྲུལ། །འཁོར་ཡང་དེ་བཞིན་བསྐོར་བར་འགྱུར། །གཉིས་པར་སྟོང་དང་གསུམ་པར་འབུམ། །བཞི་ལྔ་དྲུག་ལ་འབུམ་ཕྲག་དག །བརྒྱ་དང་སྟོང་དང་འབུམ་དུ་འགྱུར། །བདུན་བརྒྱད་དགུ་དང་ས་བཅུ་ལ། །བྱེ་བའི་ཕྲག་ནི་བརྒྱ་སྟོང་འབུམ། །རྡུལ་ཕྲན་གྲངས་དང་མཉམ་པར་འགྱུར། །སྐྱེ་རྒྱུ་མ་རིག་བག་ཆགས་དང༌། །འདུ་བྱེད་ཟག་མེད་སྨོན་ལམ་གྱི། །རྐྱེན་གསུམ་འཛོམས་པ་ཡིན་པར་གསུངས། །འགྲོ་བ་གང་ལ་གང་འདུལ་དུ། །བྱ་དང་རི་དྭགས་གཅན་གཟན་དང༌། །ཉ་དང་འཚོ་བྱེད་ལ་སོགས་པར། །སྤྲུལ་ནས་སེམས་ཅན་དོན་བྱེད་འགྱུར། །གླིང་གཅིག་གླིང་བཞི་རྩ་གསུམ་དང༌། །འཐབ་བྲལ་དགའ་ལྡན་འཕྲུལ་དགའ་རྒྱལ། །གཞན་འཕྲུལ་སྤྱི་ཕུད་མཐར་ཐུག་དང༌། །ཐེག་ཆེན་དོན་ལ་དབང་བྱེད་པའི། །འཁོར་ལོ་བསྒྱུར་རྒྱལ་ལུས་ལེན་ནོ། །སྒྱུ་མ་ལྟ་བུའི་རང་མཚན་ལ། །འདྲིས་པའི་ཡེ་ཤེས་ཆུང་ངུ་ཡི། །ཆུང་ངུར་གྱུར་པ་ལ་སོགས་སོ། །ཆེ་འབྲིང་ཆུང་གསུམ་དགུ་རུ་དབྱེ། །སྔར་མེད་སྐྱེས་པས་རབ་ཏུ་དགའ། །འཆལ་བྱེད་དྲི་མ་བྲལ་བས་ཤེལ། །འཚེ་བ་ཉེར་ཞིའི་འོད་ཟེར་འཕྲོ། །སྡུག་བསྔལ་མི་འབྱུང་རྒྱ་ཡིས་གདབ། །བསམ་གཏན་ཏིང་འཛིན་དུ་མ་འདུས། །སྐྱེ་ལེན་ཐག་ཆོད་མི་མཐུན་གནོན། །ཉོན་མོངས་སྤངས་ཤིང་གཞན་དོན་འགྲུབ། །གང་ལ་མི་ཆགས་སྨོན་ལམ་དག །ཡི་གེས་རྫུ་འཕྲུལ་འཁོར་ལོ་གྲུབ། །ཤེས་རབ་མཆོག་གྱུར་འགྱུར་བ་མེད། །ཡོན་ཏན་འབྱུང་གཞིར་གྱུར་པས་བརྗོད། །གཉིས་འཛིན་ཕྲ་རྒྱས་མ་སྤང་ཞིང༌། །ཚུལ་མིན་བག་ཆགས་ཡིད་ལ་བྱེད། །ལྷན་སྐྱེས་བདག་ལྟས་མཐོང་འདྲིས་པའི། །ལམ་ལ་གེགས་བྱེད་སྒོམ་སྤང་ཡིན། །མཐོང་ཐོབ་ཡན་གྱི་སྒྲིབ་བྱེད་ཀུན། །ཉོན་མོངས་དང་ནི་ཤེས་སྒྲིབ་གཉིས། །ལྷན་སྐྱེས་དག་གིས་བསྡུས་པ་ཡིན། །ལྷན་སྐྱེས་གང་ཟག་བདག་ལྟ་གང༌། །ཁྱད་པར་ལམ་ཐོབ་གེགས་བྱེད་དོ། །ཡིད་འོང་ཡོན་ཏན་བར་མ་ཡི། །རྣམ་པར་དག་ལ་བརྟེན་པ་དང༌། །རྩ་བའི་མ་རིག་ཉིད་དང་བཞི། ཁམས་གསུམ་ཡུལ་གྱིས་དབྱེ་བར་བྱ། །ཉོན་མོངས་བྱེད་ཅིང་ཁྱད་པར་སྒྲིབ། །གཞི་དང་མཚུངས་ལྡན་གནས་པས་བརྗོད། །ལྷན་སྐྱེས་བོན་གྱི་བདག་ཏུ་ལྟས། །ཐམས་ཅད་མཁྱེན་ལ་གེགས་བྱེད་དོ། །གང་ཟག་རྫས་འཛིན་སྐྱེས་བུ་བཏགས། །འཇུག་དང་ལྡོག་པའི་རྟེན་ཅན་བཞི། །ས་དང་ཁམས་ཀྱི་སྒོ་ནས་དབྱེ། །རང་གི་ངོ་བོ་མ་རྟོགས་དང༌། །དེ་བཞིན་གོང་མ་མི་ཤེས་རྨོངས། །འོག་མས་བཞག་པའི་གནས་ངན་ལེན། །གསུམ་གསུམ་དག་ཏུ་འགྱུར་བའོ། །ཆེ་འབྲིང་ཆུང་གསུམ་རྣམ་པ་དགུ། །ཤེས་བྱ་འགའ་ལ་གེགས་བྱེད་པ། །གཞི་དང་མཚུངས་ལྡན་གནས་པ་བརྗོད། །སྒོམ་པས་སྤོང་བས་སྒོམ་སྤངས་བཏགས། །གེགས་དང་རྣམ་མཁྱེན་འགོག་པར་བྱེད། །རྫོགས་སྐུའི་ཐུགས་རྗེས་ཤེས་སྒྲིབ་སྦྱངས། །སྒོམ་ལམ་ཆུང་ངུའི་ཆུང་སོགས་ཀྱིས། །སྒོམ་སྤངས་ཆེན་པོའི་ཆེ་སོགས་སྤངས། །རྒྱུ་རྐྱེན་བདག་རྐྱེན་དམིགས་རྐྱེན་དང༌། །དེ་མ་ཐག་རྐྱེན་བཞི་ལས་སྐྱེ། །གཡུང་དྲུང་ལྟ་བུའི་ཏིང་འཛིན་དང༌། །རྣམ་མཁྱེན་སྐད་ཅིག་དང་པོས་སྤངས། །སྤང་བྱ་རྒོད་རྐྱང་བག་ཆགས་སོ། །སྤང་གཉེན་དུས་མཉམ་འགག་པ་དང༌། །འགག་པའི་ཤུལ་དུ་ཡེ་ཤེས་སྐྱེ། །གོམས་པས་སངས་རྒྱས་ས་ལ་ཕྱིན། །སྒོམ་སྤང་སྤངས་ཤིང་རྣམ་མཁྱེན་བསྐྱེད། །འཁོར་བ་ལས་ཐར་རྣམ་མཁྱེན་ཐོབ། །རྣམ་མཁྱེན་ཉེ་བར་རྒྱུད་ལ་བསྐྱེད།   །རང་རང་གནས་སུ་ཕྱིན་པས་ལམ། །འབྲས་བུ་སོ་སོར་སྨིན་པར་བྱེད།   །ས་ལམ་འཕྲུལ་གྱི་སྒྲོན་མེ་ལས། །སྒོམ་ལམ་གྱི་ལེའུ་སྟེ་བདུན་པའོ།། །།
སེམས་བསྐྱེད་ལམ་གྱི་གསོས་གདབ་རྒྱུ། །བདག་རྐྱེན་བདག་མེད་ཉམས་སུ་བླངས། །གཟུང་འཛིན་གཉིས་སྟོང་བོན་ཉིད་དམིགས། །དེ་མ་ཐག་རྐྱེན་རྒྱུན་མཐའ་ཡི། །ཡེ་ཤེས་དག་ལས་ཅིག་ཆར་སྐྱེ། །སངས་རྒྱས་ས་ན་རང་རྒྱུད་ཀྱི། །བསྡུས་པའི་ཡེ་ཤེས་ཡོད་པ་ན། །སྤྲོས་བཅས་འགྱུར་ལ་མེད་ན་ནི། །སྤངས་རྟོགས་ཡོན་ཏན་མེད་འགྱུར་ལ། །དེའི་ལན་མཁས་པས་འདི་སྐད་གསུངས། །དོན་དམ་རང་སྣང་སྤྲོས་བྲལ་ཏེ། །སེམས་དང་སེམས་བྱུང་སྤྲོས་པ་རྣམས། །བོན་དབྱིངས་སྐྱེ་བ་མེད་པ་ཡི། །དབྱིངས་སུ་ཉེར་ཞི་མཚོན་ཡུལ་འདས། །ཀུན་རྫོབ་གཞན་སྣང་གདུལ་བྱ་ལ། །མ་འགག་པ་ཡི་རྩལ་དུ་ནི། །སྐུ་དང་ཡེ་ཤེས་འཕྲིན་ལས་འཆར། །སྤངས་རྟོགས་ཕུན་ཚོགས་རྫོགས་སངས་རྒྱས། །ཚོགས་སྦྱོར་མཐོང་ལམ་མཐར་ཐུག་པར། །རྟོགས་ཙམ་མངོན་རྟོགས་མཐར་ཐུག་ཡོད། །སྐུ་དང་ཡེ་ཤེས་འཕྲིན་ལས་གསུམ། །རྟེན་དང་བརྟེན་པ་བྱེད་པས་འབྱེད། །ངོ་བོ་གཅིག་ལ་ལྡོག་ཐ་དད། །རྟེན་དང་བརྟེན་པ་བྱེད་པས་ངེས། །ངོ་བོའི་རྒྱུ་ནི་མ་གྲུབ་ལ། །རྐྱེན་གྱི་རྒྱུ་ནི་སེམས་བསྐྱེད་དང༌། །མཉམ་བཞག་དང་ནི་ཞིང་དག་བསྒོམ། །རྗེས་ཐོབ་རྒྱ་ཡན་རྣམ་པ་གསུམ། །སྨིན་ཅིང་མཐར་ཐུག་དོན་མི་འགྱུར། །བོན་ཉིད་སྐུ་དང་བོན་ཅན་གཉིས། །སྣང་བཅས་སྣང་མེད་གཉིས་ལ་ལྟོས། །ངོ་གཅིག་ལྡོག་པ་ཐ་དད་ཡིན། །རང་བཞིན་དང་ནི་བློ་ངོར་ངེས། །དབྱིངས་ནི་རང་བཞིན་རྣམ་དག་ལ། །ཤཻས་པ་གློ་བུར་དྲི་བྲལ་དག །དོན་ལ་དབྱེར་མེད་ཐ་སྙད་དུ། །ངོ་བོ་རང་བཞིན་རྣམ་དག་པ། །མངོན་པར་བྱང་ཆུབ་དྲི་བྲལ་དང༌། །དྲི་བྲལ་དེ་ལས་མི་འགྱུར་པ། །གསུམ་ལྟོས་བོན་ཉིད་སྐུ་གསུམ་མོ། །མཐར་ཐུག་སྤྲོས་མེད་རྣམ་པར་དག །ཚོགས་གཉིས་འབྲས་བུ་གདུལ་བྱར་སྣང༌། །བོན་སྐུ་རྫོགས་སྐུ་སྤྲུལ་སྐུ་གསུམ། །དབྱིངས་ཤེས་དབྱེར་མེད་བོན་གྱི་སྐུ། །ངོ་བོ་གདུལ་ཞིང་ལ་སོགས་བཤད།། བོན་གྱི་མི་གཡོ་སྐུ་མི་འགྱུར། །ངེས་པ་ལྔ་ལྡན་སེམས་དཔར་སྣང༌། །ཞི་ཁྲོ་གཉིས་སམ་རིགས་ལྔ་སོགས། །གདུལ་ཞིང་ས་བཅུའི་སྒྲིབ་པ་སེལ། །ལོངས་སྤྱོད་ཡར་ལྡན་རྫོགས་པའོ། །མ་ངེས་ལྔ་ལྡན་གདུལ་བྱར་སྣང༌། །སྤྲུལ་སྐུ་ཕྲག་བརྒྱ་འདུལ་གཤེན་དྲུག གདུལ་ཞིང་མི་བཅེད་ཞིང་ཁམས་སོགས། །གང་འདུལ་དེར་སྟོན་སྤྲུལ་སྐུ་ཞེས། །བོན་ཉིད་བློ་ལ་མི་སྣང་ལ། །སེམས་དཔའི་མཉམ་བཞག་བོན་སྐུ་ལ། །རྗེས་ཐོབ་དག་ལ་རྫོགས་སྐུ་འཆར། །སོ་སྐྱེས་ལ་ནི་སྤྲུལ་སྐུའོ། །འགྱུར་བ་མེད་པས་སྐུ་ཞེས་བརྗོད། །ཡེ་ཤེས་མཛད་པ་འབྱིན་པར་བྱེད། །རྒྱུ་ནི་ཟག་ཕུང་གནས་འགྱུར་སོགས། །ཀུན་གསལ་དོན་རྟོགས་ཡེ་ཤེས་སོ། །དབྱེ་ཚུལ་རྩ་བའི་སྒོ་ནས་ལྔ། །སྟོང་ཉིད་མཉམ་ཉིད་མེ་ལོང་དང༌། །སོ་སོར་རྟོགས་དང་བྱ་བ་གྲུབ། །བར་སྐབས་རེ་རེར་བཅུ་གཉིས་ལ། །རང་བྱུང་ཡེ་ཤེས་དང་རྩ་གཅིག །རྒྱས་པར་བརྒྱད་ཁྲི་བཞི་སྟོང་འགྱུར། །བསྡུས་ན་ཇི་ལྟ་ཇི་སྙེད་མཁྱེན། །དུག་ལྔ་རིགས་ལྔ་བདེན་གཉིས་ལ། །རྒྱུ་རྐྱེན་ཡུལ་གྱི་སྒོ་ནས་འབྱེད། །ངོ་བོ་གཅིག་ལ་ལྡོག་ཐ་དད། །གྲངས་ནི་རྒྱུ་མཚན་ཤུགས་ཀྱིས་ངེས། །སྟོང་ཉིད་མཉམ་ཉིད་དོན་དམ་ལ། །བྱ་ནན་སོར་རྟོགས་ཀུན་རྫོབ་སྟེ། །མེ་ལོང་བདེན་པ་གཉིས་བསྡུད་ཡིན། །དོན་དམ་སྤྲོས་བྲལ་ཀུན་རྫོབ་ཏུ། །རྣལ་འབྱོར་མངོན་དང་རྟོག་མེད་ཀྱི། །བཅད་ཤེས་གཉིས་ཀ་ཡོད་པ་ཡིན།། ཡེ་ཉིད་ཇི་བཞིན་གསལ་བར་རྟོགས། །གནས་ལུགས་གསལ་ཞིང་མཛད་པ་འབྱིན། །སེམས་བསྐྱེད་དང་ནི་སྨོན་ལམ་གྱི། །འབྲས་བུ་གཞན་ལ་ཤར་རུང་རྒྱུ།། གཞན་དོན་རྩལ་མེད་ལྷུན་གྱིས་གྲུབ། །ཞི་རྒྱས་དབང་དྲག་འཕྲིན་ལས་བཞི། །སྤ་བཀོང་ཚར་གཅོད་སྨིན་བྱེད་དང༌། །རྗེས་བཟུང་བཞི་ལ་ལྟོས་པས་འབྱེད། །དབྱེ་དོན་སྣང་ངོར་ཐ་དད་དོ། །གདུལ་བྱའི་ཚུལ་ལ་གྲངས་ཡང་ངེས། །གང་འདུལ་མོས་ཕྱིར་སྣ་ཚོགས་མཛད། །འབད་མི་དགོས་པར་ལྷུན་གྱིས་གྲུབ། །རྒྱུན་མི་འཆད་པས་རྟག་པར་གནས། །བྲི་བཀོལ་མེད་པས་ཀུན་ཁྱབ་མཛད། །ཡེ་ཤེས་ཐུགས་རྗེའི་ལས་ཕྱིར་བརྗོད། །སྨིན་ཅིང་གཞན་དོན་མཐར་ཕྱིན་བྱེད། །སྤངས་པ་ཕུན་སུམ་ཚོགས་པས་སངས། །རྟོགས་པ་ཕུན་སུམ་ཚོགས་པས་རྒྱས། །རྟེན་ལམ་འབྲས་བུར་འཁོད་པ་དང༌། །བདེ་འབྲས་ཕུན་སུམ་ཚོགས་པར་བྱེད། །ས་ལམ་འཕྲུལ་གྱི་སྒྲོན་མེ་ལས། །འབྲས་བུའི་ལཻའུ་སྟེ་བརྒྱད་པའོ།། །།

   རང་ལ་གསལ་འདེབས་གཞན་ལ་ཕན་ཕྱིར་དུ། །རྟོག་བཅས་བློ་ཡི་དྲི་མ་ཀུན་སྤངས་ནས། །མཁྱེན་ལྡན་བློ་གྲོས་བཞེད་གཞུང་ཇི་ལྟ་བར། །སྒོ་གསུམ་རྣམ་པར་དག་པའི་སྦྱོར་བས་སྦྱར། །གང་དག་རྩོད་དང་རྩོད་སྤངས་ཇི་སྙེད་པ། །བློ་རིག་མཐུན་དང་མི་མཐུན་ཁྱད་པར་ཙམ། །མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད། །དེས་ན་རྩོད་དང་རྩོད་སྤངས་རེ་ཞིག་བཞག །རྣམ་བཤད་གསལ་བའི་འཕྲུལ་གྱི་སྒྲོན་མེ་འདི། །ཐོས་རྟོགས་གོམས་པར་གྱུར་བའི་སྐྱེས་བུ་དེས། །དྲི་མེད་ལམ་ཞུགས་རྣམ་མཁྱེན་མྱུར་ཐོབ་ནས། །མཁའ་མཉམ་འགྲོ་བ་ཀུན་གྱི་དོན་བྱེད་འགྱུར། །དོན་ལོག་འགལ་དང་དགོངས་པ་མ་ཁྲོལ་བ། །སྐྱབས་ཡུལ་དམ་པ་རྣམས་ལ་བཟོད་པར་གསོལ། །འདི་བརྩམས་དགེ་བས་འགྲོ་བ་ཇི་སྙེད་པ། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །བདག་ཀྱང་འདི་ནས་འབྲས་བུ་གྲུབ་གྲུབ་ཏུ། །ཐེག་ཆེན་མཆོག་གིས་འགྲོ་བ་འདྲེན་པར་ཤོག །རྒྱལ་བའི་བསྟན་པ་ཇི་སྲིད་གནས་བར་དུ། །གསལ་བྱེད་འདི་ཡང་ཀུན་ལ་འཕེལ་གྱུར་ཅིག །ས་ལམ་འཕྲུལ་གྱི་སྒྲོན་མེ་རྫོགས་སོ།། །།གཞི་ལམ་འབྲས་གསུམ་གསལ་བར་བྱེད་པའི་ཚུལ་འདི་ནི་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་དཔལ་ལྡན་མཁར་སྣའི་དགོན་དུ་སྦྱར་བ་དགེའོ།། །།

(སྤྱིའི་གཟིགས་གྲངས། 398 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྒྱུད་གསུང…
error: རྩོམ་འདི་བདག་དབང་ཅན་ཡིན།