ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན། སྟོད་ཆ།

སྔོན་གླེང་ཉི་ཟླའི་གཟི་འོད།

༄༅། །མདོ་དྲི་མེད་ལས། བསྟན་པ་གཅིག་ལ་གནས་པའི་ཕྱིར། །སྲིད་པ་ཅི་ལྟར་སྲིད་པ་དང་། །བསྐོས་པ་ཅི་ལྟར་བསྐོས་པ་བཞིན། །ཉིད་ཀྱང་རང་མཐུན་དེ་བཞིན་མཛད་། །ཅེས་གསུངས་པ་བཞིན། དུས་འདི། སྲིད་པ་འདི། བསྐལ་པ་འདི་ཉིད་ལ་སྲིད་གསུམ་འགྲོ་བའི་ལྷ་སྐལ་དུ་ཤར་བའི་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་ནི། སྔར་དར་ཞང་བོད་མེས་པོའི་རིག་གཞུང་གི་བླ་སྲོག་འཛིན་པའི་དེད་དཔོན་རྣམ་གཉིས་ཏེ། སྔོན་གྱི་གཤེན་སྲས་ཀོང་ཙེ་འཕྲུལ་རྒྱལ་དང་། བླ་ཆེན་དྲན་པ་ནམ་མཁའ་ལྟ་བུ་ཐུགས་དམ་གཡུང་དྲུང་བོན་ལ་མཛད་ནས། སྐུ་ཚེ་གང་པོ་བསྟན་འགྲོའི་དོན་དུ་བསྐྱངས་ཤིང་། སངས་རྒྱས་བསྟན་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་ཕོད་པའི་ཐུགས་སྤོབ་རྫོགས་ཤིང་། གྱེར་བསྟན་སྤྱི་ལ་མིག་སྨིན་འབུར་ཐོན་གྱི་མཛད་རྗེས་བླ་མེད་བཞག་པས་སོ།།

ལྷག་པར་དུ་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་འཇིགས་རུང་དུས་ཀྱི་གཉན་འཕྲང་ཁྲོད་དུ་དཀའ་བ་སྲོག་དང་བསྡོས་ཏེ་རྒྱལ་བ་མཉམ་མེད་པའི་སྐུ་གསུང་ཐུགས་རྟེན་གཅེས་སྲུང་མཛད་པ་མ་ཟད། ད་ལྟའི་གནས་ཚང་རྒྱ་གར་གྱི་ཡུལ་དུ། བོན་གཞིས་གསར་བཙུགས། དགོན་པ་གསར་བཞེངས། མཁན་ཆེན་གསར་བསྐོས་བཅས་མཛད་དེ། རིམ་བཞིན་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་རྗེའི་འོད་ཟེར་ལ་བརྟེན་ནས་གཡུང་དྲུང་བོན་གྱི་བྱེས་ཀྱི་གདན་ས་རྣམ་གཉིས་ལ་འཆད་རྩོད་སྒོམ་སྒྲུབ་ཀྱི་གཟུང་ཐག་སླར་ཡང་མཐུད་དེ། དབང་ལུང་མན་ངག་གི་བརྒྱུད་རྐང་ཚང་ལ་མ་ནོར་སྐལ་ལྡན་རིགས་ཀྱི་བུ་སློབ་རྣམས་ལ་སྨིན་སྩོལ་མཛད་པ་དང་། དགེ་བའི་བཤེས་གཉེན་བརྒྱ་ཕྲག་དུ་མ་བསྐྱེད་བསྲིང་གནང་ནས་ཕྱོགས་གང་སར་བཤད་སྒྲུབ་བསྟན་པའི་རྩ་ལག་རྒྱས་པར་མཛད་དེ་ཆོས་བརྒྱུད་གཞན་དང་དཔུང་པ་མཉམ་གཤིབ་ཀྱི་མདུན་བསྐྱོད་བྱེད་ཐུབ་པར་གནང་བ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ནས་ཐོག་མར་བོན་གྱི་སེམས་དོན་ཉམས་ལེན་འཆད་ཁྲིད་དང་། བོན་གྱི་ལོ་རྒྱུས་དངོས་བདེན་ངོ་སྤྲོད་ཐོག་མར་གནང་བས། ད་ལྟའི་ཆར་ཕྱི་རྒྱལ་ཞིབ་འཇུག་པ་མང་དག་བསམ་བློའི་ཁ་ཕྱོགས་འགྱུར་བ་ཐེབས་པའི་ཚད་ལ་སླེབས་པ་ནི་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཡིན་པ་སྨོས་མ་དགོས་སོ།།

ད་སྐབས་དགུང་གྲངས་བརྒྱད་ཅུ་དང་དགུ་བཅུའི་གོང་ལ་བརྒལ་ཡང་ད་དུང་བསྟན་པ་འདི་ལ་ཐུགས་ཁུར་ཇི་ཙམ་གནང་བའི་ཚུལ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེས་ན་སྐུ་ཕྱྭའི་ཞབས་རིམ་དང་བཀའ་དྲིན་རྗེས་དྲན་གྱི་ཞུ་སྒོ་ཆེ་ཕྲ་གང་ལྕོགས་བསྒྲུབ་རྒྱུ་རང་ཅག་རྗེས་འཇུག་ཚོའི་འོས་འགན་འཁྲི་བ་ནང་བཞིན། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོན་འབངས་ཀུན་གྱིས་རྒྱ་བལ་གདན་ས་རྣམ་གཉིས་ལ་བརྟན་བཞུགས་མཎྜལ་རྒྱལ་འབུལ་ཞུ་བའི་བསམ་སྦྱོར་འདི་ལ་དགའ་མགུ་ཡིད་རང་དང་བཅས། ངེད་<<མེ་ལོང་ཡེ་ཤེས་དྲ་ཚུགས་>>ནས་ཀྱང་མགོན་པོ་རྣམ་གཉིས་ཀྱི་བཀའ་དྲིན་མཛད་པ་རྗེས་དྲན་དང་། མཐོང་གྲོལ་སྐུ་ཡི་དཀྱིལ་འཁོར་གཡུང་དྲུང་ཚེ་ཡི་རྒྱལ་པོའི་ངོ་བོར་བརྟན་པའི་ཆེད་དུ་དམིགས་ཏེ་<<སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན།>>ཞེས་པའི་ལེ་ཚན་སྟབས་བདེ་ཞིག་བསྐྲུན་ཡོད་པ་འདི་ནི། མ་བཅོས་ངག་གི་སྒྱུ་རྩལ་གྱི་མཛེས་པ་བཤམ་སའི་ཁྲི་འཕང་ངམ། སེམས་ཀྱི་གཏིང་རུམ་ནས་བཞུར་བའི་དད་སྤྲོའི་ཉིང་ཁུ་བསྐྱིལ་སའི་གསེར་སྣོད་དྭངས་མ་དེ་ཡིན་ཞེས་བརྗོད་པར་འདོད། ཉེ་ཆར་རྩོམ་བསྡུའི་འབོད་སྐུལ་བྱས་པ་བཞིན་བོད་ཕྱི་ནང་གང་ས་ནས་བརྟན་བཞུག་གསོལ་སྨོན་གྱི་རྩོམ་རིགས་མི་ཉུང་བར་གནང་བ་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། ང་ཚོས་རྩོམ་གོ་རིམ་སྒྲིག་སྟངས་ཐད་ནས་རྩོམ་གྱི་ཁྱད་པར་མ་ཡིན་པ། དུས་ཀྱི་ཁྱད་པར་བྱས་ནས་རིམ་བཞིན་བཀོད་ཡོད་ཅིང་། དགོན་གྱི་དབུ་བླ་དང་དགེ་བཤེས་རྣམ་པའི་རྩོམ་རྣམ་འབྱོར་སྔ་ཕྱིའི་གོ་རིམ་བཞིན་ཚོམ་གཅིག་ཏུ་བཀོད་པ་དང་། སྙུག་ཐོགས་གཞན་པའི་རྩོམ་རྣམས་ཀྱང་འབྱོར་རིམ་དང་བསྟུན་མཉམ་བསྒྲིགས་བྱས་ཡོད་པས་དེ་ལུགས་ཐུགས་འཇག་གནང་བར་འཚལ། ད་དུང་གསལ་བཤད་བྱེད་དགོས་པ་ཞིག་ལ་ང་ཚོས་རྩོམ་ཕལ་ཆེར་རྩོམ་བྱང་ལ་བརྟགས་ནས་དགེ་བཤེས་དང་བླ་མའི་གསུང་རྩོམ་གདམ་གསེས་བྱས་ཡོད་སྟབས། དྲ་བྱང་ལ་ཁྱད་མིང་མ་བཀོལ་རྐྱེན་གྱིས་འགའ་རེ་གདམ་རྒྱུ་ལྷག་སྲིད་ན་དགོངས་ཡངས་གནང་རོགས་ཞུ་རྒྱུ་དང་། ཀློག་སྟབས་བདེ་ཕྱིར་ <<སྟོད་ཆ་>> <<བར་ཆ>> <<སྨད་ཆ>> བཅས་ཁག་གསུམ་དུ་ཕྱེས་ཏེ་བསྡུ་སྒྲིག་བྱས་ཡོད་པས་དགྱེས་གཟིགས་གནང་བར་མཁྱེན་མཁྱེན།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་ཐུན་མོང་ནས་ཕྱི་ལོ་༢༠༡༦ཟླ་༠༤ཚེས་༢༠ཉིན།

༧སྨན་རིའི་མཁན་ཆེན་སོ་གསུམ་པའི་ཞབས་བརྟན་གསོལ་འདེབས་བཞུགས།

ཨེ་མ་ཧོ། རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་པ། །ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན། །ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག །ཅེས་པ་འདི་ནི་༧སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེས་སྤྱི་ལོ་༡༩༩༦ཟླ་༠༣ཚེས་༠༥ཉིན་བསྟོད་པའོ།། །།

༧སྨན་རིའི་ཡོངས་འཛིན་མཆོག་གི་ཞབས་བརྟན་གསོལ་འདེབས་བཞུགས།

ཨེ་མ་ཧོ།  བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།  །ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས།  །མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེའི།  །བསྟན་པ་འཛིན་སྐྱོང་ཕྲིན་ལས་རྣམ་པར་དག །ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས། །ཅེས་པ་འདི་ནི་༧སྨན་རིའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེས་སྤྱི་ལོ་༡༩༩༦ཟླ་༠༣ཚེས་ཉིན་བསྟོད་པའོ།། །།

༧རྗེ་གཅིག་དཔོན་གསས་བླ་མའི་བརྟན་བཞུགས་དྲན་པའི་སྙིང་ཐིག

རྩོམ་པ་པོ། ཨ་དར་ཤ

སྤྲིན་གྱི་བ་གམ་བརྩེགས་པའི་ཁང་པའི་ཐོག།

རྣམ་བཀྲའི་གཞུ་རིས་འཁྱུད་པའི་གུར་ཁང་དབུས།།

རིགས་བརྒྱའི་ཁྱབ་བདག་ཀུན་བཟང་མི་ཡི་གར།།

མཚན་དཔེའི་ཉི་ཟླ་བདེ་ཆེན་འཁོར་ལོར་བཞད།།

༡༽དེ་ཡང་༧སྐྱབས་གནས་གཡུང་དྲུང་གནས་བཞིའི་ཐུགས་རྗེའི་དྲ་གུར་དུ་ཚུད་པའི་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དང་དཔུང་གཉེན་དུ་བྱོན་པ།སྙིགས་དུས་ཀྱི་སྟོན་པ་ཆེན་པོ་༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་གསང་གསུམ་གྱི་བཀོད་པ་འཇིག་རྟེན་དུ་བཞད་ཅིང་ཞབས་ཟུང་གཡུང་དྲུང་རིས་ཀྱིས་གསེར་གྱི་ཁྲི་འཕང་མཐོ་པོ་མནན་ཏེ། བཀའ་ཡི་འཁོར་ལོ་གསུམ་གྱི་མཛད་པས་གདུལ་བྱ་རིགས་ཅན་དུ་མའི་ཐར་ལམ་གྱི་མིག་ཕྱེས་པ་དང་། ཤེས་པའི་རྒྱུད་དཀྲོལ།གཏན་གྱི་བདེ་བའི་ལམ་སྟོན་གྱི་སྒྲོན་མེ་མཛད་དེ་འདི་ཕྱི་གཉིས་དོན་ཆུད་ལ་མི་གསོན་པའི་སྐྱེ་བོ་ཡ་རབས་བཟང་སྤྱོད་ཅན་མང་པོ་བསྐྱེད་བསྲིངས་གནང་བ་དང་། དེ་བཞིན་ཕ་མྱེས་གོང་མས་རྗེས་བཞག་གི་ལམ་དང་ལུགས་སྲོལ་འཕྱུགས་པ་མེད་པར་འཛིན་སྐྱོང་དང་། སྲུང་སྐྱོབ། དར་སྤེལ། སྙིགས་དོར་བཅུད་ལེན་བཅས་ཀྱི་སྒོ་ནས་ཤེས་ཡོན་གྱི་གོ་རྟོགས་གོང་དུ་སྤེལ་ཞིང་དོན་དུ་གཉེར་མཁན་བསམ་གྱིས་མི་ཁྱབ་པ་ཞིག་ང་ཚོའི་སྤྱི་ཚོགས་འདིར་གསོ་སྐྱོང་གནང་ཡོད་པ་ནི།ཁྱེད་རྣམ་གཉིས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་མཛད་པའི་འཕྲིན་ལས་དང་། ཆེ་བའི་ཡོན་ཏན་གྱི་ཆ་ཤས་ཤིག་ཏུ་གྱུར་ཡོད།

  ༢༽དེ་རིང་ནི་༧སྐྱབས་རྗེ་ཡོངས་འཛིན་བླ་མའི་བཀའ་དྲིན་རྗེས་དྲན་གྱི་དུས་བཟང་ཞིག་ཡིན་ཕྱིར་ཁྱེད་ཀྱི་རྣམ་པར་ཐར་པའི་ཆ་ཤས་ཙམ་ཞིག་དྲན་གསོས་ཞུ་བ་ལ། རྗེ་བླ་མ་ལགས། དུས་དང་སྐལ་པ་ཡར་འགྲོའི་སྐབས་ཁྱེད་ཀྱིས་རྒྱལ་བསྟན་བསླབ་པ་གསུམ་གྱི་གཅེས་ནོར་ཐུགས་ལ་གཏགས་ཤིང་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བཞག་སྨན་གྱི་རི་བོར་བསྐྲུན་ནས་སངས་རྒྱས་ཀྱི་བསྟན་པའི་མཛད་འཕྲིན་ཁུར་དུ་བཞེས་ཏེ་སློབ་པའི་འདུས་ཚོགས་སྐྱོང་བའི་སྐལ་བཟང་གི་ཉི་མ་དེ་ཅི་འདྲའི་དྲོད་སྐྱིད་དང་ལྡན་པ་ཞིག་རེད་ཨང་། འོན་ཀྱང་དུས་ཀྱི་གཉན་འཕྲང་གི་སྨུག་སྤྲིན་རི་ལ་འཐིབ་ཅིང་ལྷ་འདྲེ་གདོན་བགེགས་ལ་བཀའ་ཆད་ཀྱི་ཐོག་སེར་ཕོག་པའི་དྲག་ཆར་རླུང་འཚུབ་ནང་ཁྱེད་ཀྱིས་སྒོ་བཞི་མཛོད་ལྔའི་བེའུ་བུམ་འཕྲག་ལ་གཟེད་དེ། རི་བོ་ཧི་མ་ལ་ཡི་གངས་སུལ་ནས་ཞབས་རྗེས་དཔར་བཞིན་ཚུར་མཐོང་ཀླ་ཀློའི་བྱ་བཞག་རྒྱང་དུ་བསྲིངས་པ་དང་། ལྟོ་སྐྱ་གོས་ཧྲུལ་ཙམ་གྱི་འཚོ་བའི་ཁ་དོག་ལ་འཇུས་ནས་རྨད་བྱུང་བསླབ་པ་གསུམ་གྱི་རིག་པའི་སྒྲོན་མེ་ནང་ནས་སྦར་ཞིང་སྔོན་བྱོན་རིག་འཛིན་གོང་མའི་གཤེགས་ཤུལ་དེད་དེ། གངས་རིའི་འཕྲག་གོང་དང་། ཞོལ་འདབས་སུ་ཆགས་པའི་མེས་པའི་དགོན་སྡེ་ཁག་གི་པོ་ཏིའི་གླེགས་ཐག་བཀྲལ་ནས་ཆོས་ལུགས་རིག་གནས་ཀྱི་དབུགས་རྒྱུན་གསོས། བསྟན་པ་སྲུང་བའི་བོན་སྐྱོང་རྣམས་ཀྱང་ཁྱེད་དང་ལྷན་དུ་ལུས་དང་གྲིབ་མ་བཞིན་འགྲོགས་ཏེ་འགལ་རྐྱེན་གྱི་བར་ཆད་བསལ། ཕེབས་པའི་ལམ་སྣེ་དྲངས། མཐུན་པའི་ལས་ལ་སྦྱོར་བ་དང་། འགྲོ་བའི་བསོད་ནམས་ཀྱི་ས་བོན་མ་འགག་པའི་སྟོབས་ལས་ཞབས་ཟུང་འོད་ཀྱི་ཕུང་པོ་ནུབ་གླིང་དུ་བཀོད་༼༡༩༦༡༡༩༦༤༽དེ་བགྲང་བྱ་གསུམ་གྱི་ཉིན་མཚན་གྱི་བར་གསེང་ནས་ཕྱི་ཡི་སྐད་ཡིག་ལ་བློ་གྲོས་ཀྱིས་ཞུན་བརྡར་མཛད་པ་དང་། སྐད་དང་ཤ་མདོག་མང་བའི་སློབ་གླིང་གི་རྭ་བར་བོད་ཀྱི་ཀ་ཁ་ག་ངའི་དབྱངས་རྟའི་རོལ་དབྱངས་དཀྲོལ་ཏེ་བརྡ་སྤྲོད་ཀྱི་སྨྲ་ལྕེ་བྱིན། རིག་གཞུང་གི་མཛོད་སྒོ་ཕྱེས་ནས་ཐེག་པ་རིམ་དགུའི་གསེར་ཡིག་ལ་ལོ་རྒྱུས་ཀྱི་དབུ་ཁྱུད་བྲིས། བོན་ཞེས་གཡུང་དྲུང་ལག་གིས་འཁྱུད་པའི་གངས་ཅན་མེས་པོའི་ཆོས་ལུགས་རིག་གནས་ཀྱི་ཕམ་ཉེས་ལ་བདེན་དོན་གྱི་ཞུན་བརྡར་མཛད་དེ་ལོ་རྒྱུས་ཀྱི་བྱུང་རབས་གླེང་། རིག་གཞུང་གི་ལྟ་གྲུབ་ལ་གཏན་ཚིགས་རིགས་པས་དབྱེ་ཞིབ་གནང་བས་སྐུ་དྲིན་གྱིས་གནའ་བོའི་མི་ཆེན་དཔོན་ཆེན་རེ་འགས་བོན་ལ་སྙད་པའི་ཆགས་སྡང་གི་སྐད་ཆ་དག་རང་སར་ཞི་བ་དང་། འཛམ་གླིང་ཞི་བདེའི་སྙིང་པོ་བྱམས་སྙིང་དང་གནས་ལུགས་ཀྱིས་ཕྱུག་པའི་མེས་པོའི་ཆོས་ལུགས་རིག་གནས་འདིས་ལྟོས་བཅས་འགྲོ་བ་ཀུན་གྱི་ལུས་ངག་ཡིད་གསུམ་ལ་བདེ་དྲོད་བྱིན་ཡོད།

༣༽ཀྱེ་རྗེ་བླ་མ་ལགས། ལྷག་ཏུ་ཁྱེད་ཀྱིས་བཀྲེས་ལྟོགས་ཀྱིས་མནར་ཞིང་ཚ་གྲང་གིས་དུབ་པའི་བྱེས་འབྱོར་ཉམ་ཐག་མང་པོས་རེ་བ་དང་མདུན་མ་བཅོལ་བ་དག་ལ་ཐུགས་ཀྱིས་གཟིགས་པ་དང་། སྙན་གྱིས་གསན་ནས་རང་བས་གཞན་གཅེས་ཀྱི་གཡུང་དྲུང་སེམས་དཔའི་མཛད་པ་བདག་གེར་བཞེས་ཏེ་༧ཞལ་ཕྱིར་གཟིགས་པ་མ་ཟད་བདོག་པའི་དངོས་ནོར་རྣམས་འཁོར་གསུམ་སྤངས་དག་མཛད་དེ་མིག་སྔུན་གྱི་མི་མང་གི་དཀའ་ངལ་དང་། སྡུག་བསྔལ་སེལ་བའི་སྐྱོབ་སྦྱིན་གྱི་ཕྱག་ལས་གནང་བ་ནི་ཨེ་མ་ངོ་མཚར་ཆེའོ། །སྐབས་དེར་ཁྱེད་ནི་གོང་གི་བླ་མ་རྣམས་ཀྱིས་རེ་བའི་མིག་འབུར་གཏད་ས་དང་། འོག་གི་མི་མང་རྣམས་ཀྱིས་དཀའ་དུས་ཁེན་ས། སྡུག་དུས་ངུ་ས་རུ་གྱུར་པས་ཁྱེད་ཀྱི་ཐུགས་རྗེའི་ས་གཞི་ལ་ཡང་དོག་དང་། བྱམས་པའི་འོད་ཟེར་ལ་ཉེ་རིང་མེད་པར་ཀུན་སྙོམས་ཉི་མ་ལྟ་བུའི་དགོངས་པའི་ཀློང་ནས་འཕྲིན་ལས་ཀྱི་འོད་ཟེར་ཆུ་བོ་ལྟ་བུ་རྒྱུན་ཆད་མེད་པར་བསྟན་འགྲོའི་དོན་དུ་བསྐྱངས་གནང་ཡོད། དེ་ཡང་རྒྱ་གར་གྱི་ས་གནས་ཁག་མི་འདྲ་བ་བཅུ་དགུ་ཙམ་ལ་ཞབས་ཀྱིས་བཅག་ནས་གཞིས་ས་ཉུག་པ་དང་། འབྲེལ་བཞག་གནང་བ། འགལ་རྐྱེན་བསལ་བ། རོགས་ཚོགས་བཙལ་བ། རྩ་ཁྲིམས་བཟོས་པ་སོགས་ཕྱག་ལས་གཅིག་རྒྱབ་གཉིས་མཐུད་མཛད་མཐར་ཕྱི་ལོ་ ༡༩༦༧ ལོར་བོན་གཞིས་ཐོབ་རྒྱལ་གསར་པ་ཞེས་པའི་གཞིས་ཆགས་ཤིག་གསར་དུ་དབུ་ཚུགས་པའི་བར་གྱི་སྐུ་ཚེགས་དང་འོ་བརྒྱལ་དག་ང་ཚོས་བདེ་བདེ་ལྷོད་ལྷོད་ངང་སེམས་ཀྱིས་གཞལ་བྱ་ཞིག་མ་ཡིན་ནོ། །

འོན་ཀྱང་ད་དུང་གོང་བཞུགས་ཀྱི་བླ་མ་རྣམས་དང་། གཤམ་འོག་གི་མི་སེར་རྣམས་ཀྱིས་རྐང་པ་ས་ལ་ཚུགས་ཀྱང་ལུས་པོ་ནང་དུ་འཇོག་ས་མེད་པའི་གནས་སྟངས་དེར་༧རྗེ་བཙུན་སློབ་དཔོན་རིན་པོ་ཆེ་ཁྱེད་ཉིད་བོན་གྱི་རུ་དཔུང་འདིའི་རྗེ་བོ་དང་། མི་སེར་རྣམས་ཀྱི་ཞབས་གཡོག་མཛད་དེ་གཞིས་སའི་ཉིན་སྲིབ་དང་། ཐོག་འོག་བར་གསུམ། ཕྱོགས་བཞི་མཚམས་བརྒྱད་བཅས་གནས་གང་སར་ཞབས་རྗེས་དཔར་བའི་གྲངས་ཀ་བརྗོད་ལས་འདས་པ་མ་ཟད་ས་ཡི་གཞིས་ཁྱོན་ཚད་དུ་འཇལ་ནས་དུད་ཁྱིམ་གྲངས་སུ་བཅད་པ་དང་། ཐོབ་ཚད་ནོར་དུ་བགོས། ཁང་དབྱིབས་དང་། མཛོད་གྲངས། ལྕགས་དང་ས་རྡོའི་ཚད་གཞི་ཡན་རྩིས་ལ་ཕབ་སྟེ་རོགས་འདེགས་ཞུས་པ་བཞིན་རོགས་ཚོགས་ཀྱིས་ཀྱང་དང་ལེན་དང་རྒྱབ་སྐྱོར་ཐོབ་པའི་སྐུ་དྲིན་གྱིས་གཞི་ནས་ས་ཁང་བདག་དབང་ཁེར་གཙང་ཅན་གྱི་གཞིས་ཆགས་མིང་དོན་གཉིས་ལྡན་ཞིག་བསྐྲུན་ཐུབ་པར་བྱུང་བ་འདི་རྣམས་ནི་ཁྱེད་ཀྱི་སྐུ་དྲིན་ཉག་གཅིག་གོ། སྐྱེས་ཆེན་ཚོའི་རླབས་ཆེན་གྱི་མཛད་པ་རེ་ལ་བར་ཆོད་ཀྱི་བདུད་མང་བའི་དཔེ་ལྟར་དེ་ཡང་ཁྱེད་ཀྱིས་དགོན་ས་དམིགས་སུ་བཟུང་ནས་བདག་ཏུ་གཉེར་བའི་དཀའ་རྙོག་གིས་ཁྱེད་ཀྱི་བཟོད་པའི་གོ་ཆ་ལ་ཚོད་ཐིག་གི་མདའ་མོ་འཕངས་པ་ཡང་ཐེངས་མ་རེ་ཙམ་མིན། ད་དུང་གནས་དེ་རུ་སོ་སོའི་འདོད་པ་དང་མཐུན་པའི་ཚོང་ལས་དང་། བཟོ་ལས། ཞིང་ལས། འབྲོག་ལས་ཅི་རིགས་ཀྱི་རྟེན་རྩ་བཀའ་དྲིན་ཆེ་སྐྱོང་གནང་ཡོད་པ་དང་། དེ་བཞིན་འབྲུ་རིགས་དང་ཟ་སྣུམ་སོགས་མཐུན་རྐྱེན་མང་པོ་ཞིག་རོགས་སྐྱོར་གནང་ནས་སྐྱིད་སྡུག་ཇི་བྱུང་རང་མགོ་རང་ཐོན་མ་བྱུང་བར་ལམ་སྟོན་དང་ཐུགས་འགན་ཆ་ཚང་བཞེས་ཡོད་པ་འདི་དག་ནི་གཉན་འཕྲང་གི་དུས་རབས་ནང་མི་མང་རྣམས་འཆི་ལམ་ནས་སྐྱོབས་པའི་མཛད་རྗེས་དང་བཀའ་དྲིན་གསུབ་ཐབས་མེད་པ་ཞིག་ཡིན་ཕྱིར་མི་ཡི་ནང་ནས་བསམ་ཤེས་ཅན་རྒན་རབས་ཕ་མ་བུ་ཕྲུག་ཚ་རྒྱུད་དང་བཅས་པས་དྲིན་གསོ་ཞུ་འོས་པ་ཞིག་ཅི་ལ་མིན། གཞན་དུ་ཁྱེད་ཀྱི་འཕྲིན་ལས་ཀྱི་ཆ་ཤས་བཞེས་ཏེ་ཕྱར་བ་གྲུ་འདེགས་གནང་མཁན་གྱི་མི་མང་རེ་དང་བླ་མ་རེའི་རྒྱུན་ལྡན་གྱི་འགུལ་སྐྱོད་རེའམ་བསོད་ནམས་ཚོགས་གསོག་གི་བྱ་བཞག་ཕྲན་ཚེགས་རེ་ལ་འུད་བསྟོད་དང་ངོ་སྲུང་གི་ཅོམ་བུའི་ཚིག་དག་འདིར་སྤྲོས་མི་འདོད་དོ། །དེའི་ཚེ་དེའི་དུས་བློ་འདྲི་གྲོས་བསྡུར་ཞུ་སའི་བླ་རྒན་གྲྭ་རྒན་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཕྱོགས་གཅིག་ཏུ་སྤུངས་པའི་གནས་བབ་འོག་དགོན་པའི་གནས་གཞི་རུ་ཚོགས་པ་འཚོགས་ས་དང་། བླ་མ་བཞུགས་སའི་ས་གྱང་བརྡུང་ནས་གནས་དེར་དགོན་པ་ཞེས་པའི་མིང་གི་གདགས་གཞི་ཞིག་གསར་དུ་གྲུབ་པ་ནས་བཟུང་འཚོགས་འཆད་ཁྲིད་དང་། བཅའ་འདོན་འབུད་རྡུང་གི་འཕྲིན་ལས་ལ་གསོན་ཤུགས་ཀྱི་ནུས་པ་ཞིག་སླེབས་འགོ་བཙུགས། དེ་དུས་ཁྱེད་ནི་གཤམ་འོག་མི་སེར་གྱི་བུ་ཕྲུག་ཆེད་དུ་རས་གུར་ནང་གི་སློབ་གྲྭ་ལ་ཡི་གེ་སློབ་མཁན་གྱི་དགེ་རྒན་ཞིག་དང་། གོང་གི་གྲྭ་ཕྲུག་རྣམས་ལ་བདེ་ཆེན་རྒྱལ་པོའི་དབྱངས་རྟའི་གསོལ་རས་སྩོལ་མཁན་དེ་ཡང་ཁྱེད་ཡིན། དེ་ལྟར་ཀུན་མཁྱེན་དབང་པོ་ནས་མི་བརྗེད་གཟུངས་ལྡན་དུ་གྱུར་ཏེ། བོན་གཞིན་ཐོབ་རྒྱལ་སྨན་རི་དགོན་ཞེས་པའི་མཚན་གྱི་སྙན་པ་གདགས་སྲིབ་ཀུན་ལ་གྲགས་སོ། །དེར་མཚུངས་༧གཡུང་གླིང་མཁན་རིན་པོ་ཆེ་དང་༧ཡོངས་འཛིན་སློབ་དཔོན་ཐུ་བོ་སངས་རྒྱས་བསྟན་འཛིན་གཙོས་བླ་གྲྭ་སྟོན་འཁོར་རྣམས་ཀྱི་དགོངས་པ་གཅིག་ཏུ་བསྒྲིལ་ནས་ལྷ་སྲུང་བདེན་པ་བདར་བའི་མཐུ་ལས་ཕྱི་ལོ་ ༡༩༦༩ ལོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་ཞབས་ཟུང་གཡུང་དྲུང་གི་རེ་ཁ་རྒྱལ་བ་གཉིས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་བཀོད་ཐུབ་པ་བྱུང་བ་ནི་ཅི་འདྲའི་དགའ་འོས་པ་ཞིག་དང་རླབས་ཆེ་བའི་མཛད་འཕྲིན་ཞིག་གོ།

༤༽དེ་མུས་སླར་ཡང་ཁྱེད་ཀྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་གཞི་རྩ་བཤད་སྒྲུབ་ཀྱི་འཁོར་ལོ་རིན་པོ་ཆེར་རགས་ལས་ཕྱིར་ཕྱི་ལོ་ ༡༩༧༨ ལོར་བཤད་སྒྲུབ་འདུས་སྡེའི་ཉིན་རེའི་དུས་བསྟུན་རེའུ་མིག་དང་། འཆར་གཞི་གཏན་འབེབ་གནང་ནས་སྙན་གསན་ཞུས་པ་བཞིན་འབྲེལ་ཡོད་ཀྱིས་རྒྱབ་སྐྱོར་ཐོབ་སྟེ་འཕགས་ཡུལ་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ཞེས་པ་ཞིག་གསར་དུ་དབུ་བརྙེས། དེ་ནས་བཟུང་མི་ལོ་བཅུ་གྲངས་རིང་ཕྱོགས་མཐའ་ཁག་ལ་ཕེབས་བཞུད་ཀྱི་བྱ་བ་བཅད་དེ་ནམ་ཉིན་ལྟོས་མེད་ངང་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པར་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་སྒྲུབ་བཞི་ཡི་སྒོ་ནས་བོན་འཁོར་བསྐོར་ཏེ་སློབ་པའི་འདུས་ཚོགས་བསྐྱངས་པ་དང་། སྨྲ་བའི་སེང་གེའི་སྒྲུབ་པ་དང་གཤེན་གྱི་བཀའ་ཐུབ་ཆེན་མོ་ཡང་ལོ་ལྟར་བསྟར་ཆགས་སུ་འཚོགས་ཐོབ་པ་བྱུང་ཡོད། མདོར་ན་༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གིས་ཕྱག་དཔུང་མཉམ་དུ་བསྒྲིལ་བའི་སྐུ་དྲིན་གྱིས་ཕྱི་ཡི་དགོན་པ་དྲ་རྒྱས་ཤིང་འཛིན་སྐྱོང་ཚགས་ཚུད་པ་དང་། ནང་གི་བཤད་སྒྲུབ་ཀྱི་སྡེ་རུ་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ་རང་རྐང་ཐུབ་པ་བྱུང་སྟེ། ཕྱི་ལོ་ ༡༩༨༦ ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་རྒྱུའི་སྐལ་བཟང་གི་ཉི་མ་ཤར། དེ་བཞིན་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་དང་ཆོ་ག་ཕྱག་ལེན་སོགས་སྒོ་གང་ས་ནས་སྔར་གྱི་རྒྱལ་བ་སྨན་རི་བའི་གདན་ས་དང་གཉིས་སུ་མ་མཆིས་པར་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཚུལ་དུ་སློབ་བུ་རྣམས་ཀྱི་རྒྱུད་ཐོག་ཏུ་སྦྱར་ཐུབ་པ་བྱུང་ཡོད་པ་དེ་དག་ནི་བསྟན་པ་ཉམས་ས་ནས་གསོས་པ་དང་། ཆད་ས་ནས་མཐུད། འགྱེལ་ས་ནས་ལངས་ཐུབ་པའི་བླ་མེད་ཀྱི་མཛད་འཕྲིན་ཞིག་ཡིན་པས་ན་ལྷག་ཏུ་བཀའ་དྲིན་ཆེ་བ་དང་། དེ་མུས་ཁྱེད་རྣམ་གཉིས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་བསྐྱངས་པའི་མཁན་དཔོན་སློབ་དང་། དགེ་བའི་བཤེས་གཉེན། རྣལ་འབྱོར་བ། རིག་གནས་པ། སྨན་པ། ཉམས་ཞིབ་པ། ཚོགས་སྡེ་སོགས་འཛམ་གླིང་ས་ཕྱོགས་གང་སར་གཅིག་རྗེས་གཉིས་མཐུད་དུ་གསོ་སྐྱོང་དང་། བསྐྱེད་བསྲིངས་གནང་བའི་མཐུ་སྟོབས་དང་གཟི་བརྗིད་ཀྱི་མཚན་མ་མངོན་དུ་བརྡོལ་ནས་དེང་གཡུང་དྲུང་བོན་ཞེས་ཟླུམ་གཟུགས་གོ་ལའི་མདུན་རྒྱབ་ཡོངས་ཀྱི་མི་རིགས་མི་ཉུང་བ་ཞིག་གིས་སྔར་དང་མི་འདྲ་བའི་ངོས་འཛིན་གསར་པ་དང་། ལྟ་སྟངས་དམིགས་བསལ་བ་ཞིག་འཛིན་དགོས་པའི་རྒྱུ་རྐྱེན་དུ་གྱུར་ཡོད་པ་ནི་ཁྱེད་རྣམ་གཉིས་ཀྱི་བཀའ་དྲིན་ལགས་སོ། །མདོར་ན་ཁྱེད་རྣམ་གཉིས་ཀྱིས་སངས་རྒྱས་ཀྱི་བསྟན་པའི་རྩ་བ་བསླབ་པ་གསུམ་གྱི་ཉམས་ལེན་དང་། བཤད་སྒྲུབ་སྒོམ་གསུམ། འཛིན་སྐྱོང་སྤེལ་གསུམ་བཅས་ཀྱི་འཕྲིན་ལས་ཀྱི་འཇུག་སྒོ་གླིང་བཞིའི་ཁྱོན་ཀུན་ཏུ་ཉི་ཟླ་ལྟར་གསལ་བར་མཛད་དེ་རིས་སུ་མ་ཆད་པའི་གདུལ་བྱ་འགྲོ་བ་ཡོངས་ལ་ཐུགས་རྗེའི་འོད་ཟེར་ཕྱོགས་མེད་དུ་སྤྲོ་བཞིན་ད་ལྟ་ད་དུང་ཡང་ང་ཚོའི་བསོད་ནམས་ཀྱི་དཔལ་དུ་བཞུགས་པ་ནི་སྐལ་པ་བཟང་ངོ་། །སྐུ་དྲིན་ཆེའོ། །ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་ནས་དྲན་གསོ་ཞུ་བཞིན་ཡོད་ལ། སླད་དུ་ཡང་མཆོག་གཉིས་ཀྱི་གཟུགས་སྐུ་ཉི་མའི་དཀྱིལ་འཁོར་གཡུང་དྲུང་གི་ལྷུན་པོ་རུ་བཞུགས་ཤིང་བདག་ཅག་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་མཆོད་སྡོང་དུ་བཞུགས་པར་གསོལ་བ་འདེབས་པ་ལགས།

༥༽ད་དུང་རྗེ་བླ་མ་ཁྱེད་ཀྱི་གསང་གསུམ་གྱི་འཕྲིན་ལས་ལ་རེ་བའི་འདུན་པ་གསར་དུ་བཞད་ནས་ཕྱི་ལོ་ ༡༩༨༦ ནས་བོད་གངས་ཅན་ཞིང་དུ་ཞབས་སོར་དང་པོར་བཀོད་དེ་རིག་པའི་ཁྱེའུ་མང་པོར་སོ་ཐར་གྱི་ལྗོན་བཟང་བཙུགས་པ་དང་། དབང་ལུང་མན་ངག་གི་ཁྲིད་རྒྱུན་སྤེལ་བ། བཤད་སྒྲུབ་སྒོམ་གསུམ་གྱི་སོན་གཞི་བསྐྲུན་པ། འཆད་རྩོད་རྩོམ་གསུམ་གྱིས་སློབ་རྒྱུད་བཀྲལ་བ་སོགས་མདོར་ན་གཙང་གི་གདན་ས་རྣམས་ཀྱིས་གཙོས་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཆེ་ཁག་ཕལ་ཆེ་བར་ཞབས་ཀྱིས་བཅག་པའི་འཕྲིན་ལས་རེ་དང་། གདམས་ངག་བསྟན་པའི་ལམ་སྣེ་རེས་གདུལ་བྱ་རིགས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་སྒོ་གསུམ་རྣམ་པར་དཀར་བའི་ལས་ལ་སྦྱར་ཏེ། བོན་གྱི་བསྟན་པའི་དབུགས་རྒྱུན་གྱི་བླ་ཚེ་འཁྱམས་པ་རྣམས་བསྡུས་པ་དང་། གས་པ་སྦྱར། རལ་བ་དྲུབ་པའི་བསྟན་འགྲོར་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས། ཡང་ཁྱད་ལོ་དེར་བལ་ཡུལ་དུ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ཞེས་གཤེན་གྱི་གདན་སའི་མཚན་གྱི་གདགས་གཞི་བཟུང་བ་ནས་ཕྱི་ལོ་ ༡༩༩༤ ལོར་ཕྱི་ནང་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་བའི་སྐལ་བཟང་དགེ་བའི་ཆར་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་སྤྱན་དྲངས་ཏེ་བསྟན་པ་རབ་ཏུ་གནས་པའི་མངའ་དབུལ་རབ་གནས་མཛད་པ་དང་། ཨ་སྙན་རྫོགས་གསུམ། གབ་མཛོད་ས་གསུམ་གྱི་རྒྱུད་གཞུང་མ་བུ་རྣམས་དང་། རིག་གནས་བཅས་ཉིན་རེའི་འཆད་ཁྲིད་ཀྱི་རེའུ་མིག་སྨན་རིའི་བཤད་སྒྲུབ་འདུས་སྡེ་དང་གཅིག་མཚུངས་སུ་བཀོད་དེ་བཤད་སྒྲུབ་ཟུང་ལྡན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་ཞིག་ལོ་རབས་དགུ་བཅུ་པའི་ནང་བསྟན་འགྲོའི་དཔལ་དུ་གྲུབ། དེ་ལྟའི་འཕྲིན་ལས་ཀྱི་འཇུག་པ་ཉིན་ལྟར་གཡེལ་བ་མེད་པར་སྲུང་ཞིང་སྐྱོང་བའི་སྐུ་དྲིན་གྱིས་སླར་ཡང་ཕྱི་ལོ་ ༢༠༠༡ ལོར་བལ་ཡུལ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་བཤད་སྒྲུབ་ཀྱི་སློབ་པ་མཐར་སོན་མི་དྲུག་ལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་བའི་སྐལ་བཟང་བྱིན་པ་ནས་ད་བར་དགེ་བའི་བཤེས་གཉེན་དང་སྒྲུབ་ཐོན་རྣལ་འབྱོར་བ་བརྒྱ་ལ་ཉེ་བ་ཞིག་གདན་ས་འདི་ནས་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་བསྐྱངས་པ་དང་། སྔར་སྲོལ་བཞིན་ལོ་ལྟར་ཚད་མའི་རིགས་སྒྲ་ཆེན་མོ་བདུན་ཕྲག་གསུམ་རེའི་རིང་འཚོགས་ཐུབ་པའི་སྲོལ་བཟང་ཚུགས་ཡོད་པ་རྣམས་ནི་དུས་རབས་འདིའི་ནང་གི་ལེའི་གསར་པ་ཞིག་ཏུ་གྱུར་ཡོད། ཁྱད་པར་དུ་ཉིད་ཀྱིས་དགོངས་པའི་ཀློང་ནས་མྱོང་ཞིང་རྒྱལ་བའི་བཀའ་ལས་བཏུས་ཏེ། རྣམ་དཔྱོད་རིག་པའི་རྩལ་ལས་འཁྲུངས་པའི་གསུང་རྩོམ་སྟེ། བོན་གྱི་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་ཆེན་རྣམས་ཀྱི་གཞུང་དོན་གྱི་དཀའ་གནད་དགྲོལ་བྱེད་གསུང་འབུམ་ལེགས་བཤད་སྔ་ཕྱི་པོད་ཆེན་བཅུ་དྲུག་ལྷག་ཙམ་རྒྱལ་བ་སྨན་རི་བའི་བསྟན་པར་ལེགས་སྐྱེས་གཅེས་སུ་བཞག་པ་དང་། བོད་གངས་ཅན་ཞིང་དུ་སྔ་ཕྱི་ཐེངས་ལྔ་ཙམ་ཞབས་སོར་བཀོད་དེ་དད་འབངས་ཤི་གསོན་གཉིས་ཀའི་སེམས་ཀྱི་རེ་བ་བསྐངས་ཤིང་འདི་ཕྱིའི་ལམ་སྟོན་གྱི་སྒྲོན་མེ་སྤར་བ་བཅས་བསྟན་འགྲོའི་མཛད་འཕྲིན་བླ་མེད་བསྐྱངས་གནང་བ་རྣམས་ནི་ང་ཚོའི་ལས་དབང་དང་བསོད་ནམས་ལས་བྱུང་བའི་གཟི་བརྗིད་དང་སྤོབས་པ་ཞིག་ཏུ་གྱུར་ཡོད།

༦༽གཞན་ཡང་ཕྱི་ལོ་ ༡༩༨༩ ནས་དབུ་བཟུང་ཕྱི་གླིང་རྒྱལ་ཁབ་ཁག་མི་འདྲ་བ་ ༡༢ ཙམ་གྱི་ཡུལ་ལུང་དུ་མར་ཕེབས་ཤིང་འབྲེལ་ཡོད་དད་ལྡན་རྣམས་ལ་བོན་གྱི་འཁོར་ལོ་བསྐོར། ཧྥ་རན་སིའི་གཡུང་དྲུང་བོན་གྱི་ཚོགས་པ་དང་གཤེན་བསྟན་དར་རྒྱས་གླིང་གི་གཙོས་ཚོགས་སྡེ་དུ་མ་གསར་སྐྲུན་དང་འཛིན་སྐྱོང་གནང་བ་མ་ཟད་ཉིད་ཀྱི་གསུང་ཁྲིད་ཁག་ཕྱི་སྐད་ཏུ་ཕབ་པ་དེབ་གྲངས་ལྔ་བཅུ་བརྒལ་བ་རྗེས་བཞག་གནང་བ་དག་ནི་བོན་གྱི་ལོ་རྒྱུས་ནང་ཐེངས་དང་པོ་རུ་གྱུར་ཡོད། དེ་ལྟའི་སྔ་འཕྱིའི་རླབས་ཆེན་གྱི་མཛད་པ་རྣམས་གཙོ་བོ་བོད་དང་། རྒྱ་གར། བལ་ཡུལ། ཧྥ་རན་སི་བཅས་རྟེན་གནས་ཁག་མི་འདྲ་བ་བཞི་རུ་སྐྱོང་གནང་བ་ཡིན་ཞིང་བཞུགས་པའི་གནས་ཆེན་དེ་དག་ལ་བཤད་སྒྲུབ་དང་འཆད་ཉན་གྱི་སྡེ་བཙུགས་ནས་འཛིན་སྐྱོང་སྤེལ་གསུམ་དང་། སྒོམ་བསྒྲུབ་ཉམས་ལེན་གྱི་རྒྱུན་སྐྱོང་བའི་སྐུ་དྲིན་གྱིས་དེང་འཛམ་གླིང་ས་ཕྱོགས་ཀུན་ཏུ་དངོས་བརྒྱུད་ཀྱི་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་གིས་བོན་ལ་ལྟ་བའི་མིག་རྙེད་པ་དང་། རང་རྒྱུད་དགྲོལ་བའི་ཐབས་ཤེས་ཤིང་མི་ཚེའི་དོན་སྙིང་མཇལ་ནས་སྒོམ་ཉམས་ལེན་དང་གཞན་ཕན་གྱི་བྱ་བ་ཁོ་ནར་བརྩོན་བཞིན་པ་རྣམས་ནི་ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་གྱི་བྱིན་རླབས་ཡིན་ནོ། །

༧༽མདོར་ན་ཁྱེད་ཀྱི་སྐུ་ཚེའི་རླབས་ཆེན་གྱི་མཛད་པ་དག་ཁོ་བོས་ཇི་བཞིན་བརྗོད་པར་དཀའ་ཡང་འདི་རུ་ཅུང་ཙམ་མདོ་རྩ་དྲིལ་ན། སྤྱི་བཙན་ལས་ཀྱི་བགོ་སྐལ་ཞིག་གིས་ཁྱེད་ཀྱི་སྒོ་གསུམ་ལ་ཁ་ལོ་བསྒྱུར་ཏེ་དུས་ཀྱི་གཉན་འཕྲང་ནང་མི་མང་གི་དབུ་འདྲེན་གནང་དགོས་བྱུང་ཡོད་ཀྱང་ཁྱེད་ཀྱི་ཐུགས་དམ་གྱི་གཏད་སོ་ནི་དེ་ལྟར་མ་ཡིན་ནོ། །སྒོས་སུ་རང་ལ་ཁུར་དུ་འཁྲི་བའི་མཛད་པ་སྟེ་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་སློབ་ཚོགས་བརྒྱ་ཕྲག་དང་། སྟོང་ཕྲག་དུ་མར་ཐར་ལམ་གྱི་མིག་དང་། སྡོམ་པའི་སྙིང་། ལས་འབྲས་ཀྱི་སོ་བཙུགས་ཤིང་སྒོ་བཞི་མཛོད་ལྔ་དང་། ཐེག་པ་རིམ་དགུའི་གཞུང་ལུགས་ཀྱི་ལྟ་གྲུབ་ལ་བློ་གྲོས་ཀྱི་འཇུག་སྒོ་མ་ནོར་བ་བསྟན་པས་དགེ་བའི་བཤེས་གཉེན་དང་། རྣལ་འབྱོར་བ་བརྒྱ་ཕྲག་དུ་མས་བསྟན་པ་འཛིན་སྐྱོང་སྤེལ་བའི་ལས་ལ་གཞོལ་ཐུབ་པ་བྱུང་བ་དག་ནི་ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་གྱི་མཛད་པའི་ཆེ་བ་དང་གཞལ་དུ་མེད་པའི་བཀའ་དྲིན་དུ་ལགས་སོ། །ཡང་སྒོས་ཁྱེད་ཀྱི་ཐུགས་དམ་གྱི་མཐིལ་དམ་པ་སྟེ། བླ་མེད་རྫོགས་པ་ཆེན་པོའི་ལྟ་དགོངས་ལས་དུས་སྐད་གཅིག་ཙམ་ཡང་གཡེལ་དུ་མེད་པར་རིག་པ་རྐྱང་འདེད་ཀྱི་ཉམས་ལེན་ཁོ་ནས་སྐུ་ཚེའི་ཆ་ཤས་ཕལ་ཆེར་ཟིན་པ་དང་། ཕྱོགས་མེད་རྒྱ་ཡན་གྱི་རྟོགས་པ་ལྷུན་གྱིས་གྲུབ་ནས་མཛད་སྤྱོད་ལ་ཡང་འཁོར་འདས་ཕྱེ་ཆུ་འདྲེས་པའི་རྣལ་འབྱོར་བ་ཞིག་ཏུ་བཞེངས་ཡོད་པ་ནི། གསང་བ་དགོངས་རྟོགས་ཀྱི་རྟགས་ཚད་མངོན་དུ་གསལ་བའི་སྒྲོན་མེ་ཞིག་ཡིན་ཕྱིར་འདི་རུ་མང་དུ་མི་སྤྲོས་སོ། །མི་ཤེས་སོ། །བློ་ཡུལ་ལས་འདས་པའོ། །ཞེས་རྒྱལ་སྲིད་རིན་ཆེན་ནོར་བུ་བདུན་གྱི་གྲངས་ལྡན་གྱི་སྒོ་ནས་༧སྐྱབས་རྗེ་ཡོངས་འཛིན་བླ་མའི་བཀའ་དྲིན་རྗེས་དུ་དྲན་པ་འདི་ནི་དུས་མཐའི་དགེ་སྦྱོར་བ་ཨ་དར་ཤ་ཡིས་མཆོག་གི་མཛད་རྣམ་ལ་ཆ་རྒྱུས་དང་བཅས་པའི་སྒོ་ནས་ཇི་བཞིན་བྱུང་བ་བརྗོད་པའི་གཏམ་དུ་བྲིས་པའོ།། །།

སྐལ་བཟང་འགྲོ་བའི་དེད་དཔོན་༧སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་གི་བཀའ་དྲིན་དྲན་པའི་མཆོད་ཚིག་མེ་ཏོག་ཆུན་པོ།

རྩོམ་པ་པོ། ཅོང་རི་དགེ་སྦྱོང་དགེ་བཤེས་གཡུང་དྲུང་རྒྱལ་མཚན།

༧ རིང་ནས་སྒྲིབ་གཉིས་དྲུང་ནས་ཕྱུང་ཤིང་བདེ་ཆེན་སྐུ་མཆོག་མངོན་དུ་གྱུར།། མཚན་བཅས་སྣང་བ་དབྱིངས་སུ་གྲོལ་དེ་སྐྱེ་མེད་དག་པའི་སྐུ་རུ་གྲུབ།། འཁོར་འདས་བོན་རྣམས་ཀ་ནས་དག་པའི་བོན་སྐུ་ཀུན་ཏུ་བཟང་པོ་དངོས།། སྟོང་ཆེན་གཡོ་མེད་ངོ་བོ་ཉིད་བཅས་མཚན་མེད་སྐུ་བཞི་དབྱིངས་ལ་རོལ།། ༧ དབྱིངས་ལས་ཡེ་ཤེས་རོལ་པ་མ་འགག་ཐུགས་རྗེ་ཆེན་པོའི་སྐུར་བཞེངས་ཤིང་།། ཕྱོགས་འཛིན་དམིགས་མེད་ནམ་མཁའི་ཀློང་ནས་ཀུན་ལ་སྙོམས་པ་ཉི་མ་དང་།། ཟད་མེད་ས་གཞི་ལྟར་དང་རྒྱུན་མེད་ཆུ་བོ་ལྟ་བུའི་གཟུགས་ཀྱི་སྐུ།། མཆོག་ཕལ་འགྲོ་ངོར་རྫོགས་དང་སྤྲུལ་པའི་སྐུར་བསྟན་མཁན་སློབ་ཟུང་ལ་འདུད།། ༧ གང་གི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་འཇིག་རྟེན་ཁམས་བཞེངས་པར།། བཀའ་དྲིན་སྟོང་གསུམ་རིན་ཆེན་ཕུང་པོས་བཀང་ཀྱང་ཆ་ཙམ་གཞལ་མིན་ཡང་།། རང་སེམས་དད་པའི་སྟོབས་ལས་ཕྱུང་བའི་མཆོད་ཚིག་མེ་ཏོག་ཆུན་པོ་འདི།། རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་ལ་འབུལ།། ༧ སྐུ་མཆོག་རྣམ་གཉིས་བསམ་བཞིན་སྙིགས་དུས་བསྐལ་ཁུག་གསོ་བའི་ཁུར་བཞེས་ཤིང་།། དུས་ཀྱི་གཉན་འཕྲང་བཙན་པོའི་འགག་སྒོ་ཐུགས་ལ་བརྣགས་པའི་ཚུལ་མཛད་དེ།། གངས་ལྗོངས་སྐྱེ་བཞེས་ཚད་མ་གསུམ་གྱིས་ཐོས་བསམ་སྒོམ་པའི་སྒྲོ་འདོག་བཅད།། མདོ་སྔགས་སེམས་ཀྱི་གཞུང་ལུགས་མ་ལུས་འཆད་རྩོད་རྩོམ་པའི་བློ་ཡིས་མཇལ།། ༧ གང་སྐུ་གསེར་རི་ལྷུན་པོ་འཇིག་རྟེན་ཁམས་སུ་བརྟན་པར་བཞུགས་པའི་ཕྱིར།། སྙིགས་མ་ལྔ་བདོའི་དུག་ལྔའི་དཔུང་ཆེན་གཡུར་ལས་རྒྱལ་བའི་རྒྱལ་མཚན་འདི།། རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་མཁན་སློབ་མཁན་ཉི་ཟླ་ཟུང་ལ་འབུལ།། བདག་སོགས་འགྲོ་ཀུན་དུས་རྣམས་ཀུན་ཏུ་ཁྱེད་སྐུ་མི་འབྲལ་བཞུགས་གསོལ་འདེབས།། ༧ གང་གསུང་འགག་མེད་ཚངས་པའི་བོན་སྒྲ་སྟོང་ཁམས་ཀུན་ཏུ་སྒྲོགས་པའི་ཕྱིར།། བདག་སོགས་བུ་སློབ་ཡོངས་ཀྱིས་སློབ་བརྩོན་འཕྲུལ་ངག་གྱེར་བའི་དུང་སྒྲ་འདི།། རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་མཁན་སློབ་ཉི་ཟླ་ཟུང་ལ་འབུལ།། བདག་སོགས་འགྲོ་བ་ཀུན་གྱིས་ཁྱེད་གསུང་མི་འགག་དུས་ཀུན་བཞུགས་གསོལ་འདེབས།། ༧ གང་ཐུགས་གཡོ་མེད་ཐུགས་རྗེའི་ཆུ་རྒྱུན་འགྲོ་ཁམས་ཀུན་ལ་སྤྲོ་བའི་ཕྱིར།། དཀོན་མཆོག་གསུམ་ལ་བློ་ཡིས་དད་པའི་སེམས་ཉིད་དྭངས་གསལ་གསེར་གྱི་དཔལ་བེའུ་འདི།། རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་མཁན་སློབ་ཉི་ཟླ་ཟུང་ལ་འབུལ།། སྙིགས་མ་དུག་ལྔའི་མེ་དཔུང་གཞོམ་པར་ཁྱེད་ཀྱི་ཐུགས་རྗེས་བཟུང་དུ་གསོལ།། ༧ གང་གི་ཡོན་ཏན་ཡིད་བཞིན་ནོར་བུ་སྲིད་པའི་ཁམས་སུ་རྟག་འབར་ཕྱིར།། བུ་སློབ་གནམ་གྱི་སྐར་ཚོགས་ཉི་མའི་འོད་ཟེར་ལྟ་བུའི་གདུགས་ཆེན་འདི།། རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་མཁན་སློབ་ཉི་ཟླ་ཟུང་ལ་འབུལ།། འགྲོ་བ་ཀུན་ལ་ཟད་མེད་བདུད་རྩིའི་ཆར་རྒྱུན་རྟག་འབེེབ་བཞུགས་གསོལ་འདེབས།། ༧ གང་གི་མཛད་པའི་ཕྲིན་ལས་འོད་སྟོང་བསྐལ་བརྒྱའི་བར་དུ་རྒྱས་པའི་ཕྱིར།། བདག་སོགས་ཀུན་གྱི་རྣམ་དཀར་དགེ་ཚོགས་ཕྱག་རྒྱའི་གསེར་གྱི་ཉ་མོ་འདི།། རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་མཁན་སློབ་ཉི་ཟླ་ཟུང་ལ་འབུལ།། ལྔ་སྙིགས་འགྲོ་བའི་ལས་ངན་གཞོམ་པའི་ཕྲིན་ལས་བར་མེད་མཛད་གསོལ་འདེབས།། ༧ གང་གི་ལྟ་བ་མཐའ་བྲལ་གཡོ་མེད་ངོ་བོ་ཉིད་ལས་མི་འདའི་ཕྱིར།། འགྲོ་ཁམས་ཀུན་གྱི་སེམས་ཉིད་གཤིས་ལུགས་གཞོན་ནུ་བུམ་པའི་སྐུ་མཆོག་འདི།། རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་མཁན་སློབ་ཉི་ཟླ་ཟུང་ལ་འབུལ།། བདག་སོགས་ཀུན་གྱིས་ལྟ་བའི་གོལ་ས་ཆོད་པའི་བྱིན་ཆེན་འབེབ་གསོལ་འདེབས།། ༧ གང་སྐུ་གཡོ་མེད་ཏིང་འཛིན་འབུམ་ཕྲག་འོད་ཟེར་སྤྲོ་བསྡུ་བར་མེད་ཕྱིར།། བོན་རྣམས་ཀུན་གྱི་ཡིན་ལུགས་ཀ་དག་དྲི་བྲལ་སྐྱོན་མེད་པད་མ་འདི།། རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་མཁན་སློབ་ཉི་ཟླ་ཟུང་ལ་འབུལ།། ཐོས་དང་བསམ་པའི་དོན་ཀུན་སྒོམ་པའི་དོན་ལ་གཞོལ་ནུས་བྱིན་གྱིས་རློབས།། ༧ གང་གི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཛད་པའི་ཆ་རྣམས་ནུབ་མེད་ཕྱིར།། བདག་སོགས་བུ་སློབ་ཡོངས་ཀྱི་རྣམ་པར་དཀར་བའི་དགེ་བཅུའི་འཁོར་ལོ་འདི།། རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་མཁན་སློབ་ཉི་ཟླ་ཟུང་ལ་འབུལ།། གང་གི་ཞབས་ཟུང་གསེར་གྱི་འཁོར་ལོས་སྟོང་ཁམས་ཀུན་ལ་དབང་བསྒྱུར་ཤོག། ༧ དེ་ལྟར་དཔལ་ལྡན་རྩ་བའི་བླ་མ་ཟུང་ལ་མཆོད་བསྟོད་པའི།། ཚིག་གི་ཕྲེང་བ་བཀྲ་ཤིས་རྟགས་ཀྱིིས་མཚོན་པའི་དགེ་བ་འདིས།། དཔལ་ལྡན་བླ་མའི་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པ་དང་།། མཐའ་ཡས་མ་རྣམས་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག། ཅེས་༧རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟུང་གི་མཛད་བཟང་བགྲང་བྱ་བཅུ་ཕྲག་དགུ་ཡི་རིང་བཀའ་དྲིན་བསྐྱངས་པའི་དྲིན་འོག་དུ་ཚུད་པའི་དགའ་བ་ཅན། ཅོང་རི་བ་གཡུང་རྒྱན་པས་ཚིག་གི་སྙན་ཆ་དབེན་ནའང་། ལོ་འཁོར་བཅུ་དྲུག་གི་རིང་དུ་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་ལ་བརྩོན་ཁུལ་དུ་བགྱིས་པའི་དགེ་རྩ་ཡོངས་རྫོགས་རྩ་བའི་བླ་མའི་ཞབས་པད་བརྟན་པའི་དམིགས་རྟེན་དུ་ཕུལ་བའོ།། (༢༠༡༨//༢༠)

སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན།

རྩོམ་པ་པོ། དགེ་བཤེས་བསྟན་འཛིན་སྦྱིན་པ།

༧ བྱམས་དང་སྙིང་རྗེས་བསྐྲུན་པ་ཡི།། སྐྱེ་མེད་སྟོང་པའི་རང་གཟུགས་ལ།། མཁྱེན་བརྩེའི་འོད་ཀྱིས་འཁྱུད་པའི་ལྷ།། སེམས་ཀྱི་ཉི་ཟླ་རྣམ་གཉིས་ལ།། བརྟན་བཞུགས་མཆོད་པ་ཚིག་ལ་བསྟར།། ༧ ཕྱག་གིས་བཏེགས་པའི་སྒྲོན་མེའི་འོད།། ཉི་ཟླའི་མདངས་ལ་བསྒྱུར་ནས་སུ།། ལྷག་བསམ་མུ་ཏིག་ཕྲེང་བའི་བརྒྱུད།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། ཞེ་སྡང་སྨག་རུམ་སེལ་གྱུར་ཅིག། ༧ རང་བྱུང་དུད་པའི་སྤྲིན་རིས་ལ།། སྣ་བརྒྱའི་ངད་ཀྱིས་སྦྲུས་པ་ཡི།། གུས་པས་ཕུལ་བའི་དྲི་ཞིམ་སྤོས།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། འདོད་ཆགས་སྒྲིབ་པ་སངས་གྱུར་ཅིག། ༧ དད་པས་བཤམས་པའི་གཙང་མའི་ཆབ།། དམིགས་མེད་བརྩེ་བའི་ཡོལ་གོ་རུ།། འཛད་མེད་བདུད་རྩིིའི་རྒྱུན་སྦྲེང་ནས།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། གཏི་མུག་དྲེག་པ་དག་གྱུར་ཅིག། ༧ དག་པ་གསུམ་གྱི་རྩི་སྦྱར་བའི།། སྣ་ཚོགས་རོ་བརྒྱའི་བྲོ་བ་ལ།། འདོད་དགུའི་བཅུད་ཀྱིས་གཏམས་པ་འདི།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། ཕྲག་དོག་བྲག་རི་ཉིལ་གྱུར་ཅིག། ༧ རང་བྱུང་ཁ་དོག་སྣ་བརྒྱ་ཡིས།། ཡིད་ཀྱི་བརྟན་པ་འཕྲོག་བྱེད་པ།། པད་མའི་ཚལ་གྱི་འཛུམ་ཞལ་འདི།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། ང་རྒྱལ་མགོ་བོ་སྨད་གྱུར་ཅིག། ༧ དཀར་དམར་མདངས་ཀྱིས་མཛེས་པ་ཡི།། སྣ་ཚོགས་དར་ཟབ་ཆུན་པོ་ལ།། རྣམ་བཀྲའི་རི་མོས་ཕྱུག་པ་འདི།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། ཀུན་རྟོག་སྤྲིན་པ་སངས་གྱུར་ཅིག། ༧ ཀུན་གཞི་ནམ་མཁའ་སྟོང་པའི་ཀློང་།། ཡིད་ཀྱིས་དམིགས་པའི་འདོད་ཡོན་རྣམས།། རིན་ཆེན་ནོར་དུ་བསྒྱུར་ནས་སུ།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། སྲེད་པའི་མེ་ལྕེ་ཤི་གྱུར་ཅིག། ༧ རྣ་བའི་བཅུད་དུ་འབེབ་པ་ཡི།། སྙན་དགུའི་སྒྲ་དང་རོལ་དབྱངས་ལ།། ཕུན་ཚོགས་རྫས་ཀྱིས་སྦྲན་པ་འདི།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། སྡུག་བསྔལ་འཁྱགས་པ་ཞི་གྱུར་ཅིག། ༧ སྐྱེ་འགྲོའི་ཚེ་སྲོག་གསོ་བའི་སྨན།། ལོ་ཏོག་འབྲུ་ཡི་བང་མཛོད་ལ།། འཛད་མེད་གཏེར་གྱིས་ཁེངས་པ་འདི།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། མུག་གེའི་རྒྱུན་ལམ་ཆད་གྱུར་ཅིག། ༧ རྩི་བཅུད་དཀར་མངར་འོ་ཞོའི་མདངས།། གཡང་གི་འཕེན་དར་ལ་བྱུག་པའི།། རྭ་བ་སྒོ་བཞིའི་ཕྱུགས་ནོར་འདི།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། དབུལ་ཕོངས་ན་ཚ་དྲག་གྱུར་ཅིག། ༧ མཆོད་པའི་གར་སྟབས་རྣམ་པ་བརྒྱད།། རོལ་མོའི་སྒྲ་དང་བསྡེབས་ནས་སུ།། ཡིད་ཀྱི་མཛོད་དུ་བཤམས་པ་འདི།། སེམས་ཀྱི་ཉི་ཟླ་གཉིས་ལ་འབུལ།། ཞབས་པད་བསྐལ་བརྒྱར་བརྟན་པ་དང་།། འགྲོ་ཀུན་སྤྲོ་བ་བསྐྱེད་དུ་གསོལ།། ཞེས་བདག་ཅག་གི་༧སྐྱབས་གནས་དྲིན་ཆེན་རྩ་བའི་བླ་མ་སེམས་ཀྱི་ཉི་ཟླ་རྣམ་གཉིས་ཏེ། མཚུངས་བྲལ་ཡོན་ཏན་བྱེ་བའི་མཛོད་འཛིན་མཚན་བརྗོད་པར་དཀའ་བ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་ད་བར་གསང་གསུམ་གྱི་མཛད་འཕྲིན་བསྐྱངས་ནས་སྐུའི་དགུང་གྲངས་༨༨དང་། ༩༡ལ་ཕེབས་ནའང་བསྟན་འགྲོར་སྨིན་གྲོལ་གྱི་འཕྲིན་ལས་སྐྱོང་བཞིན་པ་ནི་དགའ་འོས་པའི་གནས་ཏེ་བདག་ཅག་གི་བསོད་ནམས་ཀྱི་དཔལ་དུ་ལགས། དེ་ལྟར་༧མགོན་པོ་རྣམ་གཉིས་ཀྱི་སྐུ་ཚེའི་མཛད་པ་དང་། དགོངས་རྟོགས་ཡོན་ཏན་གྱི་བྱིན་རླབས་ཐོབ་པའི་སློབ་ཚོགས་སྟོང་ཕྲག་དང་ཁྲི་ཁྲག་ནས་ལུང་རྟོགས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་རིན་པོ་ཆེར་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་ལས་ལ་བརྩོན་པ་མཐར་ཕྱིན་པའི་རབ་འབྱམས་དགེ་བའི་བཤེས་གཉེན་བརྒྱ་ཕྲག་དང་། སྒྲུབ་རྒྱུད་བསྟན་པའི་མཛེས་རྒྱན་རྣལ་འབྱོར་བ་བཅུ་ཕྲག་དུ་མས་འཛམ་གླིང་ཐ་གྲུ་ཀུན་ཏུ་འགྲོ་ལ་ཕན་བདེ་སྒྲུབ་པའི་ལེགས་ཚོགས་ཀྱི་རྒྱན་མཚན་མཁའ་དབྱིངས་སུ་སྒྲོན་བཞིན་པའི་དུས་འདིར་༧སྐྱབས་འོག་བོན་འབངས་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་བཀའ་དྲིན་ལེགས་སྐྱེས་དང་། སྐུ་ཚེའི་ཞབས་རིམ། གསོལ་འདེབས་སྨོན་ལམ་དང་བཅས་ཏེ་བརྟན་བཞུགས་མནྡལ་གྱི་མཆོད་སྤྲིན་རྒྱས་འབུལ་ཞུ་བཞིན་པ་ལྟར། མེ་ལོང་ཡེ་ཤེས་དྲྭ་ཚུགས་འདིས་ཀྱང་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བཀའ་དྲིན་མི་བརྗེད་སེམས་ཀྱིས་ཞུ་བའི་མཚོན་ཐབས་སུ་<སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན་>ཞེས་པའི་རྩོམ་ཡིག་གི་སྡེ་ཚན་ཞིག་དྲ་ཐོག་ཏུ་གཉེར་སྐྱོང་བྱེད་པའི་སྐལ་བཟང་དགེ་བའི་ཆར་གོང་གི་བྱིན་རླབས་ཀྱི་འོད་ཟེར་སེམས་ལ་ཕོག་པའི་དགེ་མིང་པ་བསྟན་འཛིན་སྦྱིན་པས་སངས་རྒྱས་སྨན་ལྷའི་གཞུང་གི་སྤོང་གཉེན་གྱི་རྣམ་པར་བསྟུན་ནས་སྟོན་པ་ཡེ་ཤུ་འདས་ལོག་ཀྱིས་བཞེངས་པའི་ཉིན་མོར་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་ནས་སྒོ་གསུམ་གུས་པ་གཅིག་ཏུ་བསྒྲིལ་ཏེ་གསོལ་འདེབས་སྨོན་ལམ་ཞུས་པའོ།། །།ཕྱི་ལོ་༢༠༡༦ཟླ་༠༣ཚེས་༢༨ཉིན།

༧སྐྱབས་རྗེ་༧དྲིན་ཅན་རྩ་བའི་བླ་མར་བརྟན་བཞུགས་གསོབ་འདེབས་འདོད་འབྱུང་བུམ་བཟང་བཞུགས།།

རྩོམ་པ་པོ། དགེ་བཤེས་སྨོན་ལམ་དབང་རྒྱལ། ཐའེ་ལན་ཌི།

༧ གངས་རྒྱལ་ཏི་སེ་འཛམ་གླིང་དབུས་ཀྱི་ལྟེ་བ་རུ།། གངས་ཅན་བོད་ཀྱི་ཕ་ནོར་རིག་པའི་གནས་ལྔའི་མཛོད།། གངས་རིའི་ལྷུམས་སུ་འཁྲུངས་པའི་འཕྲུལ་ཡིག་ཐོག་མའི་སྲོལ།། གངས་ཅན་བོད་ཀྱི་མེས་པོ་རྒྱལ་བ་༧གཤེན་གྱིས་གདམས།། ༧ དེས་གསུངས་མདོ་སྔགས་རྫོགས་གསུམ་གཡུང་དྲུང་བོན་གྱི་བསྟན།། ཕྱི་ནང་གསང་གསུམ་སྒོ་བཞི་མཛོད་ལྔ་ཐེག་པ་དགུ།། མི་ཉམས་བརྒྱུད་འཛིན་འཆད་སྤེལ་སྲོལ་བཟུང་མཁན་སློབ་ཟུང་།། སྙིང་དབུས་བདེ་བ་ཆེན་པོ་འོད་ལྔའི་གུར་དུ་བཞུགས།། ༧ ཁྱད་པར་གངས་ཅན་བོད་ཀྱི་ལོ་རྒྱུས་རྣལ་མ་ཞིག། གསོན་པོར་གནས་པའི་རྩ་བ་སྲོག་ཤིང་ཁྱེད་རྣམ་གཉིས།། བཀའ་དྲིན་རྗེས་དྲན་འཛམ་གླིང་བོན་འབངས་ཐམས་ཅད་ཀྱི།། སྐུ་མཆོག་མི་ཤིག་གཡུང་དྲུང་ཁམས་སུ་བཞུགས་གསོལ་འདེབས།། ༧ དེ་ལྟར་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཐམས་ཅད་ནས།། བརྟན་བཞུགས་ལེགས་བྱས་རྣམ་དཀར་དགེ་བའི་ནུས་མཐུ་ཡིས།།། གདུལ་ཞིང་མི་མཇེད་འཇིག་རྟེན་ཞིང་ཁམས་མཐའ་ཡས་ཀྱི།། མགོན་སྐྱོབས་དཔུང་གཉེན་དམ་པར་བཞུགས་སུ་གསོལ།། ༧ སྡེ་སྣོད་གསུམ་དང་རིམ་གཉིས་རྣལ་འབྱོར་ཟབ་མོ་དང་།། ཁྱད་པར་གསང་ཆེན་བླ་མེད་རྫོགས་པ་ཆེན་པོ་ཡི།། བསྟན་མཆོག་ཉི་མའི་འོད་སྣང་ས་སྒང་ཧྲིལ་པོ་འདིར།། མར་ཞི་གསེར་ཞུན་ལྟ་བུའི་བསྟན་པ་བཞག་པར་མཛད།། ༧ ཁྱད་པར་གངས་ཅན་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་།། སྡེ་གསུམ་གཞུང་ཆེན་འཆད་ལ་མཉམ་མེད་བླ་མ་དངོས།། བླ་མེད་རྫོགས་ཆེན་གདམས་དུས་ཏ་པི་ཧྲི་ཙའི་ཞབས།། བླ་མེད་རྒྱུད་སྡེའི་མངའ་བདག་མཁན་སློབ་ཉི་ཟླ་ཟུང་།། ༧ གསང་རྒྱུད་འཆད་དུས་བླ་མ་ཆེ་དྲུག་མཁས་བཞི་དང་།། རྒྱལ་ཀུན་ངོ་བོ་བླ་ཆེན་དྲན་པའི་གར་དུ་བཞེངས།། མདོ་སྡེའི་སྡེ་སྣོད་རྣམ་དག་འདུལ་བའི་རྒྱུད་འཆད་སྐབས།། སྲིད་པའི་དཀའ་ཐུབ་ཆེན་མོ་གཙུག་གཤེན་རྒྱལ་བ་དངོས།། ༧ རྩ་བ་བརྒྱུད་པར་བཅས་པའི་གསང་གསུམ་བོན་གྱི་བསྟན།། ཡོངས་རྫོགས་བསྟན་པའི་བདག་པོ་མཁན་སློབ་ཉི་ཟླ་གཉིས།། ཕན་བཏགས་མ་བཏགས་སྐྱེ་འགྲོ་ཡོངས་ཀྱི་སྐྱབས་གནས་མཆོག། མཐའ་ཡས་འགྲོ་བའི་རེད་འདོད་སྐོང་ཕྱིར་བརྟན་བཞུགས་གསོལ།། ༧ བརྩེ་ཆེན་འོད་དཀར་སྣང་བ་དུས་རྣམས་ཀུན་དུ་ཡང་།། འཇུག་པ་སྐད་ཅིག་ཙམ་ཡང་མི་གཡོ་བདེ་བ་ཆེ།། ཕན་བདེའི་སྣང་བ་རྟག་ཏུ་དགྱེས་ཤིང་བཞུགས་པ་ཡི།། སྟོང་ཉིད་སྙིང་རྗེའི་རང་གཟུགས་སྐྱབས་རྗེ་མཁན་སློབ་ཟུང་།། ༧ བདག་སོགས་རྗེས་འབྲང་གསོལ་བཏབས་རྣམ་དཀར་དགེ་ཚོགས་གང་།། དད་གསུམ་འོད་མཚོ་དཀར་པོའི་ལྷག་བསམ་ཟེག་མ་ཡིས།། སྡིག་ཚོགས་ཉེས་ལྟུང་མ་ལུས་སྟོབས་བཞིས་སྦྱོངས་དང་ལྷན།། དམ་ཚིག་དྲི་མེད་དཀར་གཙང་ལྷ་དར་དབྱངས་སུ་འཐེན།། ཅེས་མཆོད་པར་བརྗོད་པའི་ཚིག་བཅད་ཐོར་བུ་འདི་ཉིད་༧སྐྱབས་རྗེ་༧མཁན་སློབ་༧རྣམ་གཉིས་ཀྱིས་སྐུ་ཚེ་ཧྲིལ་པོ་བསྟན་པ་དང་འགྲོ་བའི་དོན་ལ་མཛད་པ་ལྷུར་བཞེས་གནང་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་དུས་སྟོན་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་དབུ་བཙུགས་ཏེ་མཇུག་དཔལ་ལྡན་༧ཁྲི་བརྟན་ནོར་བུ་རྩེ་རུ་ལེགས་གྲུབ་བྱུང་བའི་ཤིས་སྨོན་དྭངས་གཙང་ལྷ་དར་དཀར་པོ་ཞེས་པའི་ཚིག་ཕྲེང་འདི་༧སྐྱབས་རྗེ་རྣམ་གཉིས་ཀྱི་ཞབས་འབངས་སུ་ཡུན་རིང་འཚོ་བ་རོལ་བའི་གུས་སྐྱབས་འོག་པ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་རྩ་གཞུང་འཛིན་པའི་སློབ་དཔོན་གྱི་མིང་ཙམ་འཛིན་པ་དགེ་བཤེས་སྨོན་ལམ་དབང་རྒྱལ་གྱིས་ཐེའ་ལན་ཌི་འམ་༼གསེར་ལྡན་རྒྱལ་ཁབ་གྱི་གྲོང་ཁྱེར་༽ས་པུ་རིས་མ་ཧ་པུ་ཏིས་ཏམ་ནང་པའི་སློབ་ཆེན་གྱི་དབྱིན་ཡིག་ཆེད་སྦྱོང་བར་གསེང་སྐབས། ༢༠༡༦//༡༥/ཉིན་ཕུལ།། 

༧སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་བརྟན་བཞུགས་གསོལ་སྨོན་དད་གསུམ་སྙིང་གི་མེ་ཏོག

རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ། པེ་ཅིང་ནང་བསྟན་སློབ་གླིང་།

༧ རབ་འབྱམས་སྲས་བཅས་རྒྱལ་བའི་བརྩེ་ཆེན་ཡེ་ཤེས་འགྲོ་ལ་རྗེས་ཆགས་ཚུལ།། གཟིགས་དགོངས་བཀོད་པ་གདུལ་བྱ་རང་མཐུན་རྐང་གཉིས་མི་ཡི་ཚུལ་བསྟན་པའི།། རྒྱལ་བསྟན་སྤྱི་དང་ཁྱད་པར་ཐེག་ཆེན་གཡུང་དྲུང་བོན་གྱི་གཙུག་རྒྱན་ཏེ།། རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཞབས་པར་བསྐལ་བརྒྱར་བརྟན་གྱུར་ཅིག། ༧ བསྐལ་མང་གོང་ནས་ཚོགས་གཉིས་འཕེལ་ཁ་གྱེན་དུ་འཕྱོ་བའི་རླུང་རྟ་དང་།། འཛམ་གླིང་སྤྱི་དང་སྒང་པ་བོད་པའི་ལས་སྨོན་བཟང་བའི་མཁའ་དབྱིངས་སུ།། དུས་རབས་ཉི་ཤུའི་ཤར་རིའི་ཕྲག་ནས་འགྲོ་ཁམས་མུན་སྨག་སེལ་བའི་གཉེན།། མཁན་དང་དཔོན་སློབ་མཚན་གྱིས་མཛེས་པའི་ཉི་ཟླ་ཟུང་གཅིག་བོད་ནས་ཤར།། ༧ ཆོ་ནི་ལྷ་དང་འབྲང་ནི་ཀླུ་ཞེས་རིགས་ཀྱི་རྒྱབ་རྩ་མ་ངོམ་ཞིང་།། ཅིག་གི་ཡང་སྲིད་མིག་གི་རྣམ་སྤྲུལ་ཟོལ་གྱི་འཁྲབ་སྟོན་མ་ཡིན་པར།། མཚན་ལྡན་བླ་མར་མཉེས་པ་གསུམ་གྱིས་ཡུན་ནས་ཡུན་དུ་བསྟེན་པའི་འབྲས།། ངེས་དོན་དགེ་བའི་བཤེས་ཀྱི་མཚན་སྙན་སྲིད་གསུམ་མཁའ་རུ་མངོན་པར་ལྡིར།། ༧ དུས་ངན་སྙིགས་མའི་འཚུབ་ཆ་རྒོད་ཀྱང་ད་རུང་བསྟན་པའི་རྩ་མ་བསྐམས།། མི་མཐུན་ཉེར་འཚེའི་བར་ཆོད་བཙན་ཡང་ད་རུང་འགྲོ་བའི་དོན་མ་རྫོགས།། མཐུན་སྦྱོར་དགེ་བའི་རྟེན་འབྱུང་ཟབ་མོས་མཁན་སློབ་གོང་མའི་གསེར་གྱི་ཁྲིར།། ཞབས་སོར་བཀོད་པའི་རྫོགས་ལྡན་སྐལ་བཟང་བསྟན་འགྲོ་སྤྱི་ཡི་རྒྱན་དུ་བརྗིད།། ༧ དགུ་གཉིས་དུས་འགྱུར་རླུང་ནག་འཚུབ་སྐོར་བསིལ་མོའི་ལྗོངས་སུ་བདོ་བའི་ཚེ།། རྩ་ཆེའི་སྐུ་གསུང་ཐུགས་རྟེན་ཆེད་དུ་གཅེས་པའི་སྐུ་སྲོག་འབེན་བཙུགས་ཏེ།། གཏེར་དུ་སྦས་སམ་ངེས་མེད་ཕྱོགས་ཀྱི་ཐ་གྲུར་དྲངས་པའི་མཛད་པ་འདིས།། གྲི་གུམ་ཁྲི་སྲོང་དུས་ཀྱི་བོན་གཤེན་མཛད་ཕྲིན་རྗེས་སུ་དྲན་པར་བྱེད།། ༧ རྣམ་སྨིན་ངན་པ་དུས་སུ་བདོ་བའི་མ་རུང་ལྟས་ངན་ཁྱུ་ཞིག་གིས།། ཡང་དག་གཤེན་གྱི་བསྟན་པ་རིན་ཆེན་རྩ་མེད་བརླག་པའི་ངན་ཇུས་ཁྲོད།། བཟོད་པའི་གོ་དང་ཐབས་མཁས་ཟབ་མོས་བདེན་པའི་ཐ་ཚིག་དྲག་པོ་ཡིས།། འཛམ་གླིང་མི་རྣམས་རྨོངས་པའི་བློ་སྒོ་གཅིག་ཆར་འབྱེད་པའི་རྒྱལ་རྔ་བརྡུངས།། ༧ ཕུན་ཚོགས་དགེ་བའི་སྟོབས་འབྱོར་བསྩལ་བའི་རླབས་ཆེན་སྦྱིན་བདག་ལྟ་ཅི་སྨོས།། ཕན་ཚུན་བརྡ་སྐད་འཕྲོད་པ་ཙམ་ཡང་དཀའ་ཚེགས་ཆེ་བའི་གཞན་ཡུལ་དུ།། ཐོབ་རྒྱལ་སྨན་རི་དགོན་དང་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་ཞེས་པའི།། བསྟན་པའི་གནས་གཞི་གསར་དུ་བསྐྲུན་འདི་རླབས་ཆེན་སེམས་དཔའི་སྤྱོད་པ་དངོས།། ༧ ལུགས་གཅིག་མ་ཡིན་ཕྱོགས་མེད་ཐོས་པའི་ཆུ་བོ་ཀུན་འདུས་མ་དྲོས་མཚོ།། རགས་ཙམ་མ་ཡིན་ཤེས་བྱའི་གཏིང་དཔོག་བསམ་པའི་རྣམ་དཔྱོད་དབལ་ཁ་རྣོ།། བློས་བྱས་མ་ཡིན་ཡེ་རིག་མངོན་གྱུར་སྒོམ་པའི་ལམ་འབྲས་རྟགས་ཚད་གསལ།། གྲུབ་ལོས་མ་ཡིན་ཐོས་བསམ་སྒོམ་གྱི་ནང་ནོམ་མཛེས་པ་སྔ་དར་གྲུབ་པའི་རིག་འཛིན་བཞིན།། ༧ སྣ་མང་གཞུང་ལུགས་འཆད་པའི་ངག་གིས་སྐལ་བཟང་འགྲོ་བའི་ཤེས་རྒྱུད་གྲོལ།། ཚད་གསུམ་ཟུང་འབྲེལ་རྩོད་སྤོབས་ཐོག་གིས་རྒོལ་ངན་བྱེ་བའི་བྲག་རི་གཞོམ།། ཟབ་རྒྱས་ལེགས་བཤད་རིག་རྩོམ་གསར་པས་དཀའ་གནད་སྟོང་གི་མདུད་རྒྱ་བཤིག། གཞན་དོན་འཆད་རྩོད་རྩོམ་གྱི་བཀའ་འཁོར་རྒྱལ་བ་གཉིས་པ་སླར་བྱོན་བཞིན།། ༧ ལྷ་ཁང་གསེར་དངུལ་རྒྱན་གྱིས་མ་སྤྲས་བཞེངས་པ་བཤད་སྒྲུབ་འདུས་གྲྭ་བསྐྱངས།། གྱེར་དབྱངས་འདོན་པས་བསྟན་པ་མ་འཛིན་ལྟ་སྒོམ་སྤྱོད་པའི་ཕུགས་ནོར་བསགས།། ནོར་འདོད་བོན་གྱིས་གདུལ་བྱ་མ་འདུལ་དྲང་ངེས་ཟབ་གདམས་འགྲོ་ལ་བསྩལ།། མངོན་ཤེས་ཟོབ་བརྫུས་འཁོར་ཚོགས་མ་བཀུག་འཁོར་ལོ་བཞི་ཡིས་བསྟན་དོན་བསྒྲུབས།། ༧ རྩོད་ལྡན་དུས་འདིར་ནད་མང་ཚེ་ཐུང་བར་ཆད་དྲག་རྩུབ་རྒོད་ན་ཡང་།། གང་གི་གསང་གསུམ་ཡིད་བཞིན་ནོར་བུ་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཏེ།། སྐུ་ཚེ་བརྟན་ཅིང་ཟོ་མདོག་བདེ་བར་ད་དུང་བསྟན་འགྲོའི་ཁུར་ཆེན་ཉིད།། འདེགས་པར་བཟོད་པའི་ངོ་མཚར་འདི་ཀོ་སོ་སྐྱེའི་བློ་ལས་རིང་དུ་འགོངས།། ༧ བསླུ་མེད་མཆོག་གསུམ་རྩ་གསུམ་བྱིན་རླབས་བོན་ཉིད་བདེན་པའི་མཐུ་སྟོབས་ཀྱིས།། མ་འོངས་བསྐལ་པའི་མཐར་ཡང་གང་གི་གསང་གསུམ་མི་འགྱུར་གཡུང་དྲུང་ཁྲིར།། གཡོ་མེད་རྟག་བརྟན་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྱིས་གྲུབ།། ཕྱོགས་དུས་ཀུན་ཏུ་རྫོགས་ལྡན་དགེ་བའི་འོད་སྣང་འབུམ་གྱིས་ཕྱུག་གྱུར་ཤོག། ཅེས་རྩོད་དུས་བསྟན་པའི་གཉེར་དཔོན་གསང་གསུམ་བོན་གྱི་མངའ་བདག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གི་ཞབས་པད་ཡུན་དུ་བརྟན་ཅིང་མཛད་ཕྲིན་ཡར་ངོའི་དཔལ་ལ་འགྲན་བཞིན་པ་དང་ཆབས་ཅིག   ཉེ་ཆར་འབྲེལ་ཡོད་བོན་འབངས་ཡོངས་ནས་བཀའ་དྲིན་ལེགས་གསོལ་དང་གསང་གསུམ་ཡུན་དུ་གནས་པའི་ཆེད་དུ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་ཞིག་སྤེལ་རྒྱུ་གོ་ཐོས་བྱུང་བ་ལ།   ཕྲན་ལ་ཡང་ཟད་མི་ཤེས་པའི་དགའ་དད་བླ་ལྷག་ཏུ་འཕེལ་བའི་རྐྱེན་གྱིས་བསྐུལ་ཏེ།   མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་བཀའ་དྲིན་རྗེས་དྲན་གྱི་མཚོན་བྱེད་ཙམ་དུ་མགོན་པོ་ཟུང་གི་སྐྱབས་འོག་པ་ཁྱུང་བཙུན་བསྟན་འཛིན་རྣམ་རྒྱལ་དུ་འབོད་པ་དེས་པེ་ཅིན་ནང་བསྟན་མཐོ་སློབ་ཀྱི་རང་ཤག་ནས་སྒོ་གསུམ་གུས་པའི་ཕྱག་དང་བཅས་ཏེ་ཕུལ་བས་དེ་བཞིན་དགེ་བར་གྱུར་ཅིག།

རྟན་བཞུགས་རྒྱ་མཚོའི་གསེར་ཐིགས།

རྩོམ་པ་པོ་དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས། སྟེང་ཆེན་དགོན།

༧ གནས་ཆེན་དུང་རི་དཀར་པོའི་ཉེ་འགྲམ་དུ།། རྟེན་བཟང་སྐུ་ཡི་མཚན་དཔེ་མངོན་པར་བཞད།། དྲུང་རམས་པ་སོགས་མཁས་ཆེན་དུ་མའི་མདུན།། བཅུ་ཕྲག་རིག་གནས་ཐུགས་སུ་གང་བར་བླངས།། ༧ དུས་ཀྱི་གློག་གིས་མ་ཐེབས་ཕྱི་གླིང་ཕེབས།། དབྱིན་སྐད་སྨྲ་བའི་ལྗགས་འདབ་ཡང་པོར་བྱས།། སྲིད་པ་གཡུང་དྲུང་བོན་གྱི་ངོ་བོ་དངོས།། ནུབ་ཀྱི་མཁས་པ་དག་ལ་ངོ་སྤྲོད་གནང་།། ༧ གདན་སའི་མཁན་སློབ་རྣམ་པས་ལྷ་སྲུང་ལ།། ལུང་བསྟན་རྟགས་རིལ་ཞུས་ནས་སྨན་རི་བའི།། རྒྱལ་ཚབ་ཁྲི་སྐྱོང་སོ་གསུམ་པར་འཁོད་ཅིང་།། བོན་བསྟན་མཐིལ་ཆེན་སྐྱོང་བའི་ཐུགས་ཁུར་བཞེས།། ༧ ལུང་དང་རྟོགས་པའི་འོད་ཀྱིས་བྱུར་བུར་བལྟམས།། བཤད་སྒྲུབ་སྒོམ་སྡེའི་སྣང་བ་བསྐྱར་དུ་གསོས།། བོན་གཞིས་ཐོབ་རྒྱལ་གསར་པའི་མཚེར་ས་བཟུང་།། བུ་སློབ་ཨུད་དཔལ་སྔོན་པོའི་འཛུམ་མདངས་བསུས།། ༧ འབེལ་གཏམ་འཆད་པའི་སྤྲིན་ཚོགས་སྤུངས་སེ་སྤུང་།། བརྒལ་བརྟགས་རྩོད་པའི་འབྲུག་སྒྲ་འུ་རུ་རུ།། སྙན་འཇེབས་རྩོམ་གྱི་ཆར་ཆེན་སི་ལི་ལི།། འཕགས་ཡུལ་སྨན་རིའི་གླིང་ཞེས་གྲགས་པར་བྱས།། ༧ སྨན་གྱི་རི་བོའི་ནགས་ཀླུང་ཡངས་པོ་རུ།། འཆད་རྩོད་རྩོམ་པའི་ལྗོན་བཟང་ལེགས་འཁྲུངས་ཏེ།། བཤད་སྒྲུབ་སྒོམ་པའི་ལོ་འདབ་ཕྱོགས་སུ་བརྐྱང་།། ཐོས་བསམ་སྒོམ་འབྲས་སྨིན་པ་ཁྱེད་ཀྱི་དྲིན།། ༧ ཚུལ་མཐུན་དགེ་བའི་བཤེས་གཉེན་བརྒྱ་ཕྲག་གི། བསླབ་གསུམ་ཁྲིམས་ཀྱི་ཡབ་གཅིག་རྗེ་བླ་མ།། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ལང་ཚོ་གང་།། མི་ཤིག་གཡུང་དྲུང་ཁྲི་རུ་རྟག་བརྟན་གསོལ།། ༧ སྐྱབས་མགོན་མཉམ་མེད་བླ་མའི་རྒྱལ་ཚབ་རྗེ།། རྗེ་གཅིག་ལུང་རྟོགས་བསྟན་པའི་ཉི་མ་མཆོག། མཆོག་གིས་བསྟན་འགྲོར་དགོངས་པའི་ཕྲིན་ལས་གང་།། གང་དག་གེགས་མེད་འགྲུབ་པའི་གསོལ་སྨོན་འདེབས།། ཞེས་པ་འདི་ནི་ཁྱུང་དཀར་སྟེང་ཆེན་དགོན་པའི་དགེ་བཤེས་གཙོ་ཚང་ཚུལ་ཁྲིམས་ནས།

བརྟན་བཞུགས་གསོལ་འདེབས་དད་བརྒྱའི་རྒྱང་འབོད།

རྩོམ་པ་པོ་དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས། སྟེང་ཆེན་དགོན།

༧ གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཉི་ཟེར་བཅིབས་ནས་ཡང་ཡང་ཉུལ་བ་ཡི།། མཁའ་སྤྱོད་གྲུབ་བརྒྱའི་དཔའ་བོ་གྱེར་སྤུངས་རྗེའི།། རྣམ་རོལ་ཡོངས་འཛིན་སྨྲ་སེང་གསོལ་བ་འདེབས།། ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག། ཀུན་བཟང་དགོངས་པ་མཇལ་བར་བྱིན་གྱིས་རློབས།། ༧ སྙིགས་དུས་བསྐལ་ཁུག་གསོ་བའི་མགོན་པོ་རུ།། ཡབ་གཅིག་གྲེ་བོ་ཡུམ་མཆོག་ལྡོང་བཟའ་ཡི།། སྲས་སུ་བལྟམས་ཏེ་ཐུན་མོང་མིག་ལྟོས་སུ།། མས་རིམ་ཐོས་བསམ་མཛད་ལ་གསོལ་བ་འདེབས།། ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག། འདུ་འཛིའི་འཁྲུལ་སྣང་ཆོད་པར་བྱིན་གྱིས་རློབས།། ༧ བཟོ་རིག་སྒྱུ་རྩལ་རོལ་གར་སྐུ་ལ་རྫོགས།། སྒྲ་རིག་སྙན་འཇེབས་བརྡ་སྦྱོར་གསུང་ལ་བཀྲམ།། ནང་རིག་མན་ངག་བྱེ་བ་ཐུགས་སུ་གཏམ།། གནས་ལྔ་རིག་པའི་བདག་པོར་གསོལ་བ་འདེབས།། ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག། རྨོངས་ཆེན་དྲྭ་བ་ཆོད་པར་བྱིན་གྱིས་རློབས།། ༧ བསྡུས་ཚན་རིག་པའི་བང་འགྲོས་རབ་མཛེས་ཤིང་།། བློ་རྟགས་ཚད་མའི་སྒ་ཆས་མངོན་སྤྲས་ཏེ།། ཐེག་རིམ་ས་ལམ་ཐང་ཆེན་རབ་གཤོག་པའི།། མཁས་གྲུབ་ཅང་ཤེས་མཆོག་ལ་གསོལ་བ་འདེབས།། ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག། ཐེ་ཚོམ་མཐའ་རྒྱ་ཆོད་པར་བྱིན་གྱིས་རློབས།། ༧ ཟབ་མོ་ཁམས་བརྒྱད་རྒྱ་མཚོའི་ཀློང་ཡངས་ནས།། དངོས་བསྟན་སྟོང་པའི་གདེང་མཐའ་རབ་གཞལ་ཏེ།། སྦས་དོན་ནོར་བུའི་གཏེར་བརྒྱ་འགྱེད་པ་ཡི།། ཕར་ཕྱིན་བསྟན་པའི་སྲོལ་འཛིན་གསོལ་བ་འདེབས།། ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག། ལོག་སད་གྲུང་ནས་འབྱིན་པར་བྱིན་གྱིས་རློབས།། ༧ སྣ་ཚོགས་ཐེག་སྒོའི་འདོད་ཚུལ་ཐུན་མོང་གང་།། མ་འདྲེས་ཡིད་བཞིན་ནོར་དང་ཆུ་ཟླ་བཞིན།། ཟད་མེད་རྒྱལ་པོའི་དཀོར་གྱི་ཚུལ་འཆང་བའི།། སྤྱི་རྒྱུག་མཛོད་ཀྱི་བླ་མར་གསོལ་བར་འདེབས།། ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག། ཆད་མཐའི་འཛིན་པ་ཆོད་པར་བྱིན་གྱིས་རློབས།། ༧ གནས་ཚུལ་བདེན་རྫུན་སྤྲོས་པའི་མཐའ་སེལ་ཞིང་།། སྣང་ཚུལ་རྨི་ལམ་སྒྱུ་མའི་དཔེ་ཟླ་དང་།། རང་འཛིན་སེམས་ཀྱི་རླབས་སུ་འདོམས་པ་ཡི།། ཡེ་འབུམ་དབུ་མའི་སྟོན་པར་གསོལ་བ་འདེབས།། ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག། རྟག་མཐའི་གདོན་འགོང་ཆོམ་པར་བྱིན་གྱིས་རློབས།། ༧ ཞི་མཛེས་ཚུལ་གྱིས་གཞན་རྒྱུད་དང་བ་འདྲེན།། དུལ་འཇམ་སེམས་ཀྱིས་རང་རྒྱུད་གཡུང་དུ་ཕབ།། དཀའ་ཐུབ་སྤྱོད་པའི་རྒྱལ་པོ་མངོན་བསྟན་པའི།། རྣམ་དག་འདུལ་བའི་དེད་དཔོན་གསོལ་བ་འདེབས།། ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག། འཆལ་སྤྱོད་རྩད་ནས་ཆོད་པར་བྱིན་གྱིས་རློབས།། ༧ ཏིང་འཛིན་གསུམ་དང་དགུ་དོན་དོན་དྲུག་གི། གསང་སྔགས་གྱེར་དབྱངས་ཙམ་ལས་རབ་བརྒལ་ཏེ།། རྒྱུད་སྡེ་བཞི་པོ་མ་འདྲེས་གསལ་འབྱེད་པའི།། གསང་རྒྱུད་བསྟན་པའི་གཉེར་དཔོན་གསོལ་བ་འདེབས།། ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག། ཐོ་ཆོའི་འཁྲུལ་བརྒྱ་བྲལ་བར་བྱིན་གྱིས་རློབས།། ༧ བསྟན་པའི་སྙིང་པོ་བླ་མེད་རྫོགས་པ་ཆེ།། འཛིན་བྲལ་ཐུགས་སུ་གཏམས་པའི་མྱོང་བ་གང་།། རྣམ་མང་སྐལ་ལྡན་དཔྱིད་དུ་འདོམས་པ་ཡི།། དག་གསལ་ཡོན་ཏན་མཛོད་འཛིན་གསོལ་བ་འདེབས།། ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག། རང་བྱུང་རིག་ངོ་འཕྲོད་པར་བྱིན་གྱིས་རློབས།། སྟེང་དགོན་གཙོ་ཚུལ་པས།

མུན་བཞི་སེལ་བའི་ཉི་ཟླ།

རྩོམ་པ་པོ། དགེ་མིང་པ་ལྷ་ལྡོང་ཚུལ་མི།

༧ གངས་རིའི་ཞལ་ཁྱིམ་རྡུལ་དུ་སྦགས་པའི་པའི་འཁོར་ཆུང་བསྐལ་ངན་རླུང་ནག་གཤགས།། སྲིད་པ་བོད་ཀྱི་སྙིང་ནོར་དག་མ་གྱེར་བསྟན་དབུས་ནས་ལྷོ་མཐར་དྲངས།། སྐྱབས་དང་དཔུང་གཉེན་མཆོག་གསུམ་མ་གཏོགས་མཚོན་ཐོག་དཔུང་སྡེ་མེད་ནའང་།། བཟོད་པའི་གོ་ཆ་བཙན་པོ་བགོས་པས་ཞི་བའི་རྒྱལ་ཁམས་དེ་རུ་སླེབས།། ༧ སྔར་ངོ་མ་ཤེས་འཕྱི་འདྲིས་མེད་པའི་ཆ་མེད་རྒྱུས་མེད་ཡུལ་ཞིག་ལ། མགོན་སྐྱབས་མེད་པའི་གཅེར་བུ་རྒྱབ་གཏུགས་བྱེས་འབྱོར་བོན་འབངས་བསྡུ་རུབ་བྱས།། རྒྱལ་སྲས་སེམས་དཔའི་སྤྱོད་པར་ཞུགས་ཤིང་གང་ལ་གང་དགོས་དེར་སྟོན་པ།། གཞན་དོན་ཁུར་ཆེན་ཕྲག་ཏུ་བཞེས་པའི་ངེས་པ་དོན་གྱི་རྒྱལ་སྲས་ཟུང་།། ༧ སྙིང་རྗེས་ཞི་བདེ་རང་དོན་སྤངས་པས་སྐུ་ཚེ་གང་པོར་གཞན་དོན་བྱས་པའི་དམ་བཅའ་བྱས།། བཀྲེས་ལྟོག་ཀྱིས་མནར་མ་ནུས་སྦུངས་ཆུང་བྱེས་འབྱོར་བོན་མའི་ལས་དབང་དང་།། སྒང་པ་བོད་ཀྱི་རིག་གཞུང་དག་མའི་ཚེ་སྲོག་ཡུན་དུ་གནས་པའི་ཕྱིར།། ལྷོ་ནུབ་གཉིས་ལ་རོགས་སྐྱོར་ཞུས་ཤིང་གཡུང་དྲུང་བོན་གྱི་གཞིས་སྒར་བཏབ།། ༧ དུས་རབས་གསར་རྙིང་སྤྱི་ཚོགས་ཁྲོད་དུ་བཟོད་དཀའི་གོད་ཆགས་ཚབ་ཆེན་ཐེབས།། སྒོ་བཞི་མཛོད་ལྔའི་ཚེ་སྲོག་ལང་ཚོ་ཤི་མ་གསོན་དུ་གྱུར་བའི་སྐབས།། ཟས་གོས་གནས་མལ་མཐུན་རྐྱེན་དཀོན་ཡང་སྙིང་སྟོབས་སྤོབས་པ་མ་ཞུམ་པའི།། ཞང་བོད་མེས་པོའི་ཚེ་སྲོག་གསོ་བའི་འཚོ་བྱེད་ཉི་ཟླ་གཞོན་ནུ་གཉིས།། ༧ བསྟན་པའི་སྲོག་ཤིང་འདུལ་བ་ཡིན་པས་ཚངས་པར་སྤྱོད་པའི་འདུས་སྡེ་བཙུགས།། བསྟན་པའི་གསལ་བྱེད་འཆད་ཉན་ཡིན་པས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲིངས།། བསྟན་པའི་སྙིང་པོ་གསང་སྔགས་ཡིན་པས་སྒོམ་སྒྲུབ་བསྟན་པའི་གདུག་དཀར་ཕུབ།། མདོ་སྔགས་སེམས་གསུམ་བསྟན་པའི་མངའ་བདག་སྙིགས་དུས་རྒྱལ་བ་རྣམ་གཉིས་འདུད།། ༧ བཤད་སྒྲུབ་བསྟན་པའི་སོན་རྩ་བཙུགས་པས་བཤེས་གཉེན་བརྒྱ་ཕྲག་གྲངས་ལས་བརྒལ།། དྲུང་མུ་གྱེར་གྱི་གདང་དབྱངས་འགགས་མེད་ས་ཆེན་གོ་ལའི་ཁྱོན་འདིར་བསྒྲགས།། ལྷོ་རྒྱལ་འཛམ་གླིང་ཕྱོགས་འཚམས་གནས་པའི་སྐྱེ་རྒུའི་སེམས་ལ་ཞི་བདེ་བསྐྲུན།། གངས་ཅན་མགོན་པོ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་རྨད།། ༧ ཐུགས་ཉིད་ཞི་བའི་གཤིས་སུ་གྲུབ་པས་མཐོ་དམན་བར་གསུམ་འཛུམ་གྱིས་བསུས།། ཚངས་སྤྱོད་སེམས་དཔའི་སྤྱོད་པ་ཟབ་མོས་དད་ལྡན་དྭངས་བ་འདྲེན་པར་བྱས།། དགུང་ནས་ཤར་བའི་ཉི་ཟླ་གཉིས་ཀྱིས་འཛམ་གླིང་འོད་ཀྱི་བཀང་པ་བཞིན།། དོག་ལ་བབས་པའི་མཁན་སློབ་རྣམ་གཉིས་མུན་བཞི་གསལ་བའི་ཉི་ཟླ་ཡིན།། ༧ ཕ་ཆོས་རྙིང་པའི་དྲི་བསུང་འཐུལ་བའི་གཤེན་བསྟན་སྨན་རིའི་གླིང་ཆེན་ནས།། མངོན་པར་མཐོ་བའི་རིན་ཆེན་གཉིས་ཀྱི་ཁྲི་འཕང་བརྩེགས་པའི་ཡང་སྟེང་དུ།། བསམ་བཞིན་ཕེབས་པའི་གཡུང་དྲུང་བསྟན་པའི་རྒྱལ་མཚན་མངོན་པར་འཛུག་པ་པོ།། སྙིགས་མ་ལྔ་བདོའི་བསྐལ་ཁུག་གསོ་བའི་དུས་ཀྱི་སྟོན་པ་རྣམ་གཉིས་རྒྱལ།། ༧ འདི་ལྟར་བཀྲ་ཤིས་རྟགས་བརྒྱད་ཀྱི།། གྲངས་ཚང་སྒོ་གསུམ་གཙང་བརྗོད་འདི།། དཔོན་གསས་ཉི་ཟླ་ཟུང་འབྲེལ་གྱི།། སྐུ་ཚེ་བསྐལ་བརྒྱར་བརྟན་རྒྱུར་ཅིག། དགེ་མིང་པ་ལྷ་ལྡོང་ཚུལ་མི་ནས་༢༠༡༦/༤ པའི་སྐལ་བཟང་དགེ་བའི་དུས་དེར།

བཀའ་དྲིན་བརྗེད་ཐབས་མེད།

༧ མཁན་སློབ་རྣམ་གཉིས་མཛད་འཕྲིན་ཟུང་འབྲེལ་ནས།། སངས་རྒྱས་བསྟན་དང་འགྲོ་དྲུག་སེམས་ཅན་དོན།། སྐུ་ཚེ་ཧྲིལ་པོར་གཞན་ཕན་བྱ་བ་མཛད།། བསམ་བཞིན་བསམ་བཞིན་བཀའ་དྲིན་ལྷག་གིས་དྲན།། དྲིན་ཅན་མཁན་སློབ་ཞབས་པད་བརྟན་གྱུར་ཅིག། མཁན་ཟུར་ཉི་མ་དབང་རྒྱལ་ནས་ཕུལ་བའོ།། །།

བཀའ་དྲིན་དྲན་པའི་ཚིག་ཕྲེང་།

རྩོམ་པ་པོ། རིག་པའི་ཁུ་བྱུག

༧ དུས་གསུམ་སངས་རྒྱས་ངོ་བོ་གཅིག་བསྡུས་གར།། མཉམ་མེད་བླ་མའི་མདོ་སྔགས་བསྟན་པའི་བདག། སྙིགས་དུས་བསྟན་འགྲོའི་རྒུད་པ་སེལ་བའི་སྨན།། མཁན་སློབ་ཉི་ཟླའི་གཟི་འོད་རྟག་འབར་ཤོག། ༧ ཚངས་སྤྱོད་འདུལ་འཛིན་བྱེ་བའི་བྱིན་རླབས་འབར།།གསང་ཆེན་རིགས་འཛིན་སྟོང་གི་ནུས་མཐུ་རྫོགས།། འཕོ་ཆེན་འཇའ་ལུས་ཉེར་བཞིའི་ལྟ་དགོངས་ཟབ།། ཨེ་མ་ཡོངས་འཛིན་སྨྲ་དབང་རྟག་མཇལ་ཤོག། ༧ འདི་ལོར་བོན་འབངས་ཡོངས་ཀྱིས་དམ་པ་གང་།། བཀའ་དྲིན་དྲན་པའི་མཆོད་ཕྲེང་བསྟར་བའི་དུས།། ཐོས་ཆུང་བུ་སློབ་ང་ཡིས་རྗེས་དྲན་ཚུལ།། བླ་མའི་མཛད་རྣམ་ཅུང་ཙམ་གླེང་བར་བྱ།། ༧ ཆུང་ནས་སྒོ་གསུམ་བོན་ལ་གཏིང་དད་ཅིང་།། སྐུ་ན་ཅུང་ཙམ་ཆེ་རུ་མ་སོང་བར།། དཀའ་ཁག་དུ་མར་བརྒྱུད་ཀྱང་བོན་སྒོ་ཀུན།། ཐོས་བསམ་འཆད་ཉན་བརྩོན་པའི་སེམས་པ་དྲན།། ༧ ལྷག་པར་ཡོངས་འཛིན་ཚུལ་རྒྱན་དམ་པའི་དྲུང་།། གནམ་མཚོའི་དོ་རུ་ལོ་གྲངས་དུ་མ་ལ།། འཚོ་བ་བྱ་ཚུལ་ཉལ་ས་ནུབ་འཚོལ་སྐབས།། ཉལ་ཐུལ་རིལ་མ་བྱས་པའི་དཀའ་སྤྱད་དྲན།། ༧ ཐོབ་རྒྱལ་སྨན་རི་དགོན་དུ་ཡོངས་འཛིན་དྲུང་།། དབུ་ཚད་མདོ་སྔགས་རིག་པའི་གཞུང་ཆེན་ལ།། བརྩོན་པས་ངལ་ཀྱང་ཐུགས་སེམས་སྐྱིད་རབས་ཤིག། ཉིད་ཀྱིས་ཕྲན་ལ་གསུངས་པ་དེ་རིང་དྲན།། ༧ མཁན་ཆེན་བསྟན་པ་བློ་གྲོས་ཉི་མ་དབང་།། ཡོངས་འཛིན་སངས་རྒྱས་བསྟན་འཛིན་རྣམ་གསུམ་ནས།། དཔོན་སློབ་གསེར་ཁྲིར་གསོལ་ནས་ད་བར་དུ།། བསྟན་འགྲོར་མཛད་འཕྲིན་དཔག་མེད་སྐྱོང་བ་དྲན།། ༧ དུས་རླུང་ཐོག་ཆར་དྲག་པོ་འབེབ་གསེབ་ན།། དམར་བའི་སྐུ་སྲོག་ཤོར་ན་ཤོར་ཀྱང་རུང་།། མདོ་སྔགས་གཞུང་ཆེན་འགའ་དང་སྐུ་གདུང་སོགས།། བོར་གཏོར་མི་གཏོང་ཁུར་བའི་ལྷག་བསམ་དྲན།། ༧ མཐོན་པོའི་རྫ་ལྭར་ཞབས་རྗེས་གྲངས་ཀ་པར།། དམའ་མོའི་ཐང་ཆེན་རྐེད་པ་འཕྲད་དུ་བཅད།། གཙང་ཆེན་ཆུ་བོ་བརྒལ་བའི་སྙིང་ཁམས་ཅན།། ཉིད་དང་ཉིད་ཀྱི་གྲོགས་ཚོ་དེ་རིང་དྲན།། ༧ རུམ་ན་ནོར་དང་ཕྱག་ན་ཞལ་ཕོར་ཙམ།། མེད་ཀྱང་རང་གི་བསྟན་ལ་ལྷག་བསམ་གྱི།། མེ་དཔུང་གྱེན་དུ་སྤར་ཏེ་མི་ཡུལ་དུ།། སྲ་བརྟན་སྡེ་དགོན་འཛུགས་པའི་ལྷག་བསམ་དྲན།། ༧ རང་ཡུལ་ཤོར་ནས་མི་ཡུལ་གྱར་བའི་དུས།། རང་གི་བསྟན་དང་མི་ལ་ཐུབ་ཚོད་འགའ།། གཏོང་མཁན་རང་སྡེའི་ཇག་ཚོགས་སྐྱ་སེར་འགའ།། བཅུ་གསུམ་དཔུང་དང་སྦྲེལ་ཏེ་གཏོར་བ་དྲན།། ༧ བྱ་ཁྱུ་གླག་གིས་གཏོར་འདྲའི་བོན་འབངས་རྣམས།། སྐྱབས་མེད་མགོན་མེད་མི་ཡུལ་ལྷག་པའི་དུས།། སྐྱབས་དང་མགོན་པ་འཚོལ་ནས་ཉིན་མཚན་མང་།། ཁུར་རུ་ཁུར་ནས་ཞབས་ཐང་ཕེབས་པ་དྲན།། ༧ དམར་བའི་ནོར་ནི་ཡོད་ན་ཡོད་ཀྱང་ཆོག། མེད་ན་ངན་ངོན་འཚོ་བས་འགྲིག་པ་འདི།། སྙིང་ནས་འདོད་པ་ཟད་པའི་མངོན་རྟགས་སུ།། འགྲོ་བའི་སྣང་ངོར་སྟོན་པ་དེ་རིང་དྲན།། ༧ ཆེ་ས་མདོ་སྔགས་སེམས་གསུམ་མན་ཆོད་ནས།། ཆུང་ས་རྔ་དྷར་གཏོར་བཟོ་ཡན་ཆོད་དུ།། ཉིད་ཀྱིས་མཁྱེན་ཚད་བརྩེ་བས་གདམས་མཛད་པའི།། བོན་གྱི་ཕ་མ་ཁྱེད་ཀྱི་བཀའ་དྲིན་དྲན།། ༧ ཐོབ་གསར་སྨན་རི་དགོན་པ་གསར་དུ་བཏབ།། ཧིམ་ལའི་བོན་གཞིས་སྡེ་དགོན་གསར་དུ་བསྐྲུན།། འཆད་རྩོད་རྩོམ་པའི་འདུས་སྡེ་གསར་དུ་བཏབ།། སྡེ་དགོན་འཛུགས་པའི་སྙིང་སྟོབས་འཇོན་ནུས་དྲན།། ༧ བལ་བོད་ཁ་ཐག་ཧ་ཅང་ཉེ་དང་གཅིག། ལྷག་པར་གློ་དོལ་བོན་སྡེ་ཡིན་དང་གཉིས།། བལ་ཡུལ་བོན་སྡེ་འདུ་དགོན་མེད་དང་གསུམ།། དགོངས་ཏེ་ཁྲི་བརྟན་ནོར་རྩེ་བསྐྲུན་པ་དྲན།། ༧ གདན་ས་སྨན་རིའི་གླིང་དང་ཁྲི་བརྟན་ནོར།། འཆད་རྩོད་ཐོས་སྒོམ་རྩ་བ་རབ་ཚུགས་ཤིང་།། རྩེ་མོ་འཛམ་གླིང་ཕྱོགས་ཀུན་གཡོ་བ་འདི།། མཁན་སློབ་ཉི་ཟླ་ཟུང་གི་བཀའ་དྲིན་དྲན།། ༧ བསྟན་དང་འགྲོ་བ་ཀུན་གྱི་དོན་ཆེད་དུ།། མཁན་སློབ་ཉི་ཟླ་རྣམ་གཉིས་ལྷན་འཛོམས་ཏེ།། ཡང་ཡང་ཐུགས་གྲོས་མཛད་དེ་བསྟན་འགྲོའི་དོན།། ངལ་བ་ཆེ་ཡང་ལྷུར་དུ་ལེན་པ་དྲན།། ༧ མཇལ་ན་ཡིད་སེམས་སྤྲོ་བའི་བྱིན་བརླབས་ཡོད།། ཉན་ན་རང་རྒྱུད་ཁྲོལ་བའི་གདམས་ངག་ཡོད།། དད་ན་བར་ཆོད་སེལ་བའི་ནུས་མཐུ་ཡོད།། འཁོར་བ་སྒྲོལ་བའི་དེད་དཔོན་ངོ་མ་རེད།། ༧ དགའ་ན་དགའ་བའི་ཞལ་མོ་མཉམ་དུ་བགད།། སྐྱོ་ན་སྐྱོ་བའི་སྤྱན་ཆབ་མཉམ་དུ་བསིལ།། དེ་ལྟའི་ཕྱག་ཟུང་སྦྲེལ་བའི་མཛད་པ་ལ།། ངེད་ཅག་བོན་འབངས་ཡོངས་ཀྱིས་ཡང་ཡང་དྲན།། ༧ བརྗིད་པའི་སྐུ་ལས་ཚངས་དབྱངས་འབྲུག་སྒྲ་སྒྲོག། མཉམ་པའི་ཐུགས་ཀྱིས་འགྲོ་ཁམས་བུ་བཞིན་བསྐྱངས།། བོན་གྱི་སྟོན་པ་རྒྱལ་བ་སྨན་རི་བའི།། མཚན་དཔེ་གཟི་བྱིན་ཡང་ཡང་མཇལ་བར་སྨོན།། ༧ ཕྱོགས་བཅུའི་བདེར་གཤེགས་ས་བཅུའི་སེམས་དཔའ་དང་།། ཡི་དམ་རིག་འཛིན་མཁའ་འགྲོ་བོན་སྐྱོང་གིས།། བསྟན་འཛིན་སྐྱེས་ཆེན་མཁན་སློབ་རྣམ་གཉིས་ཀྱི།། གསང་གསུམ་ཉེར་འཚེ་མེད་པར་བསྲུང་དུ་གསོལ།། སྐྱབས་འོག་པ་རིག་པའི་ཁུ་བྱུག་གིས་༢༠༡༦ ་ ༤ ་༡༨ ་ཉིན་ལ་བཀའ་དྲིན་རྗེས་དྲན་དུ།

ཉི་ཟླ་ཟུང་གཅིག

རྩོམ་པ་པོ། ཁྱུང་མུ་ཝེར།

༧ ཉི་ཟླའི་ཉི་ཟླ་འོད་ཟེར་བྱེ་བས་མུན་པའི་ས་ཆེན་འོད་ཀྱིས་ཁྱབ།། རིག་པའི་རིག་པ་གནས་ལྔ་བཀྲལ་བས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེང་།། དགོངས་པའི་དགོངས་པ་གཅིག་ཆར་ཤར་བས་ཉམས་རྟོགས་ནོར་བུ་བྱིན་གཡང་འཁྱིལ།། གསང་གསུམ་གྱེར་གྱི་བསྟན་པའི་སྲོག་གི་མ་མ་མཁན་སློབ་ཉི་ཟླ་ཟུང་།། ༧ རིགས་དང་རུས་ཀྱི་ཆེ་བ་མ་བརྗོད་རང་གིས་རང་ཉིད་བཞེངས་བསྐྲུན་བྱས།། གཡོ་དང་རྒྱུ་ཡི་སྤྲེའུ་ལད་མ་འཁྲབ་བདེན་པའི་ལུང་གིས་ཁྲི་རུ་འཛེགས།། ལུང་རྟོགས་བོན་སྒོ་བརྒྱད་ཁྲིའི་ཆབ་རྒྱུན་སྐལ་ལྡན་འགྲོ་བའི་གསོས་སུ་དྲངས།། རྣམ་གསུམ་བསྟན་པའི་དབུགས་རྒྱུན་གསོ་བའི་བསྟན་འཛིན་མཁན་སློབ་ཉི་ཟླ་ཟུང་།། ༧ ཆས་གོས་བཟང་པོས་ཕྱི་ཚུལ་མ་མཛེས་ནང་སེམས་ཞི་བདེའི་ཕ་མཁར་བརྩེགས།། གཏམ་སྙན་ཞིག་གི་གྲགས་ཕྱིར་མ་འབྲང་དྲན་རིག་མཁན་པོའི་གཞི་རྩ་བཅད།། གོ་ས་ཞིག་གིས་ཐུགས་བློ་མ་ཚིམས་བློ་འདས་དགོངས་པ་འུབ་ཏུ་བསྡུས།། རྣམ་དག་འདུལ་བའི་བྱིན་རླབས་འཁྲས་ས་རྒྱལ་བའི་ཐུགས་སྲས་མཁན་སློབ་ཟུང་།། ༧ དུས་ཀྱི་ཉེར་འཚེ་གང་གི་མ་བཟོད་བསྟན་པའི་ཀ་ཆེན་གྱེན་ལ་བསླངས།། བསླབ་གསུམ་ལྡན་པའི་ཐུགས་སྲས་གྲངས་མེད་བསྟན་པའི་མགོན་དུ་ཕྱོགས་ཕྱོགས་བཀྱེ།། དགུང་གྲངས་བརྒྱ་ལ་ཕེབས་པར་ཉེ་ཡང་ཞལ་རས་ཉི་ཟླའི་དཀྱིལ་འཁོར་གསལ།། བཀའ་དྲིན་འདི་ཞེས་གླེང་མཐའ་བྲལ་བའི་སྐྱེ་འགྲོའི་ཕ་མ་མཁན་སློབ་ཟུང་།། ༧ རྫོགས་ལྡན་གསར་པའི་དགའ་སྟོན་བཤམས་པའི་བཀྲ་ཤིས་ཉིས་བརྩེགས་ཉིན་མོ་འདིར།། ལུས་ངག་དད་པའི་སྤུ་ལངས་གཡོ་བཞིན་བཀའ་དྲིན་སྙིང་ནས་ཡང་ཡང་དྲན།། དགའ་འབོད་ཀི་བསྭོ་མཁའ་ལ་སྒྲོག་བཞིན་སྐུ་ཕྱྭ་མི་འགྱུར་གཡུང་དྲུང་དབང་།། མི་འཇིགས་གདོང་ལྔའི་གསེར་གྱི་ཁྲི་ལ་བསྐལ་བའི་བར་དུ་རྟག་བརྟན་ཤོག། ཅེས་ངེས་པ་དོན་གྱི་བསྟན་འཛིན་སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་བསྟན་པའི་ཁུར་ཆེན་ཕྲག་ཏུ་བཞེས་ཏེ་མཛད་ཕྲིན་གླིང་ལྔའི་མཁའ་ལ་ཉི་ཟླ་བཞིན་དུ་གསལ་ཞིང་བཀའ་དྲིན་ཉི་ཟེར་བཞིན་དུ་སྤྲོས་ནས་བགྲང་བྱ་བརྒྱ་ཕྲག་ཕེབས་ལ་ཉེ་བའི་དགའ་འབོད་དུ་ཁྱུང་མུ་ཝེར་ནས་༢༠༡༦ལོའི་ཟླ༤པའི་ཚེས་༡༠ཉིན་ཕུལ།

སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན།

རྩོམ་པ་པོ་ལྷ་གཡག་དར་མ། ཁྱུང་པོ་སྟེང་ཆེན།

༧ བསྟན་པའི་མངའ་བདག་སྨན་རིའི་མཁན་ཆེན་མཆོག། ཉི་མ་ལྟ་བུ་རིས་མེད་ཀུན་གྱི་མགོན།། གང་ཉིད་ཕྱི་ནང་གསང་གསུམ་མཛད་འཕྲིན་དག། གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།། ༧ བསྟན་པ་རྙིང་ཤོས་གཡུང་དྲུང་བོན་གྱི་རྒྱན།། འཛིན་སྐྱོང་སྤེལ་མཁན་སྐྱེས་ཆེན་དམ་པ་རྗེ།། རྣམ་དཔྱོད་བློ་རིག་སུས་ཀྱང་འགྲན་ཟླ་བྲལ།། དག་པ་བཞི་ལྡན་ཡོངས་འཛིན་སྨྲ་བའི་སེང་།། ༧ དམ་པ་ཁྱེད་གཉིས་སྒང་པ་བོད་ཀྱི་སྙིང་།། སྒོས་སུ་གཡུང་དྲུང་བོན་གྱི་སྲོག་ཤིང་ཉིད།། སྐུ་ཁམས་བདེ་ཞིང་མཛད་འཕྲིན་ས་གསུམ་ཁྱབ།། ནུབ་མེད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག། ༧ དུས་ངན་རླུང་ནག་འཚུབ་མའི་བར་སེང་ནས།། རང་སྲོག་བློས་བཏང་བསྟན་དང་འགྲོ་བའི་དོན།། རིག་གཞུང་གསེར་ནག་འདྲ་བ་ཉར་ཚགས་གནང་།། དོན་གྱི་ལ་རྒྱ་བཟུང་མཁན་གངས་རིའི་བུ།། ༧ གཡག་ཞྭར་རྩྭ་ཟན་མང་པོའི་མིག་མདུན་ལ།། བདེན་པའི་མཐའ་བསལ་རང་ཚུགས་རི་རྒྱལ་བཞིན།། སྐད་དང་ལུགས་སྲོལ་མི་གཅིག་མི་ཡུལ་ནས།། བོན་བསྟན་མེ་རོ་སྦར་མཁན་ཁྱེད་གཉིས་བསྟོད།། ༧ དམ་པ་གཉིས་ཀྱིས་མཛད་རྗེས་བརྗོད་མི་ལང་།། བཀའ་དྲིན་རྗེས་དྲན་ཚུལ་གྱི་སྨོན་ཚིག་འདི།། ཡ་ཆུང་སེམས་ནས་ཕུལ་བའི་རེ་སྨོན་ཡིན།། ལྷད་མེད་དར་དཀར་ཞིག་གི་མཆོད་པ་ཡིན།། ༢༠༡༦         ༡༩ ཉིན།

ཤིས་སྨོན་བསྐལ་བཟང་དུས་ཀྱི་དགའ་སྟོན།

རྩོམ་པོ། བློ་གྲོས་འོད་གསལ།

༧ དམུ་ར་ཝེར་རོའི་ལྗགས་ཆབ་དྭངས་མ་བརྒྱད་ཁྲི་བཞི་སྟོང་བོན་སྒོ་འབུམ།། རིམ་པ་བཅུ་གསུམ་གནམ་ནས་བབས་པའི་གཉའ་ཁྲི་བཙན་པོའི་ཕ་ཆོས་ཡིན།། སེ་བོན་ཤ་རིའི་སོར་རྩེ་འཁྱུགས་པའི་ཁ་བ་བོད་ཀྱི་སྙིང་ནོར་ཡིན།། མེས་པོའི་ཆོས་རིག་བསྟན་པའི་མངའ་བདག་མཁན་སློབ་རྣམ་གཉིས་རྒྱལ་གྱུར་ཅིག། ༧ བོན་དང་བོན་ཅན་མཚན་མ་དག་པའི་དབྱིངས་ཀློང་འབར་བའི་གཞི་ཉིད་ནས།། རྒྱལ་དང་རྒྱལ་སྲས་མཁྱེན་བརྩེ་ཀུན་འདུས་ཡེ་ཤེས་ལྷ་ཡི་སྒྱུ་འཕྲུལ་གར།། ཤར་ནས་མི་ནུབ་མཁན་སློབ་ཉི་ཟླ་གཤེན་བསྟན་གསལ་བའི་འོད་པོ་ཆེ།། སྐལ་བཟང་སློབ་ཚོགས་བྱེ་བའི་བགོ་སྐལ་ལྔ་རིག་མཛེས་པའི་ཚལ་དུ་འཛུམ།། ༧ མ་རིག་སྨག་གི་ཞལ་ཁེབས་དབྱེ་བའི་ངེས་དོན་གསེར་གྱི་ཉི་མ་དང་།། སྡུག་བསྔལ་འཁོར་བའི་ཚ་གདུང་ཞི་མཛད་དཀར་གསལ་དུང་གི་ཟླ་བ་གཉིས།། གླིང་བཞི་དབུས་ལྔའི་འཛམ་གླིང་ཁྱིམ་ན་འོད་ཀྱིས་བཀང་བའི་མཛད་རྗེས་གསལ།། སྲིད་པའི་ཁམས་འདིར་སྲིད་པའི་ཉི་ཟླ་མཁན་སློབ་རྣམ་གཉིས་གླིང་བཞིའི་རྒྱན།། ༧ དུས་འགྱུར་དུག་གི་གློག་ཞགས་སྟུག་པོའི་བསྐལ་མེ་འབར་བའི་མདེའུ་ཁ་ནས།། སྒོ་བཞི་མཛོད་ལྔའི་གླེགས་བུམ་ཁྱེར་ཏེ་ལྷོ་ཕྱོགས་འཕགས་པའི་ཡུལ་དུ་ཆས།། གསང་གསུམ་བསྟན་པའི་གླེགས་ཐག་བཀྲོལ་ཏེ་རྒྱ་བལ་ཡུལ་དུ་སྒྲུབ་སྡེ་བཏབ།། མགོ་རིལ་བྱེ་བ་གཉིད་ལས་བསྐྲོགས་ཏེ་ཁྱེད་ཀྱི་མདུན་དུ་འཚང་ཁ་ཤིག། ༧ སྨྲ་བའི་དབང་པོའི་ཡེ་ཤེས་སྤྱན་གྱིས་བསྟན་པ་གཞག་པའི་གནས་གཟིགས་ཏེ།། འཕགས་པའི་ཡུལ་དུ་བོན་འབངས་བརྒྱ་ཕྲག་བརྩེ་ཆེན་ཐུགས་རྗེས་ཕྱོགས་སུ་བསྡུ།། ནགས་ཀླུང་འཁྲིགས་པའི་ཌོ་ལན་ཇི་ལ་བོན་གྱི་གྲོང་ཁྱེར་གསར་དུ་བསྐྲུན།། གཤེན་བསྟན་མི་ནུབ་སྲོག་གི་ཀ་ཆེན་སྲ་བརྟན་འབར་བའི་བྲག་ལ་བཏབ།། ༧ གྱེར་འབངས་ཡོངས་ཀྱི་གཏན་གྱི་སྐྱབས་གཅིག་ཞྭ་དཀར་བསྟན་པའི་གཙུག་རྒྱན་དུ།། གདན་ས་གོང་འོག་མཁན་སློབ་རྣམ་པས་བོན་སྐྱོང་སྲུང་མ་གྲོགས་བསྐུལ་ཏེ།། སྨན་རིའི་ཁྲི་འཛིན་སོ་གསུམ་པ་སྟེ་ལུང་རྟོགས་བསྟན་པའི་ཉི་མ་ཞེས།། རྒྱལ་བ་གཉིས་པའི་གསེར་གྱི་ཁྲི་ལ་སྡེ་དྲུག་དམ་ཅན་རྒྱ་མཚོས་བཏེགས།། ༧ རྒྱལ་གཤེན་བསྟན་པའི་ཐུགས་འགན་མ་ལུས་མཁན་ཆེན་མཆོག་གི་ཕྲག་ཏུ་བཞེས།། མདོ་དང་སྔགས་སེམས་འཆད་ཁྲིད་ཟབ་མོ་སྨྲ་བའི་དབང་པོའི་ལྗགས་ལས་གྲོལ།། ཐབས་ཤེས་དབྱེར་མེད་མཐུ་ལས་བརྡོལ་བའི་མཁས་གྲུབ་ནམ་མཁའི་སྐར་ཚོགས་བཞིན།། གསང་རྒྱུད་ཐེག་པའི་མངའ་བདག་ཁྱེད་གཉིས་སྲིད་པའི་ཉི་ཟླ་ཆ་འགྲིགས་ཡིན།། ༧ ཞང་བོད་མེས་པོའི་མཛད་རྗེས་རི་མོ་ཨ་གསར་རླུང་གིས་བསུབས་པའི་སྟེང་།། ཁ་དོག་མི་མཐུན་ཞྭ་མདོག་རྩོད་དེ་བཙན་ཤུགས་རྡོག་བརྫིས་ཐེབས་པའི་དུས།། སྲིད་པ་བོན་གྱི་ཁ་དོག་མ་ཉམས་གློ་དང་དོལ་པོའི་ཕ་ནོར་ཏེ།། གཤེན་གྱི་གླེགས་རུལ་འཕྲུལ་དཔར་དྲངས་ཏེ་རྒྱལ་གཤེན་བསྟན་པའི་མེ་རོ་བསླངས།། ༧ ཁྱེད་གཉིས་གསལ་བའི་ཉི་མ་ཡིན་གྱི་ཁྱེད་གཉིས་སྨྲ་བའི་ཟླ་བ་ཡིན།། ཁྱེད་གཉིས་མཁའ་ནས་མཁའ་རུ་གཤེགས་ཏེ་གནམ་འཕང་གཤགས་པའི་ཁྱུང་ཆེན་ཡིན།། ཁྱེད་གཉིས་གཤེན་བསྟན་ཕྱི་གླིང་སྤེལ་བའི་ཤིང་རྟའི་སྲོལ་འབྱེད་ངོ་མ་ཡིན།། ཁྱེད་གཉིས་ཟླུམ་གཟུགས་གོ་ལའི་ཁྱིམ་ན་མཚན་སྙན་རྣ་བའི་བདུད་རྩི་ཡིན།། ༧ འདོད་འཇོ་ངག་གི་རོལ་རྩེད་གཞོན་ནུ་བརྟན་བཞུགས་མཆོད་པའི་མཎྜལ་ཡིན།། གོང་སྐུ་མཚན་དཔེ་ཉི་ཟླའི་དཀྱིལ་འཁོར་བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས།། དམར་ཆུང་སྙིང་གི་སྲུབས་ནས་བརྡོལ་པའི་ངག་རིག་དྲི་མེད་ཁ་ཏགས་ཡིན།། འཕྲིན་ལས་རྣམ་བཞིའི་དབྱར་གྱི་ལང་ཚོ་མུ་ནས་མུ་རུ་འཕེལ་བ་སྨོན།། ཞེས་མཚུངས་མེད་ཡོན་ཏན་འབུམ་གྱི་མཛོད་འཛིན ༧ སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་གསང་གསུམ་གྱི་ཆེ་བའི་མཛད་འཕྲིན་རང་ཅག་འགྲོ་བ་ཡོངས་ཀྱི་བདེ་སྐྱིད་ཀྱི་གཞི་རྩ་གྱུར་ཞིང་ཁྱད་པར་དུ་མེས་པོའི་ཆོས་རིག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དགུང་གྲངས་བརྒྱད་ཅུ་ནས་དགུ་བཅུའི་བར་བརྒལ་བའི་བསྐལ་བཟང་གི་དུས་ཚིག་འདིར་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་རྒྱ་ཆེའི་བོན་འབངས་ཡོངས་དང་བརྟན་བཞུགས་གོ་སྒྲིག་ཚོགས་པ་དང་མཉམ་འབྲེལ་གྱིས་མནྜལ་རྒྱས་འབུལ་དང་སྐུ་ཚེ་ཞབས་རིམ་སྒྲུབ་པའི་ལས་རིམ་དང་སྟབས་བསྟུན་ཏེ་གཡུང་དྲུང་བོན་གྱི་ཆེས་མཐའི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ལི་ཐང་བློ་གྲོས་འོད་གསལ་གྱིས་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེའི་རང་ཤག་རིག་པའི་ལྡིང་ཁང་ནས་བཏེགས། སྤྱི་ལོ་༢༠༡༦//༢༦/ཉིན།

སེམས་ཀྱི་ཉི་ཟླ་རྣམ་གཉིས།

རྩོམ་པ་པོ། གཤོག་པ།

༧ དམར་སེར་མཚམས་སྤྲིན་དབུས་ནས།། མཚན་དཔེའི་གཟི་མདངས་རྒྱས་ཤིང་།། མུན་པའི་སྨག་རུམ་སེལ་བའི།། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༧ ཐུགས་ཉིད་ཞི་བའི་དབྱིངས་ནས།། འགྲོ་ཀུན་བརྩེ་བས་གཟིགས་ཤིང་།། གསུང་དབྱངས་བདུད་རྩི་འཇོ་བའི།། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༧ སྐུ་སྲོག་འབེན་དུ་བཙུག་ནས།། བསྟན་དོན་ཐུགས་ལ་འཆང་བཞིན།། རྒྱང་རིང་ས་མཐའ་བསྐྱོད་པའི།། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༧ དུས་ཀྱི་ཉན་འཕྲང་བརྒལ་ནས།། དགུན་གྱི་འཁྱག་རུམ་ཁྲོད་དུ།། གཤེན་བསྟན་མེ་རོ་སྤར་བའི།། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༧ དུས་འགྱུར་རླུང་ནག་ཁྲོད་ནས།། བོན་བསྟན་ཁྱེར་གྱིས་དོགས་ཏེ།། ཐབས་ཤེས་ཕྱག་གིས་འཇུས་པའི།། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༧ རྒྱལ་བསྟན་འཕྲག་ཏུ་ཁུར་ནས།། བསླབ་གསུམ་གསེར་གྱི་འཁོར་ལོ།། གོ་ལའི་ཁྱོན་དུ་བསྐོར་བའི། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༧ དཀའ་བ་དང་དུ་བླང་ནས།། རྒྱལ་གཤེན་བསྟན་པའི་དར་ཆེན།། ནུབ་མེད་མཁའ་རུ་བསྒྲེངས་པའི།། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༧ གངས་ཀྱིས་ཕ་རོལ་ཞིག་ནས།། ཚད་གསུམ་དབྱར་གྱི་རྔ་སྒྲས།། ཕ་རོལ་ལོག་སྨྲ་བརྒྱལ་བའི།། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༧ ལུང་རིགས་གཤོག་ཟུང་བརྐྱངས་ནས།། ཤེས་བྱའི་གནམ་འཕང་གཅོད་ཅིང་།། རིམ་དགུ་ཐོད་ཀྱིས་བརྒལ་བའི།། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༧ མི་མངོན་ནམ་མཁའི་དབྱིངས་ནས།། དམ་ཅན་ལྷ་དང་སྲུང་མས།། སྡོང་གྲོགས་རྒྱ་ཆེ་གནང་བའི།། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༧ ལག་གཉིས་ཐལ་མོ་སྦྱར་ནས།། ཡིད་རངས་མཆོད་ཚིག་མེ་ཏོག། འདུན་པའི་སྤྲིན་ཚོགས་སྟེགས་ས།། མཁན་སློབ་ཉི་ཟླ་ཟུང་འབྲེལ།། སྐུ་ཚེ་ཁྲི་ལོ་བརྟན་ཤོག། ༢༠༡༦::

࿐འོད་ཀྱིས་བགྲེས་པའི་ཉི་ཟླར་ཕུལ་བ།

རྩོམ་པ་པོ། ཚུལ་ཁྲིམས་དྲི་མེད།

༧ རང་རིག་རྒྱལ་པོའི་དགོངས་པ་ཀློང་ན་གྲོལ།། སྣང་སྲིད་འཆིང་རྒྱའི་རྟོག་པ་རང་སར་ཞིག། འཁོར་བའི་གྲོང་དུ་སྙིང་རྗེའི་གཟུགས་སུ་འཁྲུངས།། རྣམ་པར་འདྲེན་པ་དུས་ཀྱི་སྟོན་གཉིས་བསྔགས།། ༧ ལྟ་བའི་དབྱིངས་ཉིད་བསྐལ་པའི་ནམ་མཁར་འདྲེས།། སྤྱོད་པའི་བྱིན་རླབས་སྲིད་པའི་ས་གཞིར་བདལ།། དུས་ཀྱི་མུན་མཐར་གསལ་བའི་སྒྲོན་མེ་ཞིག། ཞྭ་དཀར་བ་ཡི་མཁན་སློབ་ཉི་ཟླ་ཟུང་།། ༧ ཐོག་མའི་བོན་སྒོ་སྲིད་གཤེན་ཟུང་འཇུག་གིས།། སྲོལ་དུ་ཕྱེས་པ་ཐབས་དང་ཤེས་རབ་ཚུལ།། རྟེན་འབྲེལ་དེ་ཡིས་མཁན་སློབ་ཉི་ཟླ་གཉིས།། ཟུང་དུ་འབྲེལ་བས་རྒྱལ་བསྟན་སླར་ཡང་དར།། ༧ གཤེན་བསྟན་གདུགས་དཀར་སྲིད་པའི་ཁྱོན་དུ་བསྒྲེངས།། བཤད་དང་སྒྲུབ་པའི་འཁོར་ལོ་གླིང་བཞིར་བསྐོར།། བོན་གྱི་སྒོ་མོར་འཇུག་པའི་ལམ་ཡངས་ཕྱེས།། སྨན་རིའི་མཁན་སློབ་དོན་གྱི་ཉི་ཟླར་གྱུར།། ༧ དྲི་མས་བསླད་པའི་ཚུལ་འཆོས་གཟུགས་ཙམ་མིན།། ཚུལ་དང་ཁྲིམས་ཀྱིས་རྣམ་པར་གཏིང་ནས་དག། འཁོར་བའི་འདམ་འདིར་དྲི་མེད་དཀར་གཙང་གིས།། རྣམ་པར་བཞད་པའི་མེ་ཏོག་ཆ་གཅིག་ཡིན།། ༧ ཡངས་པའི་སྤྱན་རྒྱའི་མཁྱེན་བརྩེའི་གཏེར་ཆེན་གྱིས།། འཁོར་དང་སློབ་མ་བརྒྱ་ཕྲག་ལམ་ཁྲིད་ནས།། གཤེན་བསྟན་གྱེར་གྱི་སྒོ་ཆེན་རྔམས་སུ་ཕྱེས།། ཁྱེད་ཟུང་བོན་གྱི་དཔྲལ་བའི་མིག་འབུར་གཉིས།། ༧ དུས་ཀྱི་གཉན་འཕྲང་སྐུ་སྲོག་ཕྲ་མོས་བརྒལ།། བསྟན་འགྲོའི་དོན་གྱི་ཁུར་ཆེན་འཕྲག་ཏུ་བཏེག། ཐུགས་སྟོབས་ཅན་གྱི་རྒྱལ་བའི་སྲས་པོ་སྟེ།། ཁྱེད་ཟུང་གཤེན་གྱི་སྤྲུལ་པའི་གྱད་ཆེན་གཉིས།། ༧ བཤད་སྒྲུབ་སྲོག་གིས་དཔལ་གྱི་གདན་ས་བཟུང་།། བཤེས་གཉེན་བརྒྱ་ཕྲག་ཕྱོགས་དང་ཕྱོགས་བཀྱེས་པས།། བོན་གྱི་བསྟན་པ་ཀུན་ཏུ་ཁྱབ་ཅིང་བདལ།། མཁན་སློབ་ཟུང་ཁྱེད་བོན་གྱི་ཀ་ཆེན་གཉིས།། ༧ ཕྱི་ནང་གསང་བའི་དབང་ལུང་མན་ངག་གི། ཚན་ཁ་འབར་བའི་བྱིན་རླབས་གོང་མའི་འཕྲོ།། ཉམས་པ་མེད་པར་རྒྱུད་གསུམ་གཅིག་དྲིལ་བ།། མཁན་སློབ་མཆོག་གཉིས་འོད་ཀྱི་ཉག་ཐག་ཟུང་།། ༧ རྔུལ་ཆུ་རེ་རེ་བསྟན་འགྲོའི་དོན་དུ་ཟགས།། གཉེར་འཕྲེང་རེ་རེ་བསྟན་འགྲོའི་དོན་གྱིས་བརྩེགས།། སྐྲ་དཀར་རེ་རེ་བསྟན་འགྲོའི་དོན་ཕྱིར་སྤུངས།། ཉི་ཟླ་ཟུང་ཁྱེད་འོད་ཀྱིས་ཁོ་ནར་བགྲེས།། ༧ རྩེ་གཅིག་དད་པས་མཇལ་བའི་བདག་སེམས་ངོས།། ཡིད་ཀྱི་གདུང་ཤུགས་དྲག་པོའི་བར་གསེང་འདིར།། དོན་གྱི་གཟི་བྱིན་འབར་བའི་ཁྱེད་སྐུ་ཟུང་།། དྲོད་ཀྱིས་འཕར་བའི་ཁོག་གི་གློ་སྙིང་གཉིས།། ༧ བཀའ་དྲིན་རྗེས་སུ་དྲན་པའི་མཆོད་ཚིག་འདི།། བདག་གི་ཡིད་ཀྱི་དད་དམ་གཙང་མ་ཡིས།། བརྟན་བཞུགས་མཎྜལ་ཞིག་གི་དོད་དུ་འབུལ།། གང་གི་ཐུགས་ཉིད་དགྱེས་པའི་མཆོད་སྤྲིན་ཤོག། ༧ དེ་ཡིས་གང་སྐུ་ཉི་ཟླའི་འཁོར་ལོ་ཟུང་།། མི་འགྱུར་གཡུང་དྲུང་ཁྲི་ལ་ཞབས་བརྟན་ནས།། གསང་གསུམ་མི་ཟད་མཛད་འཕྲིན་སྣང་བའི་མཐའ།། མི་མཇེད་འཇིག་རྟེན་ཀུན་ཏུ་ཁྱབ་བདལ་ཤོག། ཅེས་དུས་རབས་འདིའི་ནང་ཞྭ་དཀར་བོན་གྱི་བསྟན་པ་ལ་བཀའ་དྲིན་བླ་ན་མ་མཆིས་པའི་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམས་གཉིས་ལ་རང་ཅག་གཞིས་བྱེས་བོན་འབངས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བརྟན་བཞུགས་མཎྜལ་རྒྱས་འབུལ་གྱི་སྐལ་པ་བཟང་པོ་འདི་དང་བསྟུན། གང་གི་སྐྱབས་འོག་པ་བདག་རང་གིས་ཀྱང་བསོད་ནམས་ཀྱི་དགེ་ཚོགས་རླབས་ཆེན་ཞིག་ཏུ་དམིགས་ཏེ་སངས་རྒྱས་ཞབས་ཀྱིས་བཅག་པའི་གནས་ཁྱད་པར་ཅན་འཕག་ཤིང་རི་བོའི་ཉེ་འདབས། བོན་གྱི་གདན་ས་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་དད་པའི་གདུང་ཤུགས་དྲག་པོའི་ཐལ་མོ་སྙིང་ཁར་སྦྱར་ཏེ་ཕུལ་བ་འོ།། །།

བསྟོད་ཚིག་པད་དཀར་ཆུན་པོ།

རྩོམ་པ་པོ། ཁྲོམ་གངས་སད།

༧ སྐུ་མཚན་བསླབ་གསུམ་པད་མོའི་འཛུམ་རྒྱ་གྲོལ།། གསུང་དབྱངས་ལེགས་བཤད་མན་ངག་འབུམ་གྱིས་རྒྱན།། ཐུགས་ཉིད་ཟབ་དོན་རིམ་དགུའི་བཅུད་ཀྱིས་གཏམ།། དཀྱིལ་འཁོར་རིགས་བརྒྱའི་བདག་ཉིད་བླ་མ་ཀྱེ།། ༧ གངས་དཀར་ཏི་སེའི་བགྲང་བྱ་དོ་མཉམ་པའི།། མེས་པོའི་ཟུངས་ཁྲག་གཤེན་རབ་རིག་གཞུང་འདི།། མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་འམ།། འཛིན་སྐྱོང་སྤེལ་བའི་བྱེད་པོ་རྣམ་གཉིས་དྲན།། ༧ ལྔ་སྙིགས་དུག་རླུང་གྱེན་དུ་འཕྱུར་བའི་ཁྲོད།། རྒྱལ་བསྟན་དབུག་གི་རྒྱུ་བ་འཆད་ཉེ་སྐབས།། སྐུ་སྲོག་འཕང་མེད་བསྟན་པའི་དམུ་ཐག་འཛིན།། རྒྱལ་བའི་གདུང་ཚབ་རྣམ་གཉིས་སྐྱེས་འགྲོའི་མགོན།། ༧ ངུར་སྨྲིག་རྒྱ་མཚན་དུས་འགྱུར་གསེང་དུ་ཡིབ།། འདུལ་བསྟན་པད་མོའི་ས་བོན་བརླགས་ལ་ཁད།། རྨ་མེད་བསླབ་གསུམ་སྙུག་གུའི་གཞི་རྐང་འཛིན།། འགྲན་བྲལ་སྐྱེས་མཆོག་རྣམ་གཉིས་བསྟན་པའི་རྒྱན།། ༧ ཡེ་ཁྱབ་ཐུགས་ཉིད་ཡངས་པའི་ལྡིང་ཁང་དུ།། གཞན་ཕན་སྣང་བ་དཀར་པོ་མ་གཟིམས་པས།། ཟབ་ཡངས་མཁྱེན་བརྩེ་གཡོ་བའི་འོད་རླབས་ཀྱིས།། སློབ་ཚོགས་ཁྲི་མ་འབུམ་གྱི་རྨོངས་མུན་བསལ།། ༧ ཉོན་མོངས་ཟུག་རྔུས་མནར་བའི་ཉམ་ཐག་ལ།། ནད་ཐོག་སྨན་སྦྱོར་བཀའ་འཁོར་བོན་སྦྱིན་བསྩལ།། ནུས་མེད་འགྲོ་བ་ཀུན་གྱི་འདོད་བློ་བསྐང་།། སེམས་དཔའི་མཛད་རྣམ་མངོན་གྱུར་རྗེན་པར་བསྟན།། ༧ གཉན་འཕྲང་དུས་ཀྱི་འཕོ་འགྱུར་རྒོད་ཀྱང་རུང་།། རྒྱལ་བསྟན་ཉི་གཞོན་ནུབ་ཏུ་མ་ཡིབ་པར།། གདུལ་བྱའི་བསོད་ནམས་མཁའ་རུ་བཞད་པ་འདི།། རྒྱལ་སྲས་ཟུང་གིས་སྐྱོང་བའི་མཛད་ཕྲིན་དངོས།། ༧ འཛམ་གླིང་ས་སྒངརིལ་མོའི་ཕྱེད་ཆ་རེར།། རླབས་ཆེན་མཛད་བཟང་འཁོར་ལོ་གསུམ་གྱིས་བཀང་།། མཁས་བཙུན་བཟང་པོའི་གྲགས་དཀར་ཕྱོགས་མཐར་ལྡིར།། སྨན་རིའི་བསྟན་བདག་རྣམ་གཉིས་ནམ་ཡང་རྒྱལ།། ༧ བླ་མའི་ཡོན་ཏན་མཐའ་མེད་ཡངས་པའི་ཀློང་།། བདག་བློ་བྱིའུ་ཆུང་འདབ་མས་གཞལ་མིན་ཡང་།། མི་ཕྱེད་དད་པ་གསོན་པོས་རྐྱེན་བསྐུལ་ནས།། བསྟོད་ཚིག་པད་དཀར་ཆུད་པོ་འདི་ན་བཞད།། ༧ གོང་སྐུ་མཉམ་མེད་བསྟན་པའི་མཛེས་རྒྱན་དུ།། བརྒྱ་ཕྲག་ལོ་ཡིས་བསུ་བའི་སྐལ་བཟང་ཞིག། ཤར་བའི་དགའ་སྤྲོ་འབུམ་གྱི་འགྱུར་ཁུག་འདི།། ལྷ་རྫས་དྲི་མེད་ཅིག་གི་ཚབ་དུ་ཕུལ།། ༧ འོ་ཅག་སྐྱེས་དགུ་དཔལ་ཡོན་མཁན་སློབ་ཟུང་།། མ་འོང་བསྟན་དང་འགྲོ་བའི་མཛེས་རྒྱན་དུ།། མི་འགྱུར་གཡུང་དྲུང་ཁྲི་རུ་གཏན་བཞུགས་ནས།། མཛད་ཕྲིན་སྣང་བས་མཁའ་མཐར་ཁྱབ་པར་སྨོན།།   

  ཉེར་གཅིག་སྲིད་པའི་སྒྲོན་མེ༎

རྩོམ་པ་པོ་ཁྲོམ་མེ་ལྷ། ཁྲོམ་ཚང་དགོན།

༧ བསྐལ་སྟོང་སངས་རྒྱས་རྩ་ལྔའི་བྱིན་མཐུ་ལས༎ ལོ་རབས་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན༎ མཁས་མང་འདུས་པ་རྒྱ་མཚོའི་བདལ་བའི་གནས༎ ཨེ་མ་དཔ༵ལ་ལྡན་སྨན༵་གྱི་རི་བོ༵་སྟོད༎ ༧ མཉམ༵་མེད་མཁས་པའི་དབང་པོ་འགྲོ་བའི་མགོན༎ ཤེས༵་རབ་རིག་པའི་རྒྱལ་པོ་འཛམ་གླིང་རྒྱན༎ རྒྱལ༵་མཚན་བསྟན་པའི་དར་ཆེན་མཁའ་རུ་བསྒྲེངས༎ ཀུན་མཁྱེན་རྒྱལ་བ་གཉིས་པ་ཨེ་མ་རྨད༎ ༧ ལུང༵་རིག་ཚ་ཟེར་རྒྱས་པའི་སྐྱེད་ཚལ་ནས༎ རྟོགས༵་བྲལ་པད་མ་དཀར་པོའི་ལོ་འདབ་རྒྱས༎ བསྟན༵་པའི་ས་ཞིང་བཟང་པོ་ལྷོ་གླིང་འདིར༎ ཉི་༵མའི་འོད་ཀྱིས་འགྲོ་དྲུག་དྲོད་སྐྱིད་བསྐྲུན༎ ༧ ཡོངས༵་པའི་ཨ་སྔོན་བོན་གྱི་དབྱིངས་ཀློང་ན༎ འཛིན༵་སྐྱོང་སྤེལ་གསུམ་ཉི་ཟླའི་འོད་ཟེར་འཕྲོད༎ བསྟན༵་འཛིན་བུ་སློབ་བཤད་སྒྲུབ་འདུས་པའི་སྡེ༎ རྣམ༵་དག་ཐར་ལམ་སྟོན་བྱེད་སྐྱེས་མཆོག་བ༎ ༧ ཉེར་གཅིག་དུས་ཀྱི་སྟོན་པ་དངོས་བྱོན་བ༎ རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་༎ ཁྱེད་ཉིད་ཞབས་པད་བསྐལ་རྒྱལ་བརྟན་པ་དང་༎ མཛད་འཕྲིན་མུ་མཐའ་མེད་པའི་རེ་སྨོན་འདེབས༎ ཅེས་གངས་ཅན་འགྲོ་བའི་མགོན་པོ་སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་སྐུ་ཚེ་གེགས་མེད་ལྷུན་གྱི་གྲུབ་པ་དང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་པོར་གནས་པའི་གསོལ་འདེབས་འདི།  མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་ཁྲོམ་མེ་ལྷ་ནས་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་དུ་སྦྱར་བའོ༎

སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན།

རྩོམ་པ་པོ། སུམ་པའི་གཤང་ལྕེ།

༧ ཉི་གཞོན་སེར་པོས་སྤྲིན་པ་ནག་པོའི་ཨི་ཁུང་ཕུག། ཟླ་བ་དཀར་པོས་སྨག་རུམ་འཐུག་པོ་ཕ་མཐར་བསྐྲད།། སྐར་ཚོགས་ཁྲ་མོས་དགུང་སྔོན་དབྱིངས་ནས་འཛུམ་ཞལ་ངོམས།། སེམས་ཀྱི་ཉི་ཟླ་འགྲོ་བ་གསོ་བའི་སྨན་མཆོག་ཡིན།། ༧ དུས་ཀྱི་སྙིགས་མ་མར་འགྲིབ་བསྐལ་བའི་སྒྲོན་མེ་ཆ།། བསྟན་པའི་མཆོག་གྱུར་བོན་སྒོ་འབྱེད་པའི་ལྡེ་མིག་ཟུང་།། གཤེན་གྱི་བསྟན་པ་གྱེན་དུ་སློང་བའི་ཀ་ཆེན་གཉིས།། གོ་ལའི་ལྗོངས་སུ་བརྟན་དུ་བཞུགས་རོགས་རེ་འབོད་ཡིན།། ༧ སངས་རྒྱས་བསྟན་པའི་གཞི་རྩ་འཛིན་པའི་ཡབ་ཆེན་གཉིས།། གནའ་དེང་ཤེས་རིག་འབུམ་གྱིས་ཕྱུག་པའི་བང་མཛོད་ཡིན།། འགྲོ་བའི་བདེ་སྡུག་རྟག་ཏུ་གཟིགས་པའི་སངས་རྒྱས་གཉིས།། སྲ་བརྟན་བྲག་བཞིན་ད་དུང་བཞུགས་རོགས་རེ་འབོད་ཡིན།། ༧ གཤེན་བསྟན་པད་མོའི་ཚལ་ཆེན་རྒྱས་བྱེད་བདུད་རྩིའི་གཏེར།། འགྲོ་བའི་སྡུག་བསྔལ་ཐུགས་ཀྱིས་སེལ་བའི་འཕྲུལ་བོ་ཆེ།། སྒོ་མཛོད་ཐེག་དགུའི་དེ་ཉིད་སྤུངས་པའི་བོན་གྱི་མཛོད།། རྣམ་གཉིས་མ་ཕེབས་སླར་ཡང་བདག་ཅག་མགོན་དུ་བཞུགས།། ༧ གོང་གི་ལྷ་དང་བླ་མས་སྤྲོ་དགའི་མེ་ཏོག་འཐོར་དང་ལྷན།། འོག་གི་འབངས་མིས་དད་གུས་མོས་པས་སྐྱབས་སུ་ཞུ།། གངས་དཀར་བཞིན་དུ་རྣམ་གཉིས་མི་འགྱུར་ལྷུན་པོའི་སྐུ།། བདག་སོགས་འགྲོ་བའི་མགོན་དུ་བསྐལ་བརྒྱར་བཞུགས་གསོལ་འདེབས།།      

༧སྨན་རིའི་མཁན་རིན་པོ་ཆེ་ལ་བསྟོད་པ་དབྱངས་གསལ་གྱི་མཆོད་པ།

རྩོམ་པ་པོ། སེ་ཁོ་བསྟན་འཛིན་ནོར་བུ།

༧ རྒྱལ་ཀུན་ཐུགས་གསང་ལྷ་ཡི་རྫིང་རིང་ལས།། ལུང༵་རྟོགས༵་བསྟན༵་པའི༵་ཉི༵་འོད་ཟབ་པོ་ཆེ།། ཤེས་བྱའི་ཚལ་རྣམས་ཝ་ལེར་བཞད་ཕྱིར་དུ།། ཨེ་མ༵་མཁྱེན་བརྩེ་གཅིག་བསྡུས་རྗེ་ལ་བསྔགས།། གསལ་བྱེད་མིང་གཞིར་ཚངས་སོ།། ༧ གངས་ཅན་ཤར་ནས་བཞད་པར་མཛད་པ་གང་།། བསྟན་ལ་བསམ་ནས་གཞན་ལ་གནས་པར་མཛད།། སྐལ་ལྡན་རྣམས་ལ་ཟབ་རྒྱས་གནང་བར་མཛད།། གང་དག་མཛད་བཟང་དག་ལས་ལྷག་པར་གང་།། ༧ བསན་དང་བསམ་པ་གཞན་ལས་ཁྱད་པར་འཕགས།། ཉམས་དང་རྟག་མཚན་ས་དང་ལམ་ལ་གནས།། དག་དང་མ་དག་སྣང་བ་ཤར་ཚད་རྣམས། ཟབ་གསལ་ངང་ལ་མཉམ་པར་བཞག་པ་མཛད།། ༧ ཉིད་ཀྱི་མཛད་པའི་ཕྲིན་ལས་ཉི་མའི་སྙིང་།། བསྟན་པའི་པད་ཚལ་འདི་ཉིད་བཞད་ཕྱིར་དང་།། ཉམས་པའི་གྲིབ་མ་འདི་ཉིད་བསལ་བའི་ཕྱིར་།། བསྟན་འཛིན་དམ་པའི་རང་བཞིན་འདི་ལྷག་ཅི།། ༧ བརྟུལ་ཤུགས་སྤངས་ནས་བསླབ་གསུམ་ཚུལ་མཐུན་མཛད།། གདུལ་བྱ་ཀུན་ལ་རང་མཐུན་མཛད་བཟང་སྤྲུལ།། ལས་དུས་རྒུད་པ་ཀུན་ལ་གང་འདུལ་དུ།། ལུགས་མཐུན་གདུལ་བྱ་འདུལ་བར་རྨད་དུ་བྱུང་།། ༧ ལྷད་མེད་བྱམས་བརྩེ་གཤེན་བསྟན་གསལ་བྱེད་རྗེ།། རྩལ་མེད་ཤེས་རབ་བདེ་གཤེགས་སྲས་ཆེན་རྗེ།། འགགས་མེད་སེམས་ཅན་བདེ་ཆེན་ལམ་འདྲེན་རྗེ།། མཉམ་མེད་རྗེ་དང་བླ་མེད་མཛད་པ་མཉམ།། ༧ གང་ལ་རྟོགས་པ་བརྗོད་པར་ཚངས་སྲས་ཀྱང་། འཕྱོང་མོར་སོང་ན་ཁོ་བོས་ག་ལ་སྨྲོས།། འོན་ཀྱང་བློ་གྲོས་ཡོལ་གོར་ཤོང་ཚོད་ཙམ།། དབྱངས་གསལ་ལམ་ནས་མཆོད་ཡོན་ལྟར་སྤྲོས་སོ།། ༧ གང་གི་མི་ཟད་ཕྲིན་ལས་རྣམ་བཞི་ཡིས།། དུས་ཀུན་བདུད་རྣམས་ཀུན་ལས་རྒྱལ་གྱུར་ནས།། སྐྱེ་མེད་བདེ་ཆེན་ངང་ལ་རབ་གནས་སྟེ།། འགྲོ་རྣམས་འཁོར་མཚོ་སྒྲོལ་ལ་དཔའ་བར་མཛོད།། ༧ སྨན་རིའི་མཁན་རབས་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་བསྟོད་པ་དབྱངས་གསལ་གྱི་མཆོད་པ་ཞེས་བྱ་བ་སེ་ཁོ་བསྟན་འཛིན་ནོར་བུས་མི་ཕྱེད་དད་པའི་སྒོ་ནས་ཕུལ་བའོ།། །།    

༧སྨན་རིའི་ཡོངས་འཛིན་རིན་པོ་ཆེ་ལ་བསྟོད་པ་སྒྲའི་མཆོད་པ།

རྩོམ་པ་པོ། སེ་ཁོ་བསྟན་འཛིན་ནོར་བུ།

༧ བསྟན༵་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན།། འཛིན༵་སྐྱོངས་སྤེལ་ཕྱིར་སླར་ཡང་མི་ཡུལ་འདིར།། རྣམ༵་གསུམ་ངུར་སྨྲིག་སར་པའི་རྒྱན་སྤྲས་པའི།། དག༵་པ་གཉིས་ལྡན་སངས་རྒྱས་མི་གཟུགས་ཅན།། ༧ བསྟན༵་པ་ནམ་མཁའི་རྒྱལ་མཚན་ཟབ་ཡངས་མ།། ༧ འཛིན༵་མའི་ཤར་ནུབ་གཉིས་ནས་མི་འཇིགས་པའི།། རྣམ༵་བཞི་ཕྲིན་ལས་རྒྱུན་གྱི་གསོས་བཟང་པོས།། དག༵་པ་མཁའ་སྤྱོད་སྲིད་འདིར་དགུགས་པ་འདྲ།། ༧ བསྟན༵་འདིར་འཆད་པའི་འོད་དཀར་སྣང་བ་ཡིས།། འཛིན༵་མའི་ཞིང་འདིའི་སྐལ་བཟང་པད་དཀར་ཚལ།། རྣམ༵་པ་གསར་པའི་འཛུམ་མདངས་བཞད་པ་འདི།། དག༵་པའི་ཞིང་གི་རྒྱལ་རྣམ་དགྱེས་པའི་རྒྱུ།། ༧ བསྟན༵་ལ་འཚེ་བའི་མ་དུལ་གླང་པོའི་ཚོགས།། འཛིན༵་བྱེད་ལུང་རིག་ལྕགས་ཀྱུ་རྣོན་པོ་དེས།། རྣམ༵་པ་ཀུན་ནས་རབ་ཏུ་གཅུན་པ་ཡིས།། དག༵་དང་བདེན་པའི་ལམ་ལ་གཟུད་པར་བྱས།། ༧ བསྟན༵་བཅོས་རྩོམ་པས་ཟབ་གསང་དཀའ་བའི་གནད།། འཛིན༵་མཚམས་ཚུན་ཆད་མ་འདྲེས་གསལ་བ་ཡིས།། རྣམ༵་མང་གྲུབ་མཐའི་དབུས་སུ་ངོམས་ཆོག་པ།། དག༵་པའི་ཤེར་རབ་དེ་ཡིས་དེར་མཚོན་ཉིད།། ༧ བསྟན༵་པའི་དོན་དུ་ལུས་སྲོག་འབེན་བཙུག་ནས།། འཛིན༵་མའི་ཤར་ནས་ནུབ་དུ་གཤེགས་པར་མཛད།། རྣམ༵་པ་ཀུན་ཏུ་གཤེན་བསྟན་སྲོག་བཟུངས་ཤིང་།། དག༵་སྣང་འབྲལ་མེད་ངང་ནས་བརྩོན་པར་མཛད།། ༧ བསྟན༵་པའི་གནས་གཞི་ཁྲི་བརྟན་ནོར་བུ་རྩེ།། འཛིན༵་མ་འདི་ཉིད་མཛེས་པའི་ཏོག་ཆེན་ལྟར།། རྣམ༵་བཀྲ་མི་འཇིགས་ས་ལེར་གནས་པ་ཡིས།། དག༵་ཞིང་འོལ་མོའི་གླིང་ལ་འཕྱ་བ་འདྲ།། ༧ བསྟན༵་པའི་བདག་ཉིད་ཁྱེད་ཀྱི་མཛད་ཕྲིན་ནི།། འཛིན༵་མའི་རྡུལ་ལས་བགྲང་དཀའི་གནས་ངེས་པས།། རྣམ༵་པ་འགའ་ཞིག་བདག་བློའི་འཆར་སྒོ་ཙམ།། དག༵་པའི་བཤེས་ལ་དད་པའི་མཆོད་སྤྲིན་བཏེགས།། ༧ ཞེས་པ་འདི་ནི་ཡང་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བཀའ་དྲིན་ཡང་ཡང་དྲན་པའི་ངོས་ནས་སེ་ཁོ་བསྟན་འཛིན་ནོར་བུས་ཕུལ་བའོ་།། །།

སེམས་ཀྱི་ནོར་བུ་འོད་འབར།

མགར་རྩམ་ཟན།

༧ དར་ཟབ་དཀྲིས་པའི་ཨ་ཉོག་མིན།། མཐོ་བཙན་ཕྱུག་གི་གཅེས་ཕྲུག་མིན།། དཔེ་ཆའི་གསེང་ནས་ཚར་བའི་བུ།། སྨྲ་བའི་སེང་གེའི་ཤ་གཟུགས་ཡིན།། ༧ དགོན་སྡེ་གཅིག་གི་མཁན་པོ་མིན།། ས་ཕྱོགས་གཅིག་གི་བླ་མ་མིན།། མཛད་འཕྲིན་འཛམ་གླིང་ཁྱབ་པའི་བུ།། རྣམ་མཁྱེན་རྒྱལ་བ་གསུམ་པ་ཡིན།། ༧ དབང་ཐོབ་རྩོད་པའི་ཟོབ་རྒན་མིན།། གཟའ་ཉོབ་གསོ་བའི་སྤྲུལ་རྫུན་མིན།། མཁས་བརྒྱའི་ཁྲོད་ནས་འཕགས་པའི་བུ།། བཅུ་ཕྲག་པོད་ཏིའི་བདག་པོ་ཡིན།། ༧ ངག་འཆལ་མཁས་པའི་མཁས་མིང་མིན།། ལོ་རྒྱུས་བསྣུབས་པའི་གཡག་ཞར་མིན།། བདེན་དོན་རྩ་བ་བཟུང་བའི་བུ།། ཏི་སེ་གངས་རིའི་ཚིག་མཛོད་ཡིན།། ༧ འཁྱགས་ལྟོགས་མེད་པའི་རྫོགས་ཆེན་མིན།། དཀའ་ལས་མེད་པའི་བྱ་བྲལ་མིན།། སྐུ་སྲོག་བསྟན་དོན་འབུལ་བའི་བུ།། སེམས་ཐག་ཆོད་པའི་སེམས་དཔའ་ཡིན།། ༧ རང་དོན་སྒྲུབ་པའི་དགེ་བཤེས་མིན།། བཟའ་བཏུང་འཚོལ་བའི་རྒྱ་བླ་མིན།། གཤེན་བསྟན་ཕྱོགས་བཅུར་སྤེལ་བའི་བུ།། གསུང་རབ་རྒྱ་མཚོའི་ལུང་སྣོད་ཡིན།། ༧ རང་ལུགས་དོར་བའི་བླ་བཙོང་མིན།། གཞན་ལུགས་འཚེ་བའི་དབྱེན་རྒན་མིན།། བདེན་མཐའ་ལག་པས་བསྐྱངས་བའི་བུ།། བོན་དར་བཀྱགས་པའི་ཀ་ཆེན་ཡིན།། ༧ སྒོར་མོ་སྒོམ་པའི་གཏེར་སྟོན་མིན།། རོ་ཟས་དམིགས་པའི་ཕོ་འདེབས་མིན།། ཤེས་རབ་སྙིང་རྗེས་ཕྱུག་པའི་བུ།། རིགས་དྲུག་འདྲེན་པའི་བླ་མ་ཡིན།། ༧ སྐུ་ཁམས་ཉི་མ་རིན་པོ་ཆེ།། གསུང་གདམས་ནོར་བུ་རིན་པོ་ཆེ།། ཐུགས་གཤིས་སྙིང་རྗེ་རིན་པོ་ཆེ།། བསྐལ་བརྒྱའི་བར་དུ་གཡོ་མེད་བཞུགས།། ༧ གསང་གསུམ་མཛད་འཕྲིན་གདུལ་བྱའི་མགོན།། བཞུགས་པར་མ་མཆོག་སྲིད་རྒྱལ་མས།། སྡོང་གྲོགས་མཛོད་ཅིག་སེམས་ཅན་གྱི།། བདེ་སྐྱིད་མཁའ་དང་མཉམ་པར་ཤོག། ༡༠༡༥/༤/༢༡

སྡེ་ཚན་རྗེས་མ་རྣམས་རིམ་བཞིན་གཟིགས་རྒྱུ་མ་བརྗེད་པར་ཞུ།

(སྤྱིའི་གཟིགས་གྲངས། 251 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅།། ༸དཔལ་…
error: རྩོམ་འདི་བདག་དབང་ཅན་ཡིན།