ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐབས་དང་པོ་ཆེད་སྦྱོང་ལོ་རིམ་གསུམ་པའི་གསང་སྔགས་འཛིན་གྲྭ་ནས་བཤད་རྒྱུགས་ཕུལ་བ།

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེད་མཐོའི་གཙུགས་ལག་སློབ་གཉེར་ཁང་ནས་གཞུང་ཆེན་ཁག་ལ་སྤྱི་ཙམ་མིན་པར་བྱེ་བྲག་ཏུ་ཕྱེས་ཏེ་གཞུང་རེ་རེའི་ཐོག་ཚིག་དོན་གནད་ཕེར་གྱི་སློབ་གཉེར་གཏིང་ཟབ་ཡོང་ཆེད་དུ་དམིགས་བསལ་ཆེད་སྦྱོང་འཛིན་གྲྭ་འམ་ཟབ་སྦྱོང་འཛིན་གྲྭ་འཛུག་རྒྱུའི་དགེ་རྒན་ལྷན་ཚོགས་ནས་ལམ་སྟོན་གནང་བ་བཞིན། སྤྱི་ལོ་༢༠༡༥ལོར་གསང་སྔགས་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལ་དམིགས་བསལ་ཆེད་སྦྱོང་གནང་མཁན་གྱི་མ་རྒྱུད་ཆེད་སྦྱོང་འཛིན་གྲྭ་འམ་ཟབ་སྦྱོར་འཛིན་གྲྭ་གསར་དུ་དབུ་བརྙེས་པ་དང་།

དེ་ཡང་མ་རྒྱུད་གཞི་ལམ་འབྲས་གསུམ་གྱི་ཁྲིད་སྐོར་ལ་ལོ་རེར་རྒྱུགས་སྤྲོད་ཀྱི་ལམ་ནས་ཟབ་སྦྱོང་དགོས་པའི་གཏན་འབེབ་གནང་བ་ལྟར་དེ་སྔོན་ལོ་གཉིས་རིང་མ་རྒྱུད་གཞི་ཁྲིད་དང་ལམ་ཁྲིད་གཉིས་ལ་རྩོད་རྒྱུགས་དང་འཆད་རྒྱུགས་རིམ་པར་གནང་ཡོད་ལ་འདི་ལོར་མ་རྒྱུད་འབྲས་ཁྲིད་ལ་ཟབ་སྦྱོང་གནང་སྟེ་ཐེངས་གསུམ་པའི་རྒྱུགས་སྤྲོད་དེ་འཆད་རྒྱུགས་ཀྱི་ལམ་ནས་གནང་ཡོད།

དེ་ཡང་སྤྱི་ལོ་༢༠༡༨ལོར་ཟླ་བ་༡པོའི་ཚེས་༡༨ཉིན་སྔ་དྲོའི་ཕྱག་ཚོད་༩། ཐོག་བཤད་སྒྲུབ་འདུས་སྡེས་འགན་འཛིན་རྣམ་པས་གོ་སྒྲིག་འོག རྒྱུགས་དཔང་དུ་ཕེབས་པའི་༸སྐྱབས་རྗེ་མཁན་ཆེན་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན། བཤད་སྒྲུབ་མཁན་སློབ་རྣམ་གཉིས། རྩ་འཛིན་སློབ་དཔོན། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུལ་བའི་མཁན་པོ། དཔྱད་འདེམས་པ་དགེ་རྒན་ལྷན་ཚོགས་དང་། དགེ་བཤེས་རྣམ་པ། དེ་བཞིན་སློབ་གཉེར་བ་ཡོངས་རྫོགས་རྒྱུགས་སྤྲོད་ཁང་དུ་འཛོམས་ནས། རྒྱུགས་ཞིབ་དོ་དམ་པ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་རྩ་འཛིན་སློབ་དཔོན་དང་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གསོ་རིག་འབུམ་བཞིའི་སློབ་གྲྭའི་འགན་འཛིན་ཆེན་མོ་བ་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ཀྱིས་ཐོག་མར་འཚམས་འདྲི་དང་ལྷན་དུ་དམིགས་བསལ་ཆེད་སྦྱོང་དང་རིག་གཅིག་རྐང་འཛིན་གྱི་དགོས་པ་དང་འབྲེལ་ཐེངས་འདིའི་ཟབ་སྦྱོང་གི་ངོ་སྤྲོད་གནང་སྟེ་རྒྱུགས་སྤྲོད་དངོས་སུ་དབུ་འཛུགས་གནང་།

འདི་ལོར་མ་རྒྱུད་འབྲས་ཁྲིད་ཆེན་མོར་ཟབ་སྦྱོང་གནང་བ་ལྟར་རྒྱུགས་སྤྲོད་དོ་དམ་པས་སྟངས་འཛིན་འོག་ཆེད་སྦྱོང་བ་གྲྭ་ཚུལ་ཁྲིམས་རྒྱ་མཚོ་དང་། བསམ་གཏན་རྒྱ་མཚོ་རྣམ་གཉིས་ཀྱིས་མ་རྒྱུད་འབྲས་ཁྲིད་ཀྱི་སྐོར་ནས་དོན་ཚན་གང་རུང་ཞིག་རྒྱན་ཤོག་འཐེན་ཏེ་སྐར་མ་༣༠རིང་ལ་བགྲོ་གླེང་གནང་རྗེས་སུ། མ་རྒྱུད་འཛིན་གྲྭའི་སློབ་གཉེར་བ་རྣམ་པས་སྐར་མ་༡༥རིང་དྲི་བ་དྲི་ལན་བྱས་ཏེ།

བརྗོད་བྱ་གང་ཞིག་རྩལ་དུ་བཏོན་ནས་འགྲེལ་བཤད་གནང་ཐུབ་མིན་དང་། འགྲེལ་ཚུལ་གྱི་གོ་རིམ། དྲིས་ལན་གྱི་ལྗིད་ཚད་བཅས་ལ་ལྟོས་ཏེ་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་གཙོས་རྩ་འཛིན་སློབ་དཔོན་དང་དགེ་རྒན་གསུམ་བཅས་ཁྱོན་དགེ་རྒན་རྣམ་པ་དྲུག་གིས་ཨང་རིམ་སྤྲད་པ་དང་། མཐར་ཆེད་སྦྱོང་གི་རྒྱུགས་སྤྲོད་དེ་ཉིད་ལེགས་གྲུབ་བྱུང་བ་བཅས་ཀྱི་གསར་གནས་ཉུང་འདུས་ཤིག་སྤྱི་ལོ་༢༠༡༨ཟླ་བ་༡པོའི་ཚེས་༡༨ཉིན་སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་ནས།

(སྤྱིའི་གཟིགས་གྲངས། 58 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅།། བཤད་ས…
error: རྩོམ་འདི་བདག་དབང་ཅན་ཡིན།