སྣང་ཞིག་༧སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་གསོའི་གསུང་འཕྲིན།
༄༅། །སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་བལ་ཡུལ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་༧སྐྱབས་རྗེ་མཁན་སློབ་རྣམ་པའི་གཙོས་བླ་མ་གྲྭ་ཚང་འདུས་སྤྱིའི་མདུན་སར་གུས་ཞུ།
རང་ཅག་རི་བོ་གངས་ཅན་པའི་རིག་གནས་མཐའ་དག་གི་མཛོད་འཛིན་དུ་གྱུར་ཅིང་། ཞང་བོད་གཤེན་རབ་པའི་ཆོས་དང་རིག་གནས་ཡོངས་རྫོགས་ཀྱི་དཀའ་གནད་དགོངས་དོན་ཤིན་ཏུ་གསལ་བར་གནང་མཛད། མདོ་སྔགས་ལུང་རྟོགས་གཉིས་ཀྱི་མངའ་བདག་བསླབ་གསུམ་བསྟན་པ་རྒྱ་མཚོའི་བྱེད་པོ་འགྲན་ཟླ་བྲལ་བ་ངེས་པ་དོན་གྱི་མཁས་དབང་དམ་པ་ལུང་རྟོགས་བོན་གྱི་མཛོད་འཛིན་ཆེན་མོ་དཔལ་རྒྱལ་བ་སྨན་རིའི་ཡོངས་འཛིན་དཔོན་གསས་བླ་མ་༧སྨྲ་དབང་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ཉིད་བསྟན་དང་འགྲོ་བའི་སྤྱི་མགོན་དུ་སྐུ་འཚོ་བརྒྱ་ཕྲག་གི་གྲངས་སུ་བཞུགས་ཏེ་ད་ལོར་བརྒྱ་སྟོན་ཕུན་སུམ་ཚོགས་པར་རོལ་བའི་སྐལ་བཟང་གི་ཉི་མ་མངོན་དུ་ཤར་ཐུབ་པ་བྱུང་བ་ནི་ཤིན་ཏུ་ནས་ཀྱང་དགའ་དད་སྤྲོ་བའི་གནས་སུ་ཆེ་ན་ཡང་།
བོད་ཤིང་སྦྲུལ་ས་ག་ཟླ་བའི་ཚེས་༡༦སྟེ། ཕྱི་ལོ་༢༠༢༥ལོའི་ཟླ་བ་༦པའི་ཚེས་༡༢ཉིན་གྱི་ཞོགས་པར་༧སྐྱབས་རྗེ་སྨན་རི་བ་མཆོག་གི་སྐུ་ཚེ་སྨད་ཀྱི་གདན་ས་རྩ་ཆེན་དབེན་གནས་བྱེ་མ་རི་ཁྲོད་དུ་རེ་ཞིག་ཞིང་འདིའི་གདུལ་བྱའི་འགྲོ་དོན་མཐའ་རུ་ཕྱིན་པའི་ཚུལ་མཛད་དེ། ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་གཟིམས་ཡོད་པའི་གནས་ཚུལ་གསལ་བསྒྲགས་བྱུང་བ་ན། སྐབས་དེ་ཤེད་དུ་བློ་ཕམ་ཡིད་འགྱོད་ཀྱི་ཕངས་སེམས་འདི་ཞེས་བརྗོད་མཐའ་བྲལ་བ་ཞིག་ཅི་ལ་མིན། རིན་པོ་ཆེ་མཆོག་ཞིང་ཁམས་གཞན་དུ་ཕེབས་པ་འདི་ནི་སྤྱིར་རི་བོ་གངས་ཅན་པ་དང་། སྒོས་སངས་རྒྱས་གཡུང་དྲུང་བོན་སྒོར་ཞུགས་པ་ཡོངས་དང་། ཁྱད་པར་མདོ་སྔགས་གཞུང་བརྒྱར་བསླབ་པའི་སྣོད་ལྡན་སློབ་མ་ཁྲི་སྟོང་གི་དཔྲལ་བའི་མིག་དབང་ལྟ་བུའི་མགོན་པོ་གང་ནི་ཡེ་གདོད་མའི་དུས་ནས་བླ་མེད་ལྟ་བའི་རྒྱལ་སར་ཕྱིན་ཏེ། སྐྱེ་འཆི་གཉིས་ཀྱི་འཆིང་རྒྱ་ལས་རྣམ་པར་གྲོལ་བ་སྨོས་མེད་ཡིན་རུང་། ད་ལན་མི་རྟག་རྟག་ཏུ་རེ་བར་འཛིན་པའི་གདུལ་བྱ་རང་ག་མའི་ངོར། སྔོན་གྱི་སངས་རྒྱས་དང་རྒྱལ་སྲས་གཡུང་དྲུང་སེམས་དཔའ་རྣམས་ཀྱི་མཛད་པ་ཇི་བཞིན་ལན་གཅིག་མྱ་ངན་ལས་འདས་ཚུལ་བསྟན་པ་ནི། མདོ་ལས། ཉི་ཟླ་ཀུན་ལས་འཆར་ནུབ་སྲིད། སངས་རྒྱས་ཀུན་ལ་འདས་གྲོངས་ཡོད། །ཅེས་གསུངས་པ་བཞིན་སངས་རྒྱས་སྨན་རི་བའི་འདས་འཁྲུངས་ཀྱི་མཛད་པ་ཁྱད་པར་ཅན་འདིར། རང་གཞན་ཚང་མས་བླ་མའི་སྐུ་དྲིན་གཞལ་མཐའ་དང་བྲལ་བ་དག་དང་། གསུང་གི་མན་ངག་ཟབ་མོ་ལ་སོགས་སྐུ་གསུང་ཐུགས་ཀྱི་མཛད་བཟང་ཟླ་མེད་པ་དག་ཡིད་ལ་ཡང་ཡང་བརྣགས་ཏེ། ཁོང་གི་ཐུགས་དགོངས་མ་ལུས་ཡོངས་སུ་རྫོགས་པ་དང་། གདུལ་བྱའི་སེམས་ཅན་ཐམས་ཅད་ཐར་པ་བདེ་བའི་གནས་མཆོག་མྱུར་དུ་ཐོབ་ཕྱིར་སོགས་ལ་དམིགས་ཏེ། ལོ་འདིར་ཟླ་བ་འདིའི་ནང་དུ་དགེ་སྒྲུབ་སྡིག་སྤོང་གི་བྱ་བ་ཅི་ལྕོགས་རེ་གནང་ཐུབ་པའི་དགེ་བའི་བསྐུལ་མ་དང་། ལྷག་དོན་རང་རེ་བོན་པོ་ཅག་གིས་སླད་མའི་ཆར་ཀུན་ཏུ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་རྒྱལ་གཤེན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཆད་མེད་གནང་ཐུབ་པའི་རེ་སྨོན་བཅས།
ཡོངས་འཛིན་ཐམས་ཅད་མཁྱེན་པའི་སྐྱབས་འོག་པ་སྣང་ཞིག་སྐྱེ་མིང་བ་སྐལ་བཟང་བློ་གྲོས་རྒྱ་མཚོས་འདི་བཞིན་གསོལ་བ་སྙིང་ནས་བཏབ་པའོ། །