སྲིད་ན་དཀོན་པའི་བླ་མ། ཡོངས་འཛིན་རིན་པོ་ཆེ།
རྩོམ་པ་པོ། གཡུ་སྙུག
ཆུང་ཆུང་ནས་བྱང་ཆུབ་སེམས་པ་ཐུགས་རྒྱུད་ལ་མངའ་སྟེ།
ཉམ་ཐག་གི་དབུལ་འཕོངས་གདུང་བ་ཅན་གྱི་ཕྱིར་དུ།
མ་མཆོག་སྲིད་པ་རྒྱལ་མོར་སྐྱབས་འཇུག་ཞུས་ནས།
དེ་དག་བདེ་བར་བཀོད་པའི་ལོ་རྒྱུས་ལ་བསམ་ན།
ཁྱེད་ནི་བཤདཔ་ལས་སྒྲུབ་པ་གཙོ་རུ་འཛིན་པའི་དོན་དམ་པའི་བྱང་ཆུབ་སེམས་པའོ། །
ཁྲི་གཙུག་གི་བསྟན་པ་མེ་ཏོག་པད་མ་ཞིག་ལ་དགོངས་ཏེ།
བསླབ་གསུམ་གྱི་སྡོམས་པ་རྨང་རྡོ་སྲ་ཞིང་བརྟན་པར་མཛད་ནས།
ཐོས་བསམ་སྒོམ་གསུམ་གྱི་མཛད་པ་མཐར་འཁྱོལ་ནས།
ཆུ་དང་འོ་མ་མཉམ་བསྲེས་མ་མཛད་པར་མདོ་སྔགས་རྫོགས་གསུམ་གྱི་གཞུང་དོན་ཀུན།
སོ་སོར་བཀྲལ་བས་ཁྱེད་ནི་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཞེས་བརྗོད་པར་འོས།
ཕ་ཆོས་དྭངས་མ་ལ་ཡིད་གཉིས་ཐེ་ཚོམ་བློ་ཡིས་སྤངས་ཏེ།
སྐུ་སྲོག་ལས་ཀྱང་མཐོན་ཆེན་མཛད་ནས་བསྟན་པའི་སྒྲོན་མེ་རབ་ཏུ་སྤར།
གཞན་པའི་ཆོས་ལུགས་ལ་དད་པ་དང་ཡིད་ཆེས་ཀྱིས་ཡི་རང་གི་མེ་ཏོག་བཏེགས་ཏེ།
དབང་བསྒྱུར་དང་མི་གྲངས་ལ་སོགས་གལ་ཆེན་དུ་མ་གཟིགས་ནས།
དོན་དམ་དང་སྤུས་དག་ལ་བརྩོན་པའི་དགེ་སྦྱོར་བ་རྣལ་མ་ཞིག་ཡིན།
མི་ཆེན་བླ་ཆེན་སུ་ཞིག་ཡིན་རུང་ཆོས་ལུགས་དངགྲུབ་མཐའི་འཐེན་འཁྱེར།
ཕྱོགས་རིས་དག་སུ་ལའང་ཡོད་པའི་དྲི་མ་དེ་རྣམས།
ཁྱེད་ཀྱིས་མ་བཞེས་གནས་ལུགས་གི་རང་སར་བཞག་སྟེ།
དགོངས་བགྲང་བརྒྱ་རུ་གཤེན་གྱི་འདུལ་ཞིང་དུ་བཞུགས་ནས།
མཐར་དགོངས་པ་བོན་དབྱིངས་སུ་གཤེགས་པའི་རྗེས་སུ།
ཆོས་རྒྱུད་ཁག་གི་བླ་ཆེན་དང་ཐ་ན་བྱ་བྱེའུ་སྲོག་ཆགས་ཡན་གྱིས།
ཞིང་ཁམས་གཞན་དུ་ཕེབས་སྐྱེལ་གནང་བ་ལ་བལྟས་ན།
ཁྱེད་ནི་མིའི་གཟུགས་སུ་གྲུབ་པའི་སངས་རྒྱས་རེད་ལ།
སྲིད་ན་དཀོན་པའི་བླ་མ་དེ་ཡང་རེད།
སྐྱབས་མཆོག་དམ་པའི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་བྱ་བའི་ཉིན་བྲིས་སོ། །