༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གསར་པར་རབ་གནས་མཛད་སྒོ་དང་རྗེ་བླ་མའི་སྐུ་ཕྱྭའི་ཞབས་རིམ་བསྒྲུབས་པའི་སྐོར།
ཕྱི་ལོ་༢༠༢༥ལོའི་ཟླ་བ་༢པའི་ཚེས་༡ནས་༤ཡི་བར་ཉིན་བཞི་ཡི་རིང་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཚོགས་ཁང་གསར་པར་བྱིན་རླབས་རབ་གནས་ཀྱི་ཆོ་ག་རྒྱས་པ་ཁྲོ་ཀློང་རྣམ་གསུམ་སྦྲགས་ནས་འཚོགས་པ་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་བརྒྱ་སྟོན་བརྟན་བཞུགས་ཀྱི་སྔོན་འགྲོའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་ཡོད། དེ་ཡང་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཚོགས་ཁང་གསར་པའི་རྟེན་དང་བརྟེན་པ་ལེགས་པར་གྲུབ་རྗེས་ཚོགས་ཁང་གསར་པའི་རབ་གནས་ཀྱི་སྟ་གོན་ཆེད་དུ་འཁོར་ཡུག་གཙང་སྦྲ་བྱས། གཤེན་རབ་རྣམ་པར་རྒྱལ་བ་དང་། སྤྱི་སྤུངས་ཁྲོ་བོ་དབང་ཆེན་གཉིས་ཀྱི་དཀྱིལ་འཁོར་ཀྱི་རྡུལ་ཚོན་ལེགས་པར་བླུགས་ནས་ཕྱི་ཚེས་༣༠ཉིན་མཆོད་བཟོ་དང་བཤམ་བཀོད་གནང་བ་མ་ཟད་འདི་ལོའི་བཀའ་རམས་པ་རྣམ་པའི་དཀར་རྒྱན་དང་རྣམ་ལྔའི་མཆོད་པ་རྣམས་གྲ་རྒྱས་ཤིང་ཕུན་སུམ་ཚོགས་པ་བཤམ་བཀོད་གནང་།
ཕྱི་ཟླ་༢པའི་ཚེས་༡ ནས་༤ ཡི་བར་ཉིན་བཞི་ཡི་རིང་ལ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་དང་། དཔལ་གཤེན་བསྟན་སྨན་རིའི་གླིང་སོགས་ཧི་མ་ལ་ཡི་རི་རྒྱུད་ཀྱི་བོན་དགོན་ཁག་དང་བོན་ཚོགས་ཁག་ནས་ཕེབས་པའི་བླ་གྲྭ་དགེ་བཤེས་རྣམ་པ་དང་། ཕྱི་རྒྱལ་སོགས་ཡུལ་གྲུ་ཁག་ནས་ཕེབས་པའི་གྲྭ་བཙུན་སྔགས་གསུམ་གྱི་དད་ལྡན་མང་ཚོགས་བཅས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཚན་ཉིད་ཁང་དུ་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དང་དཔལ་གཤེན་སྨན་རི་གླིང་གི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཅས་དབུ་བཞུགས་ཐོག སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་ཕྱྭའི་ཞབས་རིམ་གྱི་ཆེད་དུ་བླ་ཆེན་དྲན་པའི་ཚེ་སྒྲུབ་ཀྱི་གཞུང་བསྲངས་ནས་ཚོགས་འཁོར་དང་ཚེ་གཟུངས་དང་ཚེ་བསྙེན་བསགས་ཏེ་སྐུ་ཕྱྭའི་ཞབས་རིམ་བསྒྲུབས་པ་དང། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེས་ཉེ་ལམ་གསར་དུ་བཞེངས་པའི་<<རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་>>ནང་དུ་༧ སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་རྣམ་པ་གསུམ་དབུ་བཞུགས་ཐོག་དགེ་བཤེས་དང་སྒྲུབ་ཐོན་པ་དཀྱིལ་གྲལ་རྣམ་པས་༧མཁན་ཆེན་གཡུང་དྲུང་ཚུལ་ཁྲིམས་ཀྱིས་མཛད་པའི་<<རྟེན་གསུམ་རབ་གནས་འབུལ་ཐབས་ལག་ལེན་བློ་མུན་སེལ་བའི་སྒྲོན་མེ་>>ལྟར་མངའ་དབུལ་རབ་གནས་ཀྱི་ཆོ་ག་གསུངས་ཤིང་། ཟུར་གྲལ་རྣམ་པས་ཁམས་ཆེན་སྟོང་ཕྲག་བརྒྱ་པ་དག་ཀློག་གནང་ཡོད། ཕྱི་དྲོ་ཆུ་ཚོད་བཞི་དང་ཕྱེད་ནས་ལྔ་ཡི་ཕྱེད་བར་ཆུ་ཚོད་གཅིག་གི་རིང་ལ་ཚོགས་ཁང་གསར་པའི་ནང་དུ་དད་ལྡན་མི་མང་ལྷན་འཛོམས་ཀྱིས་དགོངས་སྤྱོད་རྣམ་གསུམ་གསུངས་ནས་ཐུན་སྦྱོང་ཉམས་ལེན་གནང་ཞིང་། སྙིང་པོ་རྣམ་གསུམ་དང་ཚེ་བསྙེན་གསོག་སྒྲུབ་སོགས་ཞབས་རིམ་གང་འགབ་ལ་བརྩོན་པ་བཅས་ཀྱི་གནས་བསྡུས་སུ།
མེ་ལོང་ཡེ་ཤེས་ཀྱི་གཙོ་སྒྲུབ་པས། ༢༠༢༥ ༠༢ ༠༤ཉིན་སྤེལ། པར་པ་ཁྱུང་ཐོག་རྒོད།