ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་ཐུགས་གསོའི་གསུང་འཕྲིན།
ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་སྙིགས་མའི་དུས་སུ་འཛིན་སྐྱོང་སྤེལ་བ་ལ་བཀའ་དྲིན་འགྲན་ཟླ་བྲལ་བ།༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཚེ་གང་པོར་བསྟན་འགྲོའི་མཛད་ཁུར་བཞེས་ནས།དགུང་ལོ་བརྒྱ་ཕྲག་གཅིག་བཞེས་པའི་བརྒྱ་སྟོན་གྲུབ་རྗེས།རེ་ཞིག་སྐུ་མི་རྟག་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ནི་ཆེས་བློ་ཕམ་གྱི་ཡུལ་དུ་གྱུར།ཁོ་བོས་༧རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ་དང་༧སྐྱབས་རྗེ་རིན་པོ་ཆེའི་དབར་ཐུགས་ནང་གཤིན་པའི་རྣམ་ཐར་ལན་གཅིག་མིན་པར་རྣ་བར་ཐོས་ཀྱང་དངོས་སུ་མཇལ་བའི་སྐལ་པ་ནི་མ་བྱུང་།འོན་ཀྱང་སྐྱེས་བུ་དམ་པ་ཁོང་ལྟ་བུ་ལ་ཐུགས་རྗེ་ལ་ཉེ་རིང་མ་མཆིས་པས་དགོངས་པ་ཡོངས་སུ་རྫོགས་པའི་གསོལ་འདེབས་སྨོན་ལམ་གང་ཤེས་ཞུ་བཞིན་མཆིས།
འདས་པའི་མི་ལོ་བཅུ་ཕྲག་དྲུག་ཅུ་ལྷག་གི་འཕོ་འགྱུར་གྱི་ཁྲོད་བོད་མི་རྣམས་གཞིས་བྱེས་གཉིས་སུ་ཐོར་ནས། མི་ཡུལ་ས་མཐར་འཁྱམས་དགོས་པའི་གནས་ཚུལ་ཐབས་སྡུག་བྱུང་ཡང་། སྐྱེས་ཆེན་དམ་པ་བསམ་བཞིན་དུ་ཕེབས་པ་ཁོང་ལྟ་བུ་རྣམས་ཀྱིས་མགོན་མེད་ལ་མགོན་དང་། སྐྱབས་མེད་ལ་སྐྱབས་མཛད་ནས་འགྱེལ་ས་ནས་ལངས་ཐུབ་པར་མ་ཟད། མེས་པོའི་ཆོས་རིག་རྣམས་རྒྱ་བལ་དང་། ཤར་ནུབ་ཀྱི་ཡུལ་གྲུ་རྣམས་སུ་དར་རྒྱས་གོང་སྤེལ་གྱི་མཛད་པ་སྔར་མེད་པ་འདི་ལྟ་བུ་བྱུང་བ་འདི་ཡིན་ལ། སླད་མ་འོངས་པར་རང་རེ་ཚང་མས་སྐྱེས་མཆོག་དམ་པ་འདི་དག་གི་ཐུགས་རྗེ་དང་། ཐུགས་སྟོབས་ལ་མིག་ལྟོས་ཡར་ལྟ་བྱས་ཏེ། སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་བླ་མའི་ཐུགས་དགོངས་སྒྲུབ་པ་ལ་ཐང་ལྷོད་མེད་པའི་འབད་པ་བྱེད་པ་ཁོ་ན་སྐུ་དྲིན་ལྡོན་པའི་ཐབས་མཆོག་ཏུ་གྱུར་པར་མཐོང་ངོ་། །
༧སྐྱབས་རྗེ་རིན་པོ་ཆེ་ཉིད་གཟུགས་སྐུ་རགས་པའི་བཀོད་པ་སྐྱེ་མེད་བོན་སྐུའི་ཀློང་དུ་བསྡུས་ཀྱང་། གདུལ་བྱ་ལས་ལྡན་རྣམས་རྗེས་སུ་འཛིན་པའི་བྱམས་དང་བརྩེ་བ་ཆེན་པོས་སླར་ཡང་སྤྲུལ་པའི་རོལ་གར་ཅིར་ཡང་སྟོན་པའི་སྨོན་འདུན་གྲངས་མེད་བཅས།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས། སྤྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༣ ལ་ཕུལ།