བོད་མདོ་ཁམས་རྒྱ་སྟོན་ཚོགས་སྐྱིད་ནས་གདུང་སེམས་མཚོན་པའི་འཚམས་འཕྲིན།
༄༅། །དཔལ་རྒྱལ་བ་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་ཆེན་པོ། ༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་ཐོས་པས། ང་ཚོ་བོད་མདོ་ཁམས་རྒྱ་སྟོན་ཚོགས་སྐྱིད་ངོས་ནས། གཡུང་དྲུང་བོན་གྱི་ལྷ་སྡེ་མི་སྡེ་ཡོངས་དང་། ཁྱད་པར་རིན་པོ་ཆེ་མཆོག་གི་ཞལ་སློབ། བྱེ་བྲག་ཏུ་ང་རང་ཚོ་རྒྱ་སྟོན་ཁུལ་གྱི་གཡུང་དྲུང་བོན་གྱི་སྡེ་དགོན་སེར་སྐྱ་དད་ལྡན་རྗེས་འཇུག་འབྲེལ་ལྟོས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་དང་བཅས་ཏེ་ཞུ་གསོལ།
༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི།གཡུང་དྲུང་བོན་གྱི་བསྟན་པ་སྤེལ་དང་སྲུང་སྐྱོབ་ཀྱི་ཕྱག་རྗེས་བླ་ན་མཐོ་ཞིང་རྫོགས་ཆེན་བསྟན་པའི་བདག་པོར་བཞེངས་ཏེ།ཞལ་སློབ་ཚོར་ཟབ་མོའི་གདམས་ངག་སྩལ་བ་སོགས།དེ་བཞིན་དུ་གཡུང་དྲུང་བོན་གྱི་རིག་གནས་འཕེལ་རྒྱས་ལ་རླབས་ཆེན་གྱི་མཛད་པས་བཀའ་དྲིན་ཆེན་པོ་བསྐྱངས་ཡོད་པ་ཀུན་གྱིས་ཐུགས་སྣང་དུ་གྱུར།ཡང་སྒོས་སུ་བོན་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཁོ་ན་དེ་ཡིན་པས།བོད་ཀྱི་རིག་གཞང་དང་ལོ་རྒྱུས།སྐད་ཡིག་གི་གཞི་རྩ།དེ་བཞིན་དུ་སྨན་དང་རྩིས་ཀྱི་རིག་གནས་སོགས་ཀྱི་འབྱུང་གནས་ཀྱང་ཡིན་པས།རིན་པོ་ཆེ་མཆོག་གིས་བོད་ཀྱི་རིག་གཞུང་གཏེར་ཁ་འདི་དག་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཐད་ལ་ཤིན་ཏུ་གལ་ཆེ་བའི་དུས་རབས་འདིར་རླབས་ཆེན་གྱི་ཕྲིན་ལས་ཆེས་ཆེར་མཛད་ཡོད།
ང་ཚོས་རིན་པོ་ཆེ་མཆོག་གི་མཛད་འཕྲིན་དང་ཞལ་གདམས་རྣམས་རྟག་ཏུ་དྲན་པར་བྱེད་ཅིང་། ཁོང་གི་བཀའ་དྲིན་དང་མཛད་པ་རྣམས་ང་ཚོའི་སེམས་ལ་རྟག་ཏུ་བཞག་སྟེ། བོད་ཀྱི་སྐྱེས་ཆེན་དམ་པ་དེའི་ཐུགས་ཀྱི་དགོངས་པ་ཟབ་མོ་ཡོངས་སུ་རྫོགས་པའི་སྨོན་འདུན་ཞུ་ཞིང་། དམ་པ་ཁོང་གི་ཡང་སྲིད་རིན་པོ་ཆེ་མགྱོགས་པོར་འཁྲུངས་ནས་བསྟན་པ་དང་འགྲོ་བའི་དོན་ཆེན་པོ་མཛད་པའི་གསོལ་འདེབས་སྨོན་ལམ་ཤུགས་དྲག་ཞུ།
བོད་མདོ་ཁམས་རྒྱ་སྟོན་ཚོགས་སྐྱིད་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༦ ཚེས་ ༢༡ ཉིན་ཕུལ།