ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ནུབ་གླིང་ཁུལ་དུ་བསྟན་དོན་མཛད་ཕྲིན་བསྐྱངས་པའི་གནས་བསྡུས་ཁག་བཞི་པ།

བསྟན་འགྲོའི་དོན་ཆེན་མཛད་ལ་མི་ངལ་བར། །
འགྲོ་བའི་སྡུག་བསྔལ་མཁྱེན་པའི་འོད་རླབས་ཀྱིས། །
ཞི་བསིལ་བདུད་རྩིའི་དཔལ་དུ་སྒྱུར་མཛད་པོ། །
སྲིད་པའི་གདུགས་དཀར་ཁྱེད་ལ་གུས་པས་འདུད། །

ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༡༨ ཉིན་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་སྟོན་འཁོར་དང་བཅས་ཧུང་གྷི་རིས་རྒྱལ་ཁོངས་སུ་གནས་གཞི་བྱས་པའི་བོན་ཚོགས་གཡུང་དྲུང་བསྟན་རྒྱས་འདུས་སྡེའི་ལས་སྣེ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐུ་དངོས་སུ་ཞབས་བཅག་པ་དང་། ཕྱི་ཚེས་ ༡༩ ནས་ ༢༠ བར་དེ་གའི་སློབ་མ་རྣམས་ལ་བོན་གྱི་སྐྱབས་འགྲོའི་སྐོར་གསུང་ཁྲིད་ཞིབ་རྒྱས་གནང་སྟེ་གང་དང་། གང་ལ། གང་གིས་སྐྱབས་སུ་འགྲོ་ཚུལ་སོགས་མི་བསླུ་བ་ལྔ་ཡི་སྒོ་ནས་གདམས་པ་གནང་བ་མ་ཟད་དེའི་དགོས་པ་དང་། ཕན་ཡོན། སྤང་བླང་གི་བསླབ་བྱ་སོགས་ལུང་རིག་ཚད་མའི་ལམ་ནས་ཟབ་གདམས་གནད་སྨིན་བཀའ་དྲིན་བསྐྱངས།

སྐྱབས་ཀྱི་དམ་པ་བསླུ་མེད་གཡུང་དྲུང་བོན། །
ཇི་ལྟར་ཉམས་ལེན་གདམ་ཚུལ་སྟོན་མཁས་པ། །
མཁན་པོའི་མཚན་གྱི་པོད་ཅན་བླར་འདེགས་མཁན། །
སྲིད་པའི་ཞིང་འདིར་མང་ཡང་ཁྱེད་ཉིད་ཙམ། །

ཕྱི་ཟླ་ ༠༥ ཚེས་ ༢༤ ནས་ཨ་རིའི་མངའ་སྡེ་ཁ་ལ་རག་དྲོ་རུ་གནས་གཞི་བྱས་པའི་ཧི་མ་ལ་ཡའི་བོན་ཚོགས་ཀྱི་ལས་འཛིན་རྣམས་ཀྱིས་རེ་གསོལ་བཞིན་ཞབས་སོར་བཀོད་པ་དང་། ཕྱི་ཚེས་ ༢༦ ནས་ ༢༨ བར་དེ་གའི་སློབ་མ་རྣམས་ལ་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་ཁྲིད་གཞིའི་སྒོ་ནས་གཏུམ་མོའི་ཉམས་ལེན་སྐོར་སྔར་འཕྲོས་གསུང་ཁྲིད་ཞིབ་ཏུ་སྨར་བར་བཀའ་དྲིན་བསྐྱངས།

ཕྱི་ནང་གསང་གསུམ་བོན་གྱི་གདམས་པའི་མཛོད། །
ཐུགས་ཀྱི་བུམ་པར་བསྟིམས་པའི་གཤེན་རབ་ཀྱིས། །
ལུང་རྟོགས་འཕྲུལ་ངག་བོན་གྱི་འཁོར་ལོ་བཞི། །
ཕྱོགས་བཅུའི་ཞིང་དུ་སྤེལ་བར་སྐལ་པ་བཟང་། །

ཕྱི་ཟླ་ ༠༦ ཚེས་ ༠༡ ནས་ ༠༣ བར་མིག་སི་ཀོ་ལིག་མིན་སྐྱ་བོན་ཚོགས་སུ་ཕེབས་ནས་དེ་གའི་སློབ་མ་རྣམས་ཀྱི་ཐུགས་རེ་བཞིན་སྔར་འཕྲོས་ཨ་ཁྲིད་ཀྱི་ཁྲིད་གདམས་ལེའུ་ཚན་རྣམས་རྫོགས་པར་བཀའ་དྲིན་བསྐྱངས་པ་དང་། དེར་མཚུངས་མི་སི་ཀོ་ཏོར་ཡོན་ཞེས་པའི་ས་གནས་སུ་ཡོད་པའི་ལིག་མིན་སྐྱ་བོན་ཚོགས་སུ་ཞབས་བཅག་ནས་གོང་ཚེས་ ༠༨ ནས་ ༡༠ བར་དེ་གའི་སློབ་མ་རྣམས་ཀྱི་རེ་གསོལ་བཞིན་སྔར་འཕྲོས་ཨ་ཁྲིད་ཀྱི་ཁྲིད་རིམ་ལེའུ་ཚན་རྣམས་མཇུག་བསྐྱངས་ནས་སློབ་མ་རྣམས་ཀྱི་ཐུགས་འདུན་བསྐངས། མདོར་ན་ད་སྔོན་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ལོ་མང་རིང་གོང་གསལ་ས་གནས་ཁག་གཉིས་སུ་ལོ་བསྟར་ཟབ་གདམས་ཁྲིད་ལུང་བཀའ་དྲིན་ཆེ་སྐྱོང་གནང་བཞིན་པ་ལས་རྫོགས་པ་ཆེན་པོའི་མན་ངག་ཨ་ཁྲིད་བསླབ་གཞི་རུ་བཟུང་ནས་འདི་ལོར་བགྲང་བྱ་བཞི་པ་དེ་ཆགས་ཡོད།

འགྲོ་བའི་ཚ་གདུང་སེལ་བའི་གཉེན་གཅིག་པུ། །
ཟབ་གདམས་བདུད་རྩིའི་འོ་མ་སྦྱིན་མཛད་པོ། །
ཁྱེད་ཀྱི་སྐུ་གསུང་ཐུགས་མཆོག་རིན་པོ་ཆེ། །
མི་ཤིག་གཡུང་དྲུང་གུར་དུ་འཚོ་བཞེས་སྨོན། །

ཐ་ཚན་མུ་ཙུག་སྨར་རོ། ། ཕྱི་ལོ་ ༢༠༡༨ ཟླ་ ༠༦ ཚེས་ ༡༢ ཉིན་གཤེན་བསྟན་དར་རྒྱས་གླིང་ནས།

(སྤྱིའི་གཟིགས་གྲངས། 52 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་ཡང་ཉེ་ལ…
error: རྩོམ་འདི་བདག་དབང་ཅན་ཡིན།