ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཐེངས་དང་པོའི་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་སྐོར་གྱི་གསར་གནས།

༄༅། ༢༠༡༧། ༡། ༢༨། རེས་གཟའ་སྤེན་པ་ཉིན་གྱི་ཕྱག་ཚོད་ ༩ པའི་ཐོག་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཞི་རིམ་སློབ་གྲྭའི་རྩེད་ཐང་གི་གུར་ཆེན་ནང་དུ་གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་དགེ་བཤེས་རྣམ་པ་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། བལ་ཡུལ་བོན་པོ་ཚོགས་པའི་ཚོགས་མི་རྣམ་པ་གཙོས་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་རྣམ་པ། བལ་ཡུལ་རྒྱལ་ཁོང་གི་བོན་གྱི་ལྷ་སྡེ་མི་མང་གཙོས་པའི་ས་གནས་ཁག་ནས་ཕེབས་པའི་མི་མང་བདུན་བརྒྱ་ལྷག་རང་མོས་དང་ལེན་གྱིས་མཉམ་དུ་འཛོམས་ཏེ། འབྲེལ་མཐུད་པ་དགེ་བཤེས་བཤད་སྒྲུབ་རྒྱ་མཚོ་ལགས་ནས་མཛད་རིམ་ངོ་སྤྲོད་གནང་བ་དང་འབྲེལ། ཐོག་མར་འདུས་ཚོགས་ཀུན་གྱིས་བསང་གསོལ་ལྷ་རྒྱལ་གྱེར་ཞིང་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་དགུང་དུ་བསྒྲེངས་ནས་བཀྲ་ཤིས་འབྲུ་བཅུད་མེ་ཏོག་དང་། བསང་མཆོད་ཀྱི་དུད་པས་ཁོར་ཡུག་ཀུན་ཁྱབ་པར་མཛད།

དེ་ནས་༸སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་བཀའ་སློབ་བཀའ་དྲིན་བསྐྱངས་པའི་བསྡུས་དོན་ལ། “དེང་གི་གཞོན་སྐྱེས་རྣམས་ས་ཕྱོགས་གང་སར་གྲམས་པའི་དབང་གིས། རང་གི་ཕ་མེས་ཀྱི་སྲོལ་རྒྱུན་རིག་གཞུང་བརླག་ཉེན་ཆེ་བས། དུས་ཚིགས་ཁྱད་པར་ཅན་དང་བསྟུན་ནས་མེས་པོས་བཞག་པའི་རང་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབས་དང་། ཆོས་ལུགས་གཅིག་པའི་མི་རྣམས་ཕན་ཚུན་འབྲེལ་འདྲིས་བྱུང་ཞིང་མཐུན་ལམ་རོགས་འདེགས་ཡོང་བའི་ཆེད་དུ་དམིགས་ནས་མཉམ་འཛོམས་ཀྱི་འབད་བརྩོན་གནང་བའི་སྐོར་སོགས།” ཚོགས་པའི་དགོས་དམིགས་འབྲེལ་བའི་བཀའ་སློབ་གནད་སྨིན་བསྩལ་བ་དང་།

དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་ནས་ཱ”བོད་ཀྱི་ལོ་སར་སྔ་རྗེས་དུས་རྐྱེན་དབང་གིས་འགྱུར་ལྡོག་བྱུང་རིམ་གྱི་ལོ་རྒྱུས་སྐོར་”དང་འབྲེལ་བའི་བླང་དོར་གྱི་བཀའ་སློབ་དོན་ལྡན་གནང་། དེ་ནས་ཕྱག་ཚོད་ ༡༡ ཐོག་གླུ་གར་དང་རིག་རྩལ་འཁྲབ་སྟོན་འགོ་བཙུགས་ཏེ། འབྲེལ་མཐུད་པ་ཁྱུང་ཐོག་རྒོད་དང་། སློབ་སྤྱི་བསམ་འགྲུབ་ཟུང་གིས་བལ་བོད་སྐད་གཉིས་ཐོག་ནས་ངོ་སྤྲོད་གནང་རིམ་བཞིན། བོན་གཞིས་སློབ་ཕྲུག་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ དོལ་པོ་བྱི་ཅེར་སློབ་གྲྭ ཏ་པི་ཧྲི་ཙའི་སློབ་གྲྭ ཕྱྭ་ཀེང་ཙེའི་སློབ་གྲྭ་སོགས་སློབ་གྲྭ་ཁག་ནས་ཕེབས་པའི་སློབ་མ་ཚོས་གནའ་དེང་གི་གཞས་སྣ་དང་འཁྲབ་སྟོན་ཕུན་སུམ་ཚོགས་པ་གཟིགས་འབུལ་ཞུས། དེ་ནས་ཕྱག་ཚོད་ ༡༢ ཐོག་ཉིན་གུང་གི་གསོལ་ཚིག་རྒྱས་འབུལ་ཞུས་ནས། གཞོན་སྐྱེས་མི་ཉུང་བ་ཞིག་གིས་མུ་མཐུད་དེ་དང་ལེན་གྱིས་གཞས་བྲོ་གཟིགས་འབུལ་ཞུས་ནས་ཕྱི་དྲོ་ཆུ་ཚོད་ ༦ ཐོག་འབྲེལ་མཐུད་པས་མཇུག་བསྡུའི་གཏམ་བཤད་གནང་ཞིང་དགོང་ཟས་རོལ་རྗེས་སུ་སྤྲོ་སྐྱིད་ངང་ནས་མཛད་སྒོ་དེ་ཉིད་ལེགས་གྲུབ་བྱུང་བའི་གནས་ཕྲིན་དུ་ཏི་སེའི་བུས། ༢༠༡༧། ༡། ༢༨ ཉིན་སྤེལ།

 

(སྤྱིའི་གཟིགས་གྲངས། 62 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ལོ་གསར་བཟང…
error: རྩོམ་འདི་བདག་དབང་ཅན་ཡིན།