ངོ་མཚར་ཅན་གྱི་གདན་ས།
སྟོན་པ་གཞན་དོན་བདེ་བར་གཤེགས་ན་ཡང་།།
གདུང་འཚོབ་རྒྱལ་སྲས་གཟི་བྱིན་མཛེས་པ་ལ།།
རང་གཞུང་འཆད་པའི་གོ་བ་ཟབ་པ་ལ།།
བརྒལ་བརྟག་རྩོད་པའི་རིག་ལམ་ཚ་བ་ལ།།
འབེལ་མཆིད་རྩོམ་པའི་སྙན་རོ་ཞིམ་པ་ལ།།
གཞུང་མང་ཐོས་པའི་མཁྱེན་རྒྱ་ཡངས་པ་ལ།།
དོན་གནད་བསམ་པའི་བློ་མིག་རྣོན་པ་ལ།།
མ་བཅོས་སྒོམ་པའི་རང་མདངས་གསལ་བ་ལ།།
མཁས་པའི་ཆོ་ལོ་བཤེས་གཉེན་འདི་ན་མཁས།།
བཙུན་པའི་ངོ་བོ་ཚུལ་སྤྱོད་འདི་ན་བཙུན།།
བཟང་བའི་ཡོན་ཏན་ཕན་བྱེད་འདི་ན་བཟང་།།
བཤམ་སྤྲུལ་བཀོད་པའི་མཆོད་པ་འདི་ན་མཛེས།།
ཞི་བར་གཟིམས་པའི་ཡོངས་འཛིན་དམ་པ་ཡི།།
བྱིན་གྱིས་བརླབས་པའི་གདན་ས་ཁྱེད་ལ་སྨོན།།
ཐུགས་དགོངས་རྫོགས་པའི་མཆོད་སྤྲིན་ངོ་མཚར་ཆེ།།
དབྱིངས་ནས་ལན་གཅིག་གཟིགས་དང་རྗེ་བླ་མ།།
རང་བྱུང་རིག་པའི་བྱིན་ཞིག་ཕོབས་དང་ཀྱེ།།
འགུ་ནེ་བླ་མ་ཀུན་བཟང་རྒྱལ་མཚན་ནས་ཕུལ།