ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཆོས་རིག་ལས་ཁུངས་ནས་ཐུགས་གསོའི་འཕྲིན།

ཡིག་ཨང་། ཆོས་རིག/ སྤྱིར་ ༢༧/༢༠༢༥་་་༢༦/༠༩༨

ཐུགས་གསོའི་འཕྲིན།

༄༅།། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་བཀའ་དྲིན་མཚུངས་མེད་ཞྭ་དཀར་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་བོད་རྒྱལ་ལོ་༢༡༥༢ཤིང་སྦྲུལ་ས་ག་ཟླ་བའི་ཚེས་༡༦དང་། ཕྱི་ལོ་༢༠༢༥ཟླ་༦ཚེས་༡༢ཉིན་གྱི་སྔ་དྲོ་ཆུ་ཚོད་༧།༤༥ཐོག་བལ་ཡུལ་དུ་༧སྐྱབས་རྗེ་གང་ཉིད་ཀྱིས་ཕྱག་བཏབ་པའི་དབེན་གནས་བྱེ་མ་རི་ཁྲོད་དུ་ཐུན་མོང་གདུལ་བྱའི་སྣང་ངོར་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་འགོ་ལས་ཡོངས་ནས་མྱ་ངན་གུས་འདུད་དང་བཅས་བོན་འབངས་ཡོངས་ལ་སྙིང་དབུས་ནས་ཐུགས་གསོ་ཞུ་བ་དང་སྦྲགས།

༧སྐྱབས་རྗེ་དམ་པ་བདེ་བར་གཤེགས་པ་མཆོག་གིས་རྒྱུན་དུ་སྤྲོས་བྲལ་འདོད་ཆུང་ཆོག་ཤེས་དང་། བྱ་བྲལ་ཉམ་ཆུང་གི་ཚུལ་དུ་བཞུགས་ཏེ། གསན་བསམ་སྒོམ་གསུམ་ཡ་མ་བྲལ་བར་མཛད་པའི་མུར། འཆད་ཉན་གྱི་བྱ་བ་ནི་བསྟན་པའི་གསལ་བྱེད་དུ་དགོངས་ནས་དགུང་གྲངས་མཐོན་པོར་ཕེབས་ཀྱང་སྐུ་ངལ་འཛེམས་མེད་ངང་ཉིན་རེ་བཞིན་ཆོས་ཐུན་མ་ཆད་པ་མཛད་པའི་ངོ་མཚར་ཆེ་བའི་མཛད་འཕྲིན་བསྐྱངས་གནང་ཡོད་པ་ལྟར། རྗེས་འཇུག་བོན་འབངས་སྤྱི་དང་འབྲེལ་ཡོད་གདན་ས་ཁག་ནས་༧སྐྱབས་རྗེ་དམ་པ་བདེ་བར་གཤེགས་པ་མཆོག་གིས་བསྟན་འགྲོའི་སླད་དུ་བློས་བཏང་གནང་བའི་མཛད་འཕྲིན་ལ་རྗེས་དྲན་གྱིས་ཁོང་གི་དགོངས་གཞི་འགྲུབ་ཐབས་སུ་འབད་པ་ཆེར་བསྐྱེད་གནང་དགོས་པ་ཤིན་ཏུ་གལ་ཆེ།

མཐའ་དོན་༧སྐྱབས་རྗེ་དམ་པ་ཁོང་སླར་ཡང་བསྟན་འགྲོའི་དོན་དུ་ཕེབས་ཏེ་མཛད་འཕྲིན་སྔར་བཞིན་སྐྱོང་བའི་སྨོན་འདུན་ཤུགས་དྲག་ཞུ།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༨ ཉིན།

(སྤྱིའི་གཟིགས་གྲངས། 76 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཡིག་ཨང་།༢༦…
error: རྩོམ་འདི་བདག་དབང་ཅན་ཡིན།