ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འགྲོ་མགོན་མཆོག་སྤྲུལ་ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེའི་མཛད་རྣམ།

རྩོམ་པ་པོ། ལི་བློ་གསལ།

བླ་མ་ཚུལ་ཁྲིམས་རྣམ་རྒྱལ་།༦

འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་དུ་ཞབས་སོར་འཁོད་སྐབས་སུ།

གདན་ས་ཁྲི་བརྟན་ནོར་རྩེར་སློབ་གཉེར་གནང་བཞིན་པའི་ལི་ཐང་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་ཁྲི་རབས་བརྒྱ་དང་བཅུ་བཞི་པ་༸སྐྱབས་རྗེ་ཤེས་རབ་ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེ་མཆོག་གངས་ལྗོངས་སུ་ཕེབས་ནས་སླར་ཡང་ཞབས་སོར་འཁོད་པ་བཅས་ཀྱི་མཛད་རྣམ་སྐོར།

གངས་ཅན་ཁམས་སྨད་དུ་ཆགས་པའི་ལི་ཐང་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་ནི་བླ་མ་ནམ་མཁའ་ལྷུན་གྲུབ་མཆོག་གིས་ཕྱག་བཏབས་ཤིང་། ད་བར་མཁས་གྲུབ་ས་ཡི་མི་ཐེག་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན་དང་འབྱོན་བཞིན་པ་ནི་བསོད་ནམས་བསགས་པའི་མཆོད་སྡོང་དང་། ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འགྲོ་མགོན་ཁྲི་རབས་བརྒྱ་དང་བཅུ་བཞི་པ ༸སྐྱབས་རྗེ་མཆོག་སྤྲུལ་ཤེས་རབ་ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ས་བྱ་ལོར་སྐུ་འཁྲུངས་ཤིང་། དགུང་ལོ་བཅུ་གསུམ་ཐོག་རབ་བྱུང་གི་སྡོམ་པ་བཞེས་པ་མ་ཟད། རིན་པོ་ཆེ་མཆོག་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་སྐྱེས་ཆེན་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཚུལ་ནི། དབུ་མ་བདེན་གཉིས་ལས། སྐུ་གསུང་ཐུགས་ཀྱི་རྣམ་སྤྲྲུལ་དང་། །གང་ལ་ཅི་འདུལ་དེ་བཞིན་དུ། །མོས་བཞིན་སྡེ་སྡོད་བཤད་སོགས་སྣང་། །ཡིད་བཞིན་ནོར་བུ་ཆུ་ཟླ་བཞིན། །ཞེས་གསུངས་པ་ལྟར་བསྟན་དང་འགྲོ་བའི་དོན་དུ་སངས་རྒྱས་དང་སེམས་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པས་བདག་ལྟ་བུར་ཚུལ་བཞིན་སྨྲ་བའི་རྔོ་མི་ཐོགས་ཀྱང་། བླ་མ་ཚུལ་ཁྲིམས་རྣམ་རྒྱལ་།༨རིས་མེད་ཀྱི་མཁས་གྲུབ་དུ་མས་ངོས་འཛིན་གནང་ཕྱོགས་སྐོར་ལ། ཁོད་སྤུངས་སུ་ལའི་མཆོག་སྤྲུལ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་། གཏེར་སྟོན་མཁའ་འགྲོ་མཁའ་སྤྱོད་དབང་མོ་རིན་པོ་ཆེ། ཤར་རྫའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ། བྱ་བྲལ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ། རྩ་བའི་བླ་མ་ཁྱུང་པོ་བདུད་འདུལ་དང་བླ་མ་ཨ་གཡུང་། ལི་ཐང་དགེ་ལྡན་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་ཟུར་བཞག་པ་རིན་པོ་ཆེ་མཆོག་དང་། རྙིང་མའི་རྫ་སྟོད་གྲུབ་ཆེན་སོགས་རིས་མེད་སྐྱེས་ཆེན་དུ་མའི་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་འགྲོ་མགོན་གྱི་སྤྲུལ་སྐུ་སྐལ་བཟང་བསྟན་རྒྱལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་དགུང་གྲངས་བཅུ་བདུན་གྱི་ཐོག་འགྲོ་མགོན་དགོན་པའི་ཡུལ་དགོན་ལྷན་འཛོམས་ཀྱིས་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་བསྟན་བདག་དུ་གསེར་ཁྲིར་མངལ་གསོལ་ཏེ་ཁྲི་རབས་བརྒྱ་དང་བཅུ་བཞི་པའི་ཐུགས་འགན་གཙང་མ་བཞེས་དང་བཞེས་མུས་མཆིས། གཞན་ཡང་གདན་ས་ཤར་རྫའི་མཁན་རིན་པོ་ཆེ་རིན་འཛིན་དབང་རྒྱལ་མཆོག་དང་། འགྲོ་མགོན་དགོན་པའི་ཡུལ་དགོན་གཉིས་ཀྱིས་རེ་སྐུལ་ལྟར། ༸སྨྲ་བའི་དབང་པོ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་དགོངས་པ་ཆེར་བསྐྱེད་ཀྱི་བཀའ་སློབ་གནང་བ་བཞིན། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་འགྲོ་མགོན་དགོན་པའི་དབུ་བླ་རུ་ཁྲི་བཞེངས་གནང་། ཁྱད་པར་དུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་གསང་གསུམ་བསྟན་པའི་མངའ་བདག་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཀུན་གྱི་ཐུ་བོ། སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་ཞབས་རྡུལ་སྤྱི་བོར་བླངས་ཤིང་དབང་ལུང་མན་ངག་བུམ་པ་གང་བྱོའི་ཚུལ་དུ་མནོས་ཏེ། སྦྱངས་སྟོབས་བློ་གྲོས་ཀྱི་ཉི་མ་ཞྭ་དཀར་བསྟན་པའི་མཁའ་དབྱིངས་སུ་རབ་བརྗིད་ཐུགས་རྗེའི་འོད་སྣང་རིས་མེད་དུ་སྐལ་བཟང་པད་མའི་ཚལ་ཆེན་དུ་ངོམས་མེད་ཕེབས་ཏེ་བསླབ་པ་མཐར་སོན་གྱི་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་སྙན་པད་དཀར་ཀྱི་འདབ་མ་བཞད་པ་ལ་ཉེར་བར་ཕྱོགས་པ་ནི་ང་ཚོ་ལ་མཚོན་ན་སྐལ་བཟང་གི་དགའ་སྟོན་ཞིག་དང་། སྐུ་ཉིད་ལ་མཚོན་ན་བསྟན་པའི་སྙིང་པོ་མདོ་སྔགས་རྫོགས་གསུམ་ལ་ཤེས་རབ་གསུམ་གྱིས་དག་ཐེར་མཛད་པའི་ཚུལ་ལས་མ་འདས། ལྷག་པར་དུ་མཁས་པའི་ཡོན་ཏན་ནི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་སྐབས་སྦྱངས་འབྲས་རྩེ་ཕུད་སོན་པའི་སློབ་མའི་གཟེངས་རྟགས་ཅེས ༧ སྐྱབས་རྗེ་སྨྲ་བའི་དབང་པོས་ལེགས་གསོལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ། སློབ་མ་ཡོངས་ཀྱི་ཤེས་ཡོན་མཐོར་རུ་གཏོང་རྒྱུའི་སེམས་ཤུགས་སྤར་ཏེ་མིག་དཔེ་བཟང་པོ་ཞིག་ཏུ་བཞག་ཡོད། བཙུན་པའི་ཡོན་ཏན་ནི་སྡོམ་གསུམ་གྱི་ཉེས་ལྟུང་ཕྲ་མོ་ཙམ་ལའང་ཉམས་པ་མེད་པའི་ཚུལ་ཁྲིམས་ལ་གནས་པས་བཙུན་པའི་མཆོག་ཏུ་གྱུར་པ་དང། བཟང་པོའི་ཡོན་ཏན་ནི་གདུལ་བྱ་རྣམས་ལ་སྨིན་གྲོལ་གྱི་རྒྱུན་སྤེལ་བས་བསྟན་པ་འཕེལ་ཞིང་ཡུན་རིང་དུ་གནས་པའི་བཙས་སུ་གྱུར་པ་སོགས་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་བརྒྱན་པའི་བསྟན་འགྲོའི་སྤྱི་དཔལ་དུ་བཞུགས་པ་ཡིན་ནོ།། ལི་ཐང་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་ཡུལ་དགོན་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྐུ་ཉིད་འཁྲུངས་ཡུལ་ལ་ཕེབས་ནས་མཛད་འཕྲིན་རྣམས་བདེ་བླག་ངང་གྲུབ་སྟེ་སླར་སྤྱི་ལོ་༢༠༡༦ ལོ་ཟླ ༡༢ པའི་ཚེས ༡༠ ལ།  སྐུ་འཁོར་བཅས་གངས་ལྗོངས་ནས་མཁའ་ལམ་བརྒྱུད་སྟེ་བལ་ཡུལ་གནམ་ཐང་དུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་ཤེས་རབ་མཆོག་རྒྱལ་དང་ཚུལ་ཁྲིམས་དཔལ་ལྡན་སོགས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཏེ་གྲྭ་ས་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོ་བདེ་བ་འཁོད། དེ་ནས་ཚེས་༡༡ ཉིན ༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་སོགས་ཀྱི་གསེར་ཞལ་མཇལ་ཏེ་བཀའ་མོལ་རིམ་པར་མཛད། དེ་ནས་སྔར་རྒྱུན་བཞིན་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་མུ་མཐུད་དུ་སློབ་གཉེར་གནང་བཞིན་ཡོད་པ་དེ་ནི་དགའ་འོས་པའི་གནས་ཚུལ་ཞིག་རེད། མདོར་ན་སྐུ་ཉིད་ནི་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་ཡུལ་དགོན་གཉིས་ཀྱི་ཚེ་འདི་དང་ཕྱི་མ་གཉིས་ཀྱི་ལམ་སྟོན་གྱི་སྒྲོན་མེ་རྐང་གཅིག་ཡིན། མཆོག་ཉིད་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་གཤིས་སུ་གྲུབ་ཅིང་མཛད་འཕྲིན་དབྱར་ཀྱི་ལང་ཚོ་མུ་མེད་ནས་མུ་མེད་དུ་རྒྱས་པའི་སྨོན་འདུན་དང་བཅས། ལི་བློ་གསལ་ནས་༢༠༡༦/༡༢/༡༠/ཉིན་བྲིས་སོ། །

འ་ཞའི་གདུང་རབས་ལས་གྲོལ་བའི།། འགྲོ་མགོན་བསྟན་པ་ཡི་ཀ་ཆེན།།

ཡོངས་འཛིན་སྨྲ་དབང་གི་ཐུགས་སྲས།། ཚུལ༵་ཁྲིམ༵ས་རྣམ༵་རྒྱལ༵་དེ་མཁྱེན་ནོ།།

ཁྱུང་ཆེན་གཤོག་རྩལ་ལས་གྲུབ་པའི།། སྲིད་པའི་ཐང་དཀར་གྱི་རྒོད་པོ།།

སྤྲིན་དཀར་བང་རིམ་གྱི་རྩེ་ནས།། གངས་དཀར་འདབ་རོལ་དུ་བབས་སོང་།།

སྲིད་པའི་གངས་རྒན་ལས་ཆད་པའི།། སྲབ་མེད་སྡེར་ཆགས་ཀྱི་རྒྱལ་པོས།།

མ་བོས་སྐལ་བཟང་གི་སློབ་ཚོགས།། ཁྱེད་མདུན་འཚང་ག་དེ་ཤིག་ཤིག །

ཤ་ཁྲག་རུས་རྐང་དེ་གཅིག་པའི།། མ་གྲོས་གཅིག་མཐུན་གྱི་འདུས་ཚོགས།།

དད་འདུན་སེམས་ཁང་ནས་བཞུར་ཏེ།། མིག་ཟུང་ཆར་རྒྱུན་གྱིས་བརླན་སོང་།།

རེ་སྒུག་སྙིང་དབུས་སུ་ཉར་བའི།། བཟོད་མེད་ཆར་སྤྲིན་ཀུན་དེངས་ཏེ།།

བདེ་སྐྱིད་གསེར་ཞུན་གྱི་ཉི་མ།། དོག་མེད་མཁའ་མཐར་རུ་ཁྱབ་སོང་།།

༼   སྐལ་བཟང་གི་ལྷན་འཛོམས ༽ ཅེས་པ་འདི་འགྲོ་མགོན་དགོན་པའི་ཡུལ་དགོན་གཉིས་ནས་རིན་པོ་ཆེ་མཆོག་སྤོས་དར་རོལ་མོ་སོགས་ཀྱིས་ཕེབས་བསུ་ལེགས་པར་ཞུས་ཏེ་འགྲོ་དགོན་དགོན་པའི་གཙུག་ལག་ཁང་དུ་ཞབས་སོར་འཁོད་པ་དང་བརྟན་གཡོ་སྣོད་བཅུད་ཀྱི་བཀོད་པ་ཚང་བའི་མཎྜལ་དང་མཇལ་དར་ཕུལ་བའི་བཀྲ་ཤིས་ཀྱི་ཉིན་མོ་ལ་ལི་འགྲོ་མགོན་བློ་གསལ་གྱིས་རྟེན་འབྲེལ་གྱི་ཚུལ་དུ་ཕུལ།

(སྤྱིའི་གཟིགས་གྲངས། 70 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བཤད་སྒྲུབ་…
error: རྩོམ་འདི་བདག་དབང་ཅན་ཡིན།