ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་དུ་སྟོན་པའི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཞུས་པ། 

 དེ་རིང་སྟེ་འབྱུང་ལྡན་༣༠༡བོད་མེ་རྟ་ལོའི་དཔྱིད་ར་རྒྱལ་ཟླའི་ཚེས་༡༥བདག་ཅག་གི་༸སྟོན་པ་རྫོགས་པའི་སངས་རྒྱས་རྣམ་འདྲེན་བརྒྱད་པ་༧རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་འཛམ་བུ་གླིང་དུ་སྐུ་མཆོག་མཚན་དཔེ་མངོན་པར་བཞད་ནས་མི་ལོ་ཆིག་ཁྲི་བརྒྱད་སྟོང་བརྒྱ་མེད་བཞི་བཅུ་ཞེ་གསུམ་༡༨༠༤༣འཁོར་བའི་དུས་ཁྱད་པར་ཅན་ཉིད་སྲུང་བརྩི་ཞུས། 

དེ་ཡང་སྔར་རྒྱུན་བཞིན་ཕྱི་ལོ་༢༠༢༦ལོའི་ཟླ་བ་༡པོའི་ཚེས་༣༡་དང་ཧོར་ཟླ་༡༢པའི་ཚེས་༡༤ཉིན་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གཞུང་བསྲངས་ཤིང་། བོད་ཚེས་༡༥ཉིན་ཞོགས་པར་གསོ་སྦྱོང་དང་། སྔ་དྲོའི་ཕྱག་ཚོད་༩པའི་ཐོག་དགེ་འདུན་རྣམ་པ་སེར་ཕྲེང་ཕེབས་ཏེ་འཆད་རར་མཆོད་རྔ་བརྡུང་། དེ་ནས་དུས་ཁྱད་པར་ཅན་སྟོན་པའི་འཁྲུངས་མཆོད་ཆེན་མོ་དང་སྟབས་བསྟུན་སྔ་དྲོ་ཕྱག་ཚོད་བཅུ་པའི་ཐོག་འདི་ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྒྲུབ་གྲྭའི་ཁོང་ནས་སྒྲུབ་གྲྭ་བ་རྣམ་པ་ལྔ་ལ་སྒྲུབ་ཐོན་གྱི་ཕྱག་འཁྱེར་བསྩལ་གནང་མཛད། དེ་ཡང་རྒྱལ་རི་དྲང་སྲོང་ཤེས་རབ་ཡེ་ཤེས་རྒྱལ་མཚན་དང་། སྐྱ་ཚང་དྲང་སྲོང་སྐལ་བཟང་ཉི་མ་རྒྱལ་མཚན། རྒྱབ་མ་དྲང་སྲོང་བསྟན་འཛིན་དཔལ་བཟང་། ཤེལ་ཞིག་དྲང་སྲོང་ལུང་རྟོགས་དཔལ་ལྡན།  མཆོད་ལྡན་ཚང་དྲང་སྲོང་གཡུང་དྲུང་ཚེ་རིང་དཔལ་ལྡན་བཅས་རྣམ་པ་ལྔ་དགོན་འདིར་དང་པོ་མཚན་ཉིད་པའི་སྒྲིག་ཁོངས་སུ་ཞུགས་ཏེ་དཔེ་ཁྲིད་ཡོངས་སུ་རྫོགས་རྗེས་སླར་སྒྲུབ་གྲྭར་ཞུགས་ནས་མི་ལོ་ཧྲིལ་པོ་གསུམ་གྱི་རིང་རྫོགས་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་དང་ཐུན་བཞིའི་ཉམས་ལེན། དེ་བཞིན་སྔོན་འགྲོ་བསག་སྦྱོང་དང་། དངོས་གཞི་རྩ་རླུང་དང་མུན་མཚམས་སོགས་ཡོངས་སུ་མཐར་ཕྱིན་པར་བྱས་ན་ལོ་འདིར་དངོས་སུ་སྒྲུབ་གྲྭའི་དུས་ཀྱི་བཅད་མཚམས་ཟིན་པ་ཡིན། ད་ལན་དུས་ཁྱད་པར་ཅན་འདི་དང་འབྲེལ་ཁོང་རྣམ་པ་ལ་དངོས་སུ་སྒྲུབ་ཐོན་གྱི་ཕྱག་འཁྱེར་བསྩལ་གནང་གི་སྒྲུབ་ཐོན་རྟེན་འབྲེལ་གྱི་མཛད་སྒོ་དེ་ལེགས་པར་འཚོགས་གནང་སྟེ་སྐབས་དེར་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྒྲུབ་ཐོན་གྱི་མཛད་སྒོ་དང་འབྲེལ་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད། 

ཕྱི་དྲོ་འདུས་མང་ནས་ཨ་སྙན་རྫོགས་གསུམ་གྱེར་ཞིང་དགོང་མོ་ཕྱག་ཚོད་ ༧ ཐོག་བླ་མ་མཆོད་པ་དང་འབྲེལ་གཤེན་རབ་མཆོད་རྔ་བརྡུངས་གྲུབ་རྗེས་མར་མེ་མཆོད་འབུལ་སོགས་གནང་སྟེ་དེ་ལྟར་སྟོན་པའི་འཁྲུངས་མཆོད་དེ་ཉིད་ཡོངས་སུ་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༢ པའི་ཚེས་ ༡ ཉིན།

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 189 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།