ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཚན་ལྡན་བླ་མའི་མཆོད་ཐབས་ནོར་བུའི་ཕྲེང་བ།

མཚན་ལྡན་བླ་མའི་མཆོད་ཐབས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།

༄༅། །ཨེ་མ་ཧོ།  རྣམ་དག་འགྱུར་མེད་སྤྲུལ་པའི་ཞིང་ཁམས་སུ།  དུས་གསུམ་སངས་རྒྱས་ངོ་བོ་བླ་མ་རྗེ།  འགྲོ་དྲུག་འཁོར་བའི་ཆུ་ལས་བསྒྲལ་བའི་ཕྱིར།  བླ་མེད་ཕོ་བྲང་གཞལ་ཡས་གནས་གསུམ་དུ།  སྐྱོན་བྲལ་པདྨ་གསལ་འཚེར་ཉི་ཟླའི་གདན།  གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ།  ཨ་ཨཱོྃ་ཧཱུཾ།  ཅི་པར་རཏྣ་ཐ་ཚན་ར་ཡོ་ཛ།  ཨེ་མ་ཧོ།  རྒྱལ་བ་ཀུན་འདུས་དཔོན་གསས་བླ་མ་ལ།  སྒྲུབ་གཤེན་གཙོར་བྱས་མཁའ་མཉམ་སེམས་ཅན་གྱིས།  ལུས་ཕྱག་ཡན་ལག་ལྔ་ལྡན་ཕྱག་འཚལ་ལོ།  ངག་ཕྱག་སྤྲོ་དགའི་དབྱངས་ཀྱིས་ཕྱག་འཚལ་ལོ།  ཡིད་ཕྱག་རྩེ་གཅིག་མོས་འདུན་ཕྱག་འཚལ་ལོ།  སྒོ་གསུམ་ལས་ངན་སྡིག་སྒྲིབ་བྱང་གྱུར་ཅིག  ཨ་ཨཱོྃ་ཧཱུཾ།  ཅི་པར་རཏྣ་རྐོ་ཕུང་ཨག་ཤོ་ཁྲི་རྩེ་གུ་དུན་ཧྲུན།  ཨེ་མ་ཧོ།  ཡུལ་མཆོག་གཙོ་བོ་བླ་མའི་སྤྱན་སྔ་རུ།  བདག་ནི་ཐོག་མར་འཁྲུལ་ནས་ད་ལྟའི་བར།  སྡིག་བཅུ་ལ་སོགས་མི་དགེ་གྱུར་ཚད་བཤགས།  སྡོམ་གསུམ་འགལ་སྲིད་ཁས་བླངས་ཉམས་པ་བཤགས།  སེམས་ཉིད་མ་རྟོགས་གཟུ་ལུམ་གྱུར་ཚད་བཤགས།  བྱང་དག་ཚངས་པའི་མཆོག་གི་དངོས་གྲུབ་སྩོལ།  ཨ་ཨཱོྃ་ཧཱུཾ།  ཅི་པར་རཏྣ་རྐོ་ཕུང་ཨག་ཤོ་ཁྲི་རྩེ་ཨུ་དུག་ཀྴ་ཡ་ནི་སྭཧཱ།  ཨེ་མ་ཧོ།  མཚན་ལྡན་བླ་མ་མཉམ་མེད་ཆེན་པོ་ལ།  བླ་མེད་མཆོད་པ་ཕྱི་ནང་གསང་གསུམ་འབུལ།  ཕྱི་རུ་སྣོད་བཅུད་མཆོད་ཡོན་ཇི་སྙེད་པ།  ཇི་སྙེད་རང་གི་ལུས་སྲོག་རྒྱན་ལ་སོགས།  དེ་ཡང་ཆགས་མེད་བློ་ཡིས་ལིངས་ཀྱིས་འབུལ།  ནང་དུ་རང་གི་འབྱུང་དུག་ཕུང་པོ་ལ།  རྟོག་ཚོགས་གཟུང་འཛིན་འཁྲུལ་པ་ཅི་ཤར་ཡང༌།  དེ་ཡང་རང་གྲོལ་ཀློང་དུ་ཁྲོལ་གྱིས་འབུལ།  སྐྱེ་མེད་སྙིང་པོ་སེམས་ཀྱི་རང་མདངས་ལ།  འགག་མེད་སྐུ་དང་ཡེ་ཤེས་ཅི་ཤར་ཡང༌།  དེ་ཡང་ཁྱབ་བདལ་ཀློང་དུ་ཕྱམ་གྱིས་འབུལ།  ཨ་ཨཱོྃ་ཧཱུཾ།  ཅི་པར་རཏྣ་ཟུར་ནམ་དེ་ཤོ་ཧ་ར་ཐིམ་ཐིམ་ཡེ་སྭཧཱ།  ཨེ་མ་ཧོ།  མཐའ་བྲལ་འགྱུར་མེད་སེམས་ཀྱི་རྐོང་བུ་རུ།  སྤྲོས་བྲལ་རང་གྲོལ་ཆེན་པོའི་སྡོང་བུ་བཙུགས།  ཁྱབ་བདལ་བདེ་ཆེན་གཉུག་མའི་སྒྲོན་མེ་བལྟམས།  མཚན་ལྡན་སྤྱན་ལ་ལྟ་བའི་ཞུགས་མར་འབུལ།  གཡོ་མེད་རང་གསལ་ཆེན་པོའི་སྤོས་ཕོར་དུ།  འཛིན་མེད་རང་མདངས་འོད་གསལ་སྤོས་དཀར་བླུགས།  སོ་མ་རང་ལུགས་རྒྱུན་གྱི་དུད་པ་འཐུལ།  འགྲོ་མགོན་ཤངས་ལ་བསྒོམ་པའི་སྤོས་མཆོད་འབུལ།  མ་བཅོས་རང་གསལ་ལྷུག་པའི་ཏིང་ཕོར་དུ།  མ་འགགས་རོལ་པ་རང་ཤར་ཡོན་ཆབ་བླུགས།  སྣ་ཚོགས་རྒྱན་ཤར་ཆགས་མེད་རྩི་སྨན་བཏབ།  དྲིན་ཅན་སྐུ་ལ་སྤྱོད་པའི་ཡོན་ཆབ་འབུལ།  རྣམ་དག་ཡེ་བསྲུང་ཆེན་པོའི་ལྷུང་བཟེད་དུ།  དྲི་བྲལ་རང་སེམས་གཙང་མའི་ལྷ་སངས་བཙུགས།  བསྲུང་མཚམས་ཕྱོགས་རིས་བྲལ་བའི་རྩི་བཅུད་བསྐུས།  དྲིན་ཅན་མགུལ་ལ་དམ་ཚིག་ཞལ་ཟས་འབུལ།  ཡེ་ནས་རང་སེམས་སངས་རྒྱས་དུང་ཕོར་དུ།  ཉམས་རྟོགས་མངོན་གྱུར་ཨུཏྤལ་མེ་ཏོག་བླུགས།  ལྷུན་གྲུབ་གཞན་ཕན་ལེགས་པའི་འོད་ཟེར་འཕྲོ།  དྲིན་ཅན་ཐུགས་ལ་ཕྲིན་ལས་མེ་ཏོག་འབུལ།  ཨ་ཨཱོྃ་ཧཱུཾ།  ནེ་ཏིང་ཤིམ་ཕོད་དང་ར་བོང་ངེ་ནེ་ར་ཟུར་ནམ་དེ་ཤོ་ཐིམ་ཐིམ་ཡེ་སྭཱཧཱ།  ཨེ་མ་ཧོ།  སྤྱི་གཙུག་འགྱུར་མེད་བདེ་བའི་ཕོ་བྲང་དུ།  ཀུན་སྙོམས་མཐའ་བྲལ་ཀུན་བཟང་ངང་ལ་བཞུགས།  བླ་མ་བོན་གྱི་སྐུ་ལ་གསོལ་བ་འདེབས།  འགྲོ་དྲུག་ཐུགས་རྗེས་ཟུངས་ལ་བདག་རྒྱུད་ཁྲོལ།  མགྲིན་པ་འོག་མིན་དབྱིངས་ཀྱི་ཕོ་བྲང་ན།  ཞི་ཁྲོའི་སྐུ་ལ་མཚན་དང་དཔེ་བྱད་ལྡན།  བླ་མ་རྫོགས་པའི་སྐུ་ལ་གསོལ་བ་འདེབས།  འགྲོ་དྲུག་ཐུགས་རྗེས་ཟུངས་ལ་བདག་རྒྱུད་ཁྲོལ།  ཐུགས་ཀ་འགྲོ་འདུལ་སྤྲུལ་པའི་ཞིང་ཁམས་སུ།  གང་མོས་སྐུར་སྟོན་སྣ་ཚོགས་ཕྲིན་ལས་མཁན།  བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས།  འགྲོ་དྲུག་ཐུགས་རྗེས་ཟུངས་ལ་བདག་རྒྱུད་ཁྲོལ།  དལ་འབྱོར་སྐུ་ལ་རྒྱལ་བ་མ་ལུས་འདུས།  ཚངས་པའི་གསུང་གིས་བཀའ་རྒྱུད་མཐའ་དག་སྟོན།  སྤྲོས་བྲལ་ཐུགས་ལ་མཁྱེན་པའི་ཡེ་ཤེས་རྒྱས།  ལེགས་འབྱུང་ཡོན་ཏན་འགྲོ་ལ་བུ་བཞིན་སྐྱབས།  རྩོལ་མེད་ཕྲིན་ལས་ནམ་མཁའི་མཐའ་དང་བྲལ།  བླ་མ་འགྲན་ཟླ་བྲལ་ལ་གསོལ་བ་འདེབས།  འགྲོ་དྲུག་ཐུགས་རྗེས་ཟུངས་ལ་བདག་རྒྱུད་ཁྲོལ།  མཉམ་མེད་སྐུ་གསུམ་རྫོགས་ལ་གསོལ་བ་འདེབས།  འགྲོ་དྲུག་ཐུགས་རྗེས་ཟུངས་ལ་བདག་རྒྱུད་ཁྲོལ།  སྨྲ་བའི་འཛམ་གླིང་རྒྱན་ལ་གསོལ་བ་འདེབས།  འགྲོ་དྲུག་ཐུགས་རྗེས་ཟུངས་ལ་བདག་རྒྱུད་ཁྲོལ།  མཚུངས་མེད་ཨུ་དུམ་འབར་ལ་གསོལ་བ་འདེབས།  འགྲོ་དྲུག་ཐུགས་རྗེས་ཟུངས་ལ་བདག་རྒྱུད་ཁྲོལ།  སྐྱེ་མེད་དོན་དམ་རྟོགས་ལ་གསོལ་བ་འདེབས།  འགྲོ་དྲུག་ཐུགས་རྗེས་ཟུངས་ལ་བདག་རྒྱུད་ཁྲོལ།  སྒྲིབ་མེད་མཁྱེན་གཉིས་ལྡན་ལ་གསོལ་བ་འདེབས།  འགྲོ་དྲུག་ཐུགས་རྗེས་ཟུངས་ལ་བདག་རྒྱུད་ཁྲོལ།  བླ་མ་ཁྱོད་ནི་འཁོར་འདས་རང་དབང་བསྒྱུར།  བདག་སོགས་རྗེས་འབྲངས་གསོལ་འདེབས་བུ་རྣམས་ལ།  ནམ་མཁའི་མཐའ་དང་བྲལ་བའི་འགྲོ་དོན་སྩོལ།  མཐོང་ཐོས་དྲན་རིག་གྲོལ་བའི་བྱིན་རླབས་སྩོལ།  རྒྱུ་དྲུག་དོང་ནས་སྤྲུགས་པའི་ཐུགས་རྗེ་སྩོལ།  འབྲལ་མེད་རྒྱུན་དུ་འགྲོགས་པའི་སྨོན་ལམ་སྩོལ།  མཉམ་མེད་ཐུགས་རྗེས་རྒྱུན་དུ་བཟུང་དུ་གསོལ།  འདི་སོགས་དུས་གསུམ་དགེ་བ་ཅི་བགྱིས་པ།  དེ་སྙེད་འགྲོ་ཀུན་རྣམ་མཁྱེན་འཐོབ་ཕྱིར་བསྔོ།  ཇི་སྲིད་རྫོགས་པའི་སངས་རྒྱས་མ་ཐོབ་པར།  དེ་སྲིད་གནས་ངན་ལུས་སྤང་དལ་འབྱོར་འཐོབ།  བསླབ་གསུམ་རྒྱུད་ཁྲོལ་ས་ལམ་དུས་གཅིག་བསྒྲོད།  རྫོགས་སངས་རྒྱས་ནས་མཁའ་མཉམ་དོན་བྱེད་ཤོག  །

ཅེས་པ་གཡས་རུའི་དཀའ་ཐུབ་འདུལ་བ་རྒྱལ་མཚན་གྱིས་མཚན་ལྡན་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་སྐུ་གདུང་མདུན་དུ་མོས་གུས་གདུང་བ་ཆེན་པོས་ཐོལ་ཤར་དུ་ཕུལ་བ་དགེའོ།། 

(སྤྱིའི་གཟིགས་གྲངས། 247 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །རྒྱལ་…
error: རྩོམ་འདི་བདག་དབང་ཅན་ཡིན།