ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེར་སྟོན་པའི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཞུས་པ།

བོད་ས་ཕག་ལོའི་བོད་ཚེས་བཅུ་གསུམ་ཉིན་མཆོད་བཟོ་བྱས་ཤིང་། ཚེས་བཅུ་བཞི་ཉིན་མོར་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྒྲུབ་གྲྭའི་མཁན་རིན་པོ་ཆེ་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན། བཤད་གྲྭའི་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། བཤད་གྲྭའི་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་རྣམས་པ་དབུ་བཞུགས་ཐོག་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་གཞུང་བསྲང་བ་དང་། ཚེས་བཅོ་ལྔ་ཉིན་ཞོགས་པ་སྔ་མོ་གསོ་སྦྱོང་འཚོགས་གནང་། དགེ་བཤེས་དང་བསླབ་པ་རྒན་གྲས་རྣམ་པས་སྒྲུབ་ཁང་ནང་དུ་བོན་སྐྱོང་སྲུང་མའི་ཚོགས་འཁོར་གསུངས།

གྲྭ་ཚང་ནས་ཀློང་རྒྱས་སྟོང་མཚན་ལྷོ་ཤར་ནས་འོག་ཕྱོགས་ཡན་དང་། ཆུ་གཏོར་བཅས་གསུངས་མཚམས་ཞོགས་འཚོགས་གྲོལ་རྗེས་འདི་ལོའི་བཀའ་རམས་པ་རྣམས་ནས་རིག་གནས་ཀྱི་སྒྲ་འཁོར་རྣམས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་སྤྱན་འབུལ་ཞུས་ཤིང་རིན་པོ་ཆེ་མཆོག་ནས་ཞིབ་གཟིགས་མཛད་དེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་གནས་བསྩལ། སྔ་དྲོའི་ཕྱག་ཚོད་བཅུ་ཐོག་སེར་ཕྲེང་བསྒྲིགས་ཏེ་བླ་གྲྭ་ལྷན་རྒྱས་གླིང་སྐོར་ལ་ཕེབས། ཉིན་གུང་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་ནས་སྟོན་པའི་འཁྲུངས་མཆོད་ལ་ཕེབས་པའི་སྐྱ་སེར་མི་མང་ཡོངས་རྫོགས་པ་ཞལ་ལག་རྒྱས་འབུལ་ཞུས། ཕྱག་ཚོད་གཉིས་པའི་ཐོག་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་མི་མང་རྣམས་ལ་དགེ་སྡིག་སྤང་བླང་གི་གསུང་ཁྲིད་བཀའ་དྲིན་བསྐྱངས།

དགོང་མོ་གཤེན་རབ་མཆོད་རྔ་བརྡུངས་རྗེས་སུ་སྣང་གསལ་འོད་མཆོད་སྤར་བ་བཅས་སྐྱ་སེར་མི་མང་ཡོངས་ཀྱིས་རང་ནུས་གང་ཡོད་ཀྱི་སྒོ་ནས་ཕྱག་སྐོར་མཆོད་འབུལ་དང་གསོལ་འདེབས་སྨོན་ལམ་གང་ཟབ་གནང་ནས་འཁྲུངས་མཆོད་བསུས་ཤིང་དགེ་སྒྲུབ་སྡིག་སྤང་གི་བྱ་བར་བརྩོན་པ་བཅས་ཀྱི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས། ༢༠༡༩ ཟླ་བ་ ༠༡ ཚེས་ ༢༡ ཉིན་སྤེལ།། །།

དུས་མཚུངས་ཧྥ་རན་སི་གཤེན་བསྟན་དར་རྒྱས་གླིང་ནས་ཀྱང་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་གཙོས་དགེ་སློབ་ཐུན་མོང་ནས་རྒྱལ་ཟླ་བའི་བོད་ཚེས་ ༡༤ ལ་མཆོད་འབུལ་སྟ་གོན་གྱི་གྲ་སྒྲིག་ཞུས་པ་དང་ ༡༥ ལ་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གཞུང་བསྲངས་ནས་སྟོན་པའི་འཁྲུངས་མཆོད་དུས་ཆེན་སྔར་རྒྱུན་བཞིན་སྲུང་བརྩི་ཞུས། 

གཙོ་སྒྲུབ་པ། ཏི་སེའི་བུ།

པར་པ། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,751 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།